72282

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་འཛིན་གཉིས་པ་ཀུན་དགའ་ལྷུན་གྲུབ་ (1)
Part of speech མིང་ཚིག
Definition བྱ་འདབས་སྨོན་དགོར། ཡབ་སྐུ་མདུན་རབ་བསྟན་དང་། ཡུམ་བརྒྱ་དཀར་ཞེས་པའི་སྲས་སུ་རབ་བྱུང་བཅུ་པའི་མེ་སྦྲུལ་ ༡༦༡༧ ལོར་སྐུ་བལྟམས། རྒྱལ་བ་དཔག་བསམ་དབང་པོ་དང་། རྗེ་མི་ཕམ་བློ་གྲོས་ཡབ་སྲས་ཀྱིས་རྗེ་ལྷ་རྩེ་བའི་སྤྲུལ་སྐུར་ངོས་བཟུང་ནས་དགུང་ལོ་བདུན་ལ་ཇོ་བོའི་སྤྱན་སྔར་གཙུག་ཕུད་བཞེས། མཚན་ངག་དབང་ཀུན་དགའ་ལྷུན་གྲུབ་གསོལ། བཅོ་བརྒྱད་པར་དཔག་བསམ་དབང་པོས་མཁན་པོ་མཛད་དེ། དགེ་ཚུལ་དང་། བསྙེན་རྫོགས་སྒྲུབ། ཡ་མཚན་པའི་འཇའ་ཚོན་དང་། ས་ལན་དུ་མར་གཡོས། དེ་ནས་བཟུང་རྡོ་དཀར་གདན་གཅིག་ཇི་སྲིད་དུ་མཛད་ཅིང་། འཇམ་དབྱངས་བུདྡྷའི་ཞབས་དྲུང་དུ། ལ་སྟོད་རྒྱལ་གྱི་ཤྲཱིར་ཕེབས་ནས། དུས་འཁོར། བརྟག་གཉིས། བསྲེ་འཕོ། སྙན་བརྒྱུད་སོགས་དང་། སྙན་ངག་དང་སྡེབ་སྦྱོར་བཅས་བསན་སྦྱང་གནང་། གཞན་དར་རྒྱས། མཐུ་ཆེན་བདུད་འཇོམས་རྗེ། དུས་ཞབས་པ་དཔལ་རྒྱས་དབང་པོ་སོགས། རིས་མེད་ཀྱི་མཁས་གྲུབ་མང་པོ་ལས་གསན་བསམ་མཛད། ཁྱད་པར་གྲུབ་ཐོབ་མི་ཕམ་བློ་གྲོས་ལ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་སོགས། ངེས་དོན་གྱི་སྐོར་རྣམས་གསན་ནས། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས། བསྟན་འགྲོའི་དོན་མཛད་བཞིན་པའི་མུར། དུས་ཟིང་གི་དབང་གིས་གོང་མའི་གདན་ས་རྣམ་རྒྱལ་ལྷུན་པོ་ནས་འཕོ་དགོས་བྱུང་ནས། བདེ་ཆེན་ཆོས་འཁོར་དུ་གདན་ཆགས་ཏེ། ཉེར་བདུན་པ་ཆུ་ལུགས་ལོར། བཞུགས་གནས་གཙུག་ལག་ཁང་གྲུབ་ནས། རབ་གནས་དུས་འཇའ་འོད། མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང་། འདུས་པ་ཁྲིམས་གཙང་ཐོས་བསམ་སྒོམ་སོགས་ཀྱིས་བརྒྱན་པ་ཤ་སྟག་བྱུང་ཞིང་། ཀུན་མཁྱེན་པདྨ་དཀར་པོའི་ཆོ་ག་ཕྱག་རྣམས་ལ། དབྱངས་རོལ་འཆམ་སོགས་རྩེ་ཐེལ་ས་ངོར་སོགས་ནས་ཀྱང་ལེགས་ཆ་བསྡུ་བར་མཛད། ཤྲཱི་བསམ་གཏན་གླིང་སོགས་སྟོད་འབྲུག་གི་སྒྲུབ་གནས་རྣམས་ཀྱི་འཛིན་སྐྱོང་གནང་། གནས་ཆེན་ཁག་དང་། གཡའ་སྒུག་གི་མགུལ། གདན་ས་རང་དུ་སྔ་ཕྱི་ལོ་མཚམས་ཁ་ཤས་སྒྲུབ་པ་མཛད་པས། ལྷག་པའི་ལྷའི་ཞལ་གཟིགས་གྲངས་མང་ཞིང་། རྡོ་བར་ཞབས་རྗེས་བཞག་པ་སོགས་ངོ་མཚར་ཅན་མང་། དབུས་གཙང་དྭགས་ཀོང་། ལྷོ་མོན། ལྷོ་བྲག་སོགས་སུ། འཁོར་ལོ་གསུམ་གྱི་མཛད་པ་རྒྱ་ཆེར་བསྐྱངས། ཆོས་སྐྱོང་གིས་ཞབས་བསྐུལ་ཞུས་དོན་ལྟར། འདུས་སྡེ་རྣམས་ལ་ཕྱག་ཆེན་གྱི་ཁྲིད་དང་། མཐུ་ཆེན་ཆོས་མགོན་སོགས་ལ། གདམས་པའི་ལྷག་མ་རྣམས་རྫོགས་པར་གནང་གྲུབ་མཚམས། དགུང་ལོ་དྲུག་ཅུ་པ་མེ་འབྲུག་ ༡༦༧༦ ལོའི་བོད་ཟླ་གསུམ་པའི་གནམ་གང་ཉིན་དགོངས་པ་མནལ། སློབ་མའི་གཙོ་བོ། མཐུ་ཆེན་གསུམ་པ་དང་། ཡར་འཕེལ་དབང་པོ་གཉིས་ཡིན་ཞིང་། གཞན་ཡང་རྒྱལ་དབང་དྲུག་པ། ཚོགས་རྒྱའི་བསོད་ནམས་བརྒྱ་མཚོ། ཁམས་སྤྲུལ་གཉིས་པ། རྡོ་རྫོང་གཉིས་པ། འཕྲུལ་ཞིག་གཉིས་པ། གཙང་སྐྱིད་བུག་སྤྲུལ་སྐུ་མི་ཕམ་བསོད་ནམས་འབྲུག་རྒྱལ། བཟང་སྡིང་སྤྲུལ་སྐུ། བྷུ་ཏྲ་ནས་ངག་དབང་དཀར་བརྒྱུད་རྣམ་རྒྱལ། ཆུ་བཟང་ནས་ཕ་གྲུབ་ཆེན་གྱི་སྤྲུལ་སྐུ། ངག་དབང་ཐུབ་བསྟན་དབང་ཕྱུག ། ཟང་ལ་ཀའི་སྤྲུལ་སྐུ་ངག་དབང་ཐུབ་བསྟན་ཕུན་ཚོགས། སྔགས་གྲྭ་སྐུ་སྐྱེ་དང་། བླ་མ་སངས་རྒྱས་བསྟན་འཛིན་སོགས་འགྲོ་ཕན་ནུས་པ་མང་དུ་བྱུང་ངོ་། །

{{#arraymap:ཡོངས་འཛིན་གཉིས་པ་ཀུན་དགའ་ལྷུན་གྲུབ་

|; |@@@ | | }}