702

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ཤིང་བྱི་ཕྱི་ལོ་ ༡༩༢༤ ལོར་ཁམས་འདན་ཁོག་ཏུ་ཡབ་ཚེ་དབང་ཕུན་ཚོགས་དང་། ཡུམ་སྐལ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། རྫོགས་ཆེན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་། སི་ཏུ་པདྨ་དབང་མཆོག་རྒྱལ་པོ། ཀོང་སྤྲུལ་མཁྱེན་བརྩེའི་འོད་ཟེར་རྣམས་ཀྱིས་སྐུ་གོང་མའི་ཡང་སྲིད་དུ་གཟིགས་ཏེ་དགེ་བསྙེན་གྱི་སྡོམ་པ་ཕུལ། བརྒྱད་པར་དཔལ་སྤུངས་དགོན་དུ་གདན་དྲངས་ཏེ་ཁྲིར་མངའ་གསོལ། དབུས་ལྷ་ལྡན་དུ་ཕེབས་ཏེ་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་གཙུག་ཕུད་བཞེས། མཚུར་ཕུའི་གདན་སར་ཕྱག་ཕེབས་སྐབས་མི་ཆེན་བླ་དཔོན་རྣམས་ཀྱིས་བསུ་བ་རྒྱ་ཆེན་མཛད། གངས་དཀར་པཎྜི་ཏ་ལས་ཕྱི་ནང་གི་རིག་གཞུང་མཁས་པར་སྦྱངས། ས་ལམ་གྱི་རིམ་པ་མཐའ་དག་གྲོལ་བའི་ཚུལ་བསྟན། བཅུ་གཉིས་པར་མཚུར་ཕུའི་བཏེགས་ཏེ་མདོ་ཁམས་ཀརྨའི་གདན་སའི་ཁྲིར་ཕེབས། སི་ཏུ་དབང་མཆོག་ལས་བཀའ་བརྒྱུད་སྔགས་མཛོད་དང་། གདམས་ངག་མཛོད་ཀྱི་དབང་ལུང་ཁྲིད་གསུམ་གསན། ཉེར་གསུམ་པར་སི་ཏུ་རིན་པོ་ཆེ་ལས་བསྙེན་པར་རྫོགས། རྒྱལ་བ་ཐུབ་བསྟན་རྒྱ་མཚོ་ལས་དུས་འཁོར་དང་། སྨིན་གླིང་ཁྲི་ཆེན་གཅུང་རིན་པོ་ཆེ་ལས་མཆོག་གླིང་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་ཁྲིད་གསུམ་བཅས་གསན། སོ་ལྔ་ཕྱི་ལོ་ ༡༩༥༩ ལོར་བདེ་ཆེན་ཆོས་མགོན་རིན་པོ་ཆེས་གདན་ཞུས་ལྟར་རྡོ་རྗེ་གདན་དང་། ཝ་རཱ་ཎ་སཱི། རྩྭ་མཆོག་གྲོང་བཅས་རྒྱ་གར་གྱི་གནས་ཆེན་ཁག་དང་། ལུམྦི་ཚལ། བལ་ཡུལ་མཆོད་རྟེན་རྣམ་གསུམ་སོགས་ལ་ཕེབས་ནས་མཆོད་འབུལ་དང་ཐུགས་སྨོན་རྒྱ་ཆེར་གནང་། འབྲུག་སྟོད་དུ་རྒྱལ་སྲས་རྗེ་བཙུན་དབང་མོ་མཆོག་ནས་སྦྱིན་བདག་བྱས་ཏེ། དར་རྒྱས་ཆོས་གླིང་དགོན་གསར་བཞེངས་གནང་། འབྲས་ལྗོངས་རུམ་བཏེགས་སུ་གདན་ས་བཤད་སྒྲུབ་ཆོས་འཁོར་གླིང་དང་། འབྲུག་གྲྭ་ཕྱག་བཏབ། བལ་ཡུལ་དང་ལ་དྭགས་གཉིས་སུ་དགོན་སྡེ་དུ་མ་བཏབ། རྒྱལ་བའི་བཀའ་འགྱུར་ཚར་ལྔ་བརྒྱ་ཐམ་པ་པར་སྐྲུན་མཛད་ནས་རིས་མེད་ཀྱི་དགོན་སྡེ་ཀུན་ལ་ཆོས་སྦྱིན་གནང་། རྒྱ་གར་དུ་བོད་རིག་པའི་ཞིབ་འཇུག་ལས་ཁུངས་གསར་དུ་བཙུགས། ཡོ་རོབ་དང་། ཨོ་གླིང་། ཤར་ལྷོ་ཨེ་ཤི་ཡ་སོགས་རྒྱལ་ཁབ་བཅུ་ཕྲག་ཁ་ཤས་ཀྱི་མི་རིགས་རྣམས་ལ་ཆོས་ཀྱི་སྦྱིན་པ་དང་། རབ་བྱུང་བཅུ་དྲུག་པའི་ལྕགས་བྱ་ཕྱི་ལོ་ ༡༩༨༡ ལོར་ཨ་མེ་རི་ཀའི་སྨན་ཁང་དུ་སྐུ་གཤེགས། ཀརྨ་པའི་སྐུ་ཕྲེང་བཅུ་དྲུག་པ་ཡིན། སློབ་མ་གྲགས་ཆེ་བ་ནི་ཞྭ་དམར་རིན་པོ་ཆེ་དང་། སི་ཏུ་རིན་པོ་ཆེ། ཀོང་སྤྲུལ་རིན་པོ་ཆེ། རྒྱལ་ཚབ་རིན་པོ་ཆེ་བཅས་ཡིན།

{{#arraymap:ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་

|; |@@@ | | }}