72283

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡོངས་འཛིན་གསུམ་པ་དགེ་ལེགས་བཞད་པ་ (1)
Part of speech མིང་ཚིག
Definition ཡོངས་འཛིན་གསུམ་པ་དགེ་ལེགས་བཞད་པའམ་ངག་དབང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི། གཡོར་པོ་གཞུང་གི་ས་ཆར། ཡབ་རྣམ་རྒྱལ་དང༌། ཡུམ་དགོས་དགོས་གཡང་འཛིན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་ ༡༦༧༧ ལོར་སྐུ་བལྟམས། ཕྱིས་མངལ་དུ་བཞུགས་དུས་སུ་མི་བདེ་བའི་རྣམ་པ་བྱུང་བ་སོགས་གསལ་པོར་དགོངས། ང་བླ་མ་ལྷ་རྩེ་བ་ཡིན་ཞེས་ཡང་ཡང་གསུངས་པ་དང༌། བླ་མ་དང་ཆོས་སྐྱོང་སོགས་ཡེ་ཤེས་ཀྱི་གཟིགས་པ་མངའ་བ་མང་པོས་མཐུན་གྲུབ་ཏུ་ལུང་བསྟན་པས། གདན་སར་སྤྱན་དྲངས་ནས་བཞུགས་ཁྲིར་མངའ་གསོལ། འགྲོ་ཀུན་དགའ་བའི་བཤེས་གཉེན་དགེ་ལེགས་དཔལ་བཟང་པོའི་འབྱུང་གནས་ཞེས་པའི་མཚན་གསོལ། དྲུག་པར་༸གོང་ས་ལྔ་པ་ཆེན་པོའི་དྲུང་དུ་གཙུག་ཕུད་ཕུལ་བས། མཚན་བློ་བཟང་པད་དཀར་དགེ་ལེགས་བཞད་པའི་སྡེར་གསོལ། རྗེ་ཆོས་ཀྱི་དབང་ཕྱུག་ལས། བར་མ་རབ་བྱུང་དང་དགེ་ཚུལ་སློང་གི་བསླབ་སྡོམ། རྡོ་རྗེ་ཕྲེང་བ་སོགས་དབང་དང་རྗེས་གནང་གི་རིམ་པ་དུ་མ། རྒྱལ་བཀའི་ལུང༌། ཁྱད་པར་བརྒྱུད་པའི་ཁྱད་ནོར་ལྟ་སྒོམ་སྤྱོད་འབྲས་གཙོར་བཏོན་ཀྱི་ཟབ་ཁྲིད་མན་ངག་རྣམས་གསན་ཅིང༌། ཉམས་བཞེས་མཛད། མི་ཕམ་དབང་པོ་ལས་རྔོག་དཀྱིལ་སྐོར་དང༌། དུས་འཁོར་གྱི་སྨིན་དབང་གསན། ཡར་འཕེལ་དབང་པོ་ལས་མདོ་རྒྱུད་རིག་གནས་ཁྲིད་མན་ངག་སྤྱི་དང༌། ཁྱད་པར་བསྲེ་འཕོའི་སྐོར་ལ་རྗེ་གོང་མའི་གསུང་རྒྱུན་ཉམས་པ་མེད་པའི་བཤད་པ་སོགས་ཞིབ་མོར་གསན། སྒམ་པོ་ཞབས་དྲུང་སྤྱན་སྔ་བཟང་པོ་རྡོ་རྗེ། ཆོས་རྒྱལ་གཏེར་བདག་གླིང་པ། གོང་དཀར་རྡོ་རྗེ་གདན་གྱི་ཆོས་རྗེ་བློ་གྲོས་དབང་ཕྱུག གནས་བརྟན་འཇམ་དབྱངས་གྲགས་པ། རིན་པོ་ཆེ་ཕྲིན་ལས་མཆོག་གྲུབ། དགེ་བཤེས་ཀུན་དགའ་དོན་གྲུབ་སོགས་ལས་མདོ་སྔགས་རིག་གནས་མཐའ་དག་གསན་བསམ་མཛད་པས། ཐུན་མོང་ཐུན་མིན་གྱི་རིག་གནས་ཀུན་ལ་མཁས་པ་ཆེན་པོར་གྱུར། སྒོམ་པས་ཉམས་སུ་བསྟར་བར་དགོངས་ནས། ཐོག་མར་ལོ་གསུམ་སྐུ་མཚམས་ཀྱི་ངེས་པ་ལ་བཞུགས་ནས། ལམ་ཟབ་བླ་མ་སྒྲུབ་པ་གཙོར་བཏོན་གྱིས་ལྷག་པའི་ལྷ་ཚོགས་རྩེ་གཅིག་བསྙེན་པས་རིམ་གཉིས་ཀྱི་ཏིང་ངེ་འཛིན་མངོན་དུ་གྱུར། གནས་ཆེན་ཙ་རི་ཏྲར་ལན་གསུམ་ཞབས་ཀྱིས་བཅགས་པའི་ཚེ། ཡི་དམ་ལྷའི་ཞལ་གཟིགས་དང་བྱིན་གྱིས་བརླབས་པ་ཤིན་ཏུ་མང༌། དཔལ་མགོན་ཕྱག་བཞི་པའི་སྒྲུབ་ཐབས་ཡེ་ཤེས་འོད་ཀྱི་ལྕགས་ཀྱུ་སོགས་མགོན་པོའི་སྐོར་གྱི་ཡིག་ཆ་འགའ་མཛད། དེ་ནས་རྡོ་རྗེ་འཛིན་པ་བཞི་པར་ཆོས་ཀྱི་རྒྱལ་སྲིད་རྫོགས་པར་གཏད་ཅིང༌། སྐུ་གྲིབ་ལྟ་བུས་དགུང་ལོ་ཞེ་གསུམ་པ་ས་ཕག་ ༡༧༡༩ ལོའི་ཆུ་སྟོད་ཟླ་བའི་ཉེར་གསུམ་ལ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །སློབ་མ་ནི། རྒྱལ་ཚབ་མཐུ་ཆེན་ཞབས་དྲུང་ཆོས་རྒྱལ་ལྷུན་གྲུབ་རྒྱ་མཚོ། ཅོག་གྲྭ་གསུམ་པ་ངག་དབང་པད་དཀར། ཁམས་སྤྲུལ་གསུམ་པ། འཛི་སྒར་དགེ་ལེགས་མཆོག་གྲུབ་བསྟན་འཛིན། གཅུང་རྗེ་དབོན་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་དབང་ཕྱུག་གམ་མཚན་གཞན་འཇམ་པའི་རྡོ་རྗེ་ཆོས་ཀྱི་དབང་པོ། སྐྱིད་སྦུག་སྤྲུལ་སྐུ་མི་ཕམ་འབྲུག་རྒྱལ་སོགས་མང་ངོ༌། །

{{#arraymap:ཡོངས་འཛིན་གསུམ་པ་དགེ་ལེགས་བཞད་པ་

|; |@@@ | | }}