70528

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡང་དགོན་པ་རྒྱལ་མཚན་དཔལ་བཟང་ (1)
Part of speech མིང་ཚིག
Definition ལ་སྟོད་ལྷོ། ལྷ་གདོང་དུ། སྔགས་བརྒྱུད། ཡབ་ཇོ་བསམ། ཡུམ་ཆོས་མཐོང་གི་སྲས་སུ་རབ་བྱུང་བཞི་པའི་ཆུ་བྱ་ ༡༢༡༣ ལོར་འཁྲུངས། ཡབ་ཀྱིས་མཚན་གདུང་གསོབ་འབར་བ་བཏགས། དགུང་ལོ་བཞི་དུས་སུ་བསླབ་མ་དགོས་པར་ཀློག་མཁྱེན། ལྔ་པ་ལ་ཨ་པ་ཁྲོ་སྐྱབས་ཀྱི་རྩར་བྱོན་ཅིང་ཁོ་དབྱངས་ལེན་དུ་འཇུག། །དེའི་ཚིག་ལ་བརྟེན་ནས་སྒོམ་ཕྱམ་ཕྱམ་འགྲོ་བ། བཞག་ཙ་ན་སྡོད། བལྟས་རྩ་ན་མཐོང་། རང་དབང་དུ་ཚུད་པའི་ཏིང་ངེ་འཛིན་འབྱམས་འགྲོ་བ་ཡོད་པས། ཡུམ་ལྕམ་གྱིས་འདི་ལ་སུས་ཀྱང་མ་བསྟན་པའི་སྒོམ་མི་ཡོང་། བར་ཆད་ཡིན་སྲིད་ཟེར་ནས། ཐུགས་དམ་ལ་བཞུགས་པའི་དུས་སུ་གཡེང་བ་སྣ་ཚོགས་བྱས་བསྒོམ་དུ་ཡེ་མ་བཅུག དེའི་དུས་སུ་རྩེ་གཅིག་གི་རྣལ་འབྱོར་གཤའ་མ་རྒྱུད་ལ་སྐྱེས་པར་འདུག ། བླ་མ་ཉམས་མྱོང་ཅན་ཞིག་གིས་ཁྲིད་པ་ཡིན་ན་དེར་རང་བསྐྱངས་པས་ཆོག་པ་འདུག་གསུང་། གང་གསུང་ཐོག་ཏུ་བབ་པའི་མངོན་པར་ཤེས་པ་མངའ། དགུང་ལོ་དྲུག་པ་ནས་བཟུང་ཕུལ་དམར་བ། ཀོ་བྲག་པ། ས་པཎ། འབྲི་གུང་སྤྱན་སྔ། སངས་རྒྱས་རས་ཆེན། དྲོད་ཆུང་པ་སོགས་དེ་དུས་ཀྱི་བླ་མ་བཟང་དགུ་ཐམས་ཅད་ཀྱི་ཞབས་ལ་གཏུགས། ཁྱད་པར་རྗེ་རྒོད་ཚང་པ་སྐུ་དྲིན་ཆེ་ཤོས་སུ་འཛིན་པས་རྗེས་འཇུག་རྣམས་དེའི་ལུགས་འཛིན། དགུང་ལོ་དགུ་པའི་དུས་ནས་ཁྲོམ་ལ་ཆོས་འཆད། ཉེར་གཉིས་པ་ལ་མཁན་པོ་ཇོ་བོ་ལྷ་བཙུན་སོ་ཁ་བ། ལས་ཀྱི་སློབ་དཔོན་ཆོས་རྗེ་ཀོ་བྲག་པ། གསང་སྟེ་སྟོན་པ་བླ་མ་དྲོད་ཆུང་པ་བཅས། བསྙེན་པར་རྫོགས། མཚན་རྒྱལ་དཔལ་བཟང་པོར་གསོལ། ཆོ་གའི་སྐབས་སུ། ཤཱཀྱ་ཐུབ་པ། ཤཱཀྱ་སེངྒེ། ཤཱཀྱའི་གཙོ་བོ་གསུང་ཙ་ན། བཅོས་མ་མ་ཡིན་པའི་དད་གུས་མཆི་མ་འཁྲུགས་པའམ། འཁོར་བ་མཐའ་དག་ལ་ཡིད་བྱུང་ནས། ངེས་འབྱུང་གི་ཚུལ་ཁྲིམས་བྱ་བ་གཤའ་མ་ཞིག་ངའི་རྒྱུད་ལ་སྐྱེས་ནས་ཡོད་གསུང་། བླ་མ་རྣམས་ཀྱི་ལུང་ལྟར་ཤྲཱི་གནམ་སྡིངས་ཀྱི་དགོན་པ་བཏབ། དེར་ཟླ་བ་བཅུ་གཅིག་རྡོ་རྗེའི་སྐྱིལ་ཀྲུང་མ་གཤིག་པར་བཞུགས། གཞན་ཡང་ལྷ་གདོང་། ལྷ་སྡིངས། གྲི་ལྕམ། བར་འབྲོག་ལྕགས་ངུར། གངས་བུ་ལེ་རྣམས་སུ་སྒྲུབ་པ་མཛད། ཕྱིས་ཕྲིན་ལས་ཆེན་པོ་བསྐྱངས། སྐུ་སྙན་པ་ཆེ་བས་སློབ་མ་ཁྲི་ཚོ་བརྒལ་བ་བྱུང་ཞིང་། དེ་དག་ལ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དོན་བསླབ་པ་རིན་པོ་ཆེ་གསུམ་དུ་བསྡུས་ནས་བསྟན་ཞིང་། སློབ་མའི་ངོར་རི་ཆོས་སྐོར་གསུམ་མཛད། བོད་ཀྱི་མི་གཅིག་ལ་མཁས་གྲུབ་ཉིས་ལྡན་འདི་ལྷག་མེད་པ་ཀུན་གླེང་དུ་གྲུབ་པ་བྱུང་ངོ་། །དགུང་ལོ་ཞེ་དྲུག་པར། སློབ་མ་རྣམས་སྒྲུབ་ལ་ནན་ཏན་མ་མཛད་ན། ངས་དུར་ནས་ལྟ་བ་ཡིན་ནོ། །ཞེས་སོགས་བཀའ་ཆེམས་གནང་ནས། ས་རྟ་ ༡༢༥༨ ལོའི་ས་ག་ཟླ་བའི་ཚེས་བཅུ་དགུ་ལ་རྟགས་དུ་མ་བཅས་གཤེགས་སོ། །དེའི་སློབ་མ་ཡང་། སྤྱན་སྔ་རིན་ཆེན་ལྡན་དང་། ལོ་རས་ཆོས་སྐྱོང་དཔལ་གཉིས་ཀྱིས་གཙོས་པའི་འཇིག་རྟེན་ལ་མ་ཆགས་པའི་སློབ་མ་ཕོ་མོ་ཤིན་ཏུ་མང་པོ་བྱུང་ངོ། །

{{#arraymap:ཡང་དགོན་པ་རྒྱལ་མཚན་དཔལ་བཟང་

|; |@@@ | | }}