704

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀརྨ་པཀྵི་ཆོས་ཀྱི་བླ་མ་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ཤིང་བྱི་ཕྱི་ལོ་ ༡༢༠༤ ལོར་ས་སྟོད་དཀྱིལ་ལེའི་ཙག་ཏོར་ཡབ་རྒྱ་དབང་ཚུར་ཚ་སྦྲང་ཐར་དང་། ཡུམ་མང་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་ཆོས་འཛིན་ཞུ། དགུང་ལོ་དྲུག་པར་ཡི་གེའི་འབྲི་ཀློག་ལེགས་པར་མཁྱེན། དགུ་པར་གསུང་རབ་ཐམས་ཅད་ཐུགས་སུ་ཆུད། བཅུ་གཅིག་པར་ལྕང་མང་ཕུ་བ་ལས་རབ་ཏུ་བྱུང་། མཚན་ལ་ཆོས་ཀྱི་བླ་མ་ཞེས་གསོལ། ཆོས་རྗེ་སྤོམ་བྲག་པ་དང་མཇལ། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་རྣམས་གསན། ངོ་སྤྲོད་སྐབས་ཆོས་ཐམས་ཅད་རང་རིག་ཡེ་ཤེས་རབ་འབྱམས་སུ་ངོ་འཕྲོད། བཀའ་བརྒྱུད་ཀྱི་རྒྱུད་པའི་གདམས་པ་ཡོད་ཚད་གསན། ཀཿཐོག་པ་བྱམས་པ་འབུམ་གྱིས་མཁན་པོ་དང་། སྤྱན་སྔ་མང་ཕུ་བས་སློབ་དཔོན་མཛད་དེ་བསྙེན་པར་རྫོགས། གནས་རི་དང་ཡུལ་སྡེ་མང་པོར་ཞབས་ཀྱིས་བཅགས་ནས་འགྲོ་དོན་རྒྱ་ཆེན་མཛད། སྤུངས་རིར་ལོ་ངོ་བཅུ་ཙམ་བཞུགས་ནས་དགོན་པ་བཏབ། མཚུར་ཕུར་ཕེབས་ཏེ་ལོ་ངོ་དྲུག་ཙམ་བཞུགས། ཆོས་ཀྱི་འཁོར་ལོ་བསྐོར། ཧོར་རྒྱལ་གོར་བེ་ཡིས་གསེར་ཡིག་པ་བཏང་ནས་གདན་འདྲེན་ཞུས་པ་ལྟར་ཕོ་བྲང་འུ་ཏུར་ཕེབས། རྒྱལ་བློན་འཁོར་བཅས་ཆོས་སྦྱིན་རྒྱ་ཆེན་མཛད། བོད་དུ་ཕེབས་པའི་ལམ་ཁ་ནས་མི་ཉག་གི་ཡུལ་ཐམས་ཅད་ལ་ལྷ་ཁང་སུམ་སྟོང་ཙམ་བཞེངས། ཞིག་གསོས་ཀྱང་མཛད། རྒྱལ་པོ་མང་གོལ་ཧན་གྱིས་གདན་འདྲེན་ཞུས་པ་ལྟར་ཕེབས། རྒྱལ་བློན་འཁོར་བཅས་ལ་འཁོར་ལོ་སྡོམ་པའི་དབང་བསྐུར། ཕོ་བྲང་གི་ཆང་ཐམས་ཅད་དུས་གཅིག་ལ་བཞེས་པ་སོགས་ངོ་མཚར་གྱི་རྫུ་འཕྲུལ་འགྲན་ནུས་བཏུལ། རྗེ་འབངས་ཐམས་ཅད་ནང་བསྟན་ལ་བཙུད། སེ་ཆེན་རྒྱལ་པོས་ཁོང་ལ་གྲི་མཚོན་མདུང་གསུམ་གྱིས་བསྣུན་པ་དང་། དུག་བླུད་པ། ཁྲིམས་ཤིང་ལ་བཅིངས་པ། བྲག་གི་རྩེ་ནས་བསྐྱུར་བ། ཆུ་གཞུང་དང་མཚོ་གཏིང་དུ་བསྐྱུར་བ། ཚེར་དོང་དང་སྦལ་དོང་དུ་གཡུགས་པ་སོགས་ཆད་པ་བཅད་པ་ལས་རྣམ་པར་རྒྱལ། གཅུང་རྡོ་རྗེ་གྲགས་པས་ཀྱང་ལུང་བསྟན་མང་དུ་མཛད་པས་རྩ་བའི་བླ་མར་གྱུར། རྒྱལ་པོ་ཡང་སེམས་མགུ་ཐེབས་ཏེ་བཟོད་གསོལ་དང་བཤགས་པ་མཛད། གུ་ཤྲཱིའི་གསེར་ཐམ་དང་། ཞྭ་ནག་གསེར་མདོངས་ཅན། པཀྵི་སྟེ་སློབ་དཔོན་ཞེས་པའི་ཆོ་ལོ་གནང་། བོད་དུ་ཕེབས་ཏེ་མཚུར་ཕུ་གདན་སར་ལྷ་ཆེན་འདོམ་བཅུ་གསུམ་པ་ལུགས་སུ་བླུགས་གྲུབ་སྟེ། མཚན་ལ་ལྷ་ཆེན་དཔལ་འབར་འཛམ་གླིང་རྒྱན་ཞེས་གསོལ། ཀཾ་པོ་གནས་ནང་དུ་སངས་རྒྱས་མར་མེ་མཛད་སྐུ་ཐོག་ཚད་དང་། ཀརྨ་དགོན་དུ་རྒྱལ་བ་བྱམས་པ་སོགས་བཞེངས། རབ་བྱུང་ལྔ་པའི་ཆུ་ལུག་ལོ་སྟེ་ཕྱི་ལོ་ ༡༢༨༣ ལོར་སྐུ་གཤེགས། སློབ་མ་མཆོག་ཏུ་གྱུར་བ་ནི་གྲུབ་ཐོབ་ཨུ་རྒྱན་པ་ཡིན། སངས་རྒྱས་ཀྱི་ཞིང་ཁམས་ལྟ་བ་དང་། ཁ་བ་དཀར་པོའི་ལམ་ཡིག་བཅས་བསྟན་བཅོས་མང་། མཚན་གཞན། ཆོས་འཛིན། ཆོས་ཀྱི་བླ་མ།

{{#arraymap:ཀརྨ་པཀྵི་ཆོས་ཀྱི་བླ་མ་

|; |@@@ | | }}