69487

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཛི་སྒར་མཁན་ཆེན་དོན་བརྒྱུད་ཉི་མ་ (1)
Part of speech མིང་ཚིག
Definition འཛི་སྒར་མཁན་ཆེན་འཇམ་དཔལ་དོན་བརྒྱུད་ཉི་མ་མཆོག་ནི། ཁམས་ལྷ་ཐོག་ཀེ་རེ་གོང་པའི་འབྲོག་སྡེར། ཡབ་ཉ་ཤུལ་ཚང་ཚེ་རིང་བཀྲ་ཤིས་དང༌། ཡུམ་རུས་ལེགས་ཚང་ཨ་ཆོས་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་པའི་ཤིང་བྱི་ ༡༩༢༤ ལོར་འཁྲུངས། སྐུ་དུས་འཛི་སྒར་སྒྲུབ་དཔོན་བླ་མ་དཔག་བསམ་རྒྱ་མཚོས་རྗེས་སུ་བཟུང་སྟེ། མཚན་དགེ་ལེགས་རྒྱ་མཚོར་གསོལ། ཡི་གེའི་ཕྱི་མོ་སློབ་པ་ནས་བརྩམས་ཐུགས་བརྩེ་ཆེན་པོས་བསྐྱངས། འཛི་སྒར་དགོན་དུ་ཚོགས་སྒྲིགས་སུ་ཞུགས། འདོན་ཆོག་ཆོས་སྤྱོད་བློ་འཛིན་དང་། རིམ་གྱིས་དྲུང་རམ་རྒྱལ་སྤྲུལ་རིན་པོ་ཆེའི་མདུན་ནས། བསྙེན་པར་རྫོགས། མཚན་བློ་བཟང་བསམ་གཏན་མཆོག་གྲུབ་བཏགས། ཉི་ཤུ་ལ་དཔག་བསམ་རྒྱ་མཚོའི་མདུན་ནས་གདམས་ངག་རྣམས་བུམ་པ་གང་བྱོར་བསྩལ། རྫོང་རྒྱལ་ཆོས་དཔལ་གྱི་མདུན་ནས་འཁྲུལ་འཁོར་དང་། དེར་ལོ་མང་རིང་སྐུ་མཚམས་དམ་པོར་བཞུགས། བཤད་གྲྭ་གསར་དུ་ཚུགས་སྐབས། བཤད་གྲྭར་ཞུགས་ནས། ཟུར་མང་མཁན་པོ་ཚོགས་གཉིས། མཁན་པོ་མཆོག་གསལ། བོད་སྤྲུལ། གསེར་ལྗོངས་མཁན་པོ་དྲི་མེད་སོགས་ཀྱི་མདུན་ནས་ལོ་མང་མདོ་སྔགས་རིག་གནས་དང་བཅས་པ་གསན། བྱང་རྫ་སྟོད་ལྕང་མ་རི་ཁྲོད་དུ་བཤེས་གཉེན་བ་ཐར་ཐུབ་དགའ་དང༌། སླར་འཛི་སྒར་དུ་ཕེབས། མཁན་པོའི་མཚན་གནས་བཞེས། སོ་དྲུག་པ་ས་ཕག་ལོར་རྒྱ་བོད་དུས་ཟིང་སྐབས། གང་སར་བྲོས་བྱོལ་དུ་ཕེབས། ལོ་མང་རིང་འོ་བརྒྱལ་བཟོད་པར་དཀའ་བ་དུ་མ་མྱངས་པའི་མཐར། ཉེས་མེད་ལོ་ཉི་ཤུ་ཙམ་ཆབ་མདོའི་བཙོན་ཁང་དང་སྤོ་བོའི་བཙོན་ཁང་དུ་བཞུགས་དགོས་བྱུང༌། ང་དྲུག་པ་ས་ལུག་ ༡༩༧༩ ལོར་བཙོན་ནས་གློད་བཀྲོལ་ཐོབ་མ་ཐག་དགོན་པའི་ནང་དུ་བཞུགས་ཏེ། ཉམས་ཉེས་གྱུར་པའི་གསུང་རབ་ལྷག་མ་རྣམས་མ་དཔེ་བསྡུ་རུབ་གང་ཐུབ་ཀྱིས་ཤིང་སྤར་གྱི་སྤར་ཁང་བཟང་པོ་ཞིག་གྲུབ། རེ་ལྔ་པ་ས་འབྲུག་ ༡༩༨༨ ལོར་བཤད་གྲྭའི་ཚོགས་ཁང་ཉམས་གསོ་གྲུབ་འཕྲལ་ནས་བཟུང་། མཁན་ཁྲིར་ལོ་བཅུ་གསུམ་བཞུགས་པའི་རིང༌། ཞལ་སློབ་མང་དུ་བྱུང་། འབྲུག་པའི་བཤད་སྒྲུབ་ཀྱི་བསྟན་པར་ཕྱག་རྗེས་བླ་མེད་བཞག་གནང་བའི་མཐར། དགུང་ལོ་གྱ་ལྔ་ས་བྱི་ ༢༠༠༩ ལོའི་བོད་ཟླ་བཅུ་གཉིས་པའི་ཉེར་ལྔ་ཉིན་གློ་བུར་དུ་གཤེགས། སྐུ་གདུང་ལ་རིང་བསྲེལ་དང་། གསེར་གདུང་ད་ལྟ་འཛི་སྒར་དུ་བཞུགས། བུ་སློབ་གཙོ་བོ་ནི། ཀརྨ་དགོན་མཁན་རྣམ་སྲས་བསོད་ནམས། འཇོ་ཕུ་དགོན་དགེ་ལེགས་དར་རྒྱས་དང་། བློ་བཟང་ཕྲིན་ལས། འབྲུ་ཚེ་བྷྲུཾ་དགོན་སྤྲུལ་རྡོ་རྗེ་ཚེ་རིང༌། དཔལ་ཆེན་དགོན་དབང་ཆེན་སྟོབས་རྒྱལ་དང༌། ཧ་དགེའི་ཆོས་རྣམ། བསྟན་པ་རབ་རྒྱས། གུ་ཕུ་དགོན་འགྱུར་མེད་རྣམ་རྒྱལ། འཛི་སྒར་དགོན་རང་དུ། བསྟན་པ་རབ་རྒྱས། འཆི་མེད་སྟོབས་རྒྱལ། བསོད་ནམས་བཀྲ་ཤིས། འཇམ་དབྱངས་ཉི་མ། དངོས་གྲུབ་ཕུན་ཚོགས། སྐལ་བཟང་རྡོ་རྗེ། བཀྲ་ཤིས་ཚེ་རྡོར། བསོད་ནམས་རྡོ་རྗེ། མགོན་པོ་རྣམ་རྒྱལ་བཅས་མཁན་པོ་བཅོ་བརྒྱད་དང། མཁས་བཙུན་ཚེ་དབང་གྲགས་པ། སྒྲུབ་བླ་བསོད་དར། སྐུ་མཚམས་པ་སྣང་གསལ་སོགས་དང༌། ཕྱོགས་གཞན་ནས་གསེར་རྟ་མཁན་སྤྲུལ་འཆི་མེད་རིག་འཛིན། སྐྱབས་ཆེ་སྤྲུལ་སྐུ་བཀྲ་ཤིས་ནོར་བུ། སྐྱོག་བྲག་མཁན་དམ་ཆོས་ཟླ་བ་དང་མཁན་དགའ་དབང་སོགས་མང་པོ་བྱུང་ངོ༌། །

{{#arraymap:འཛི་སྒར་མཁན་ཆེན་དོན་བརྒྱུད་ཉི་མ་

|; |@@@ | | }}