73389

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རཏྣ་རིན་ཆེན་དཔལ་ (1)
Part of speech མིང་ཚིག
Definition དྲུང་པ་སྐུ་ཕྲེང་དང་པོ་རཏྣ་རིན་ཆེན་དཔལ་མཆོག་ནི། མདོ་ཁམས་རྒྱལ་མོ་ཚ་བའི་རོང་གི་ཡུལ་བྱེ་མ་ཐང་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཕྱི་ལོ་ ༡༣༥༠ ལྕགས་ཕོ་སྟག་གི་ལོར་རིགས་རུས་མཐོན་པོའི་རྒྱུད་དུ་སྐུ་འཁྲུངས། སྨྲ་ཤེས་རང་མགོ་ཐོན་པའི་དུས་ཙམ་ནས་མངོན་ཤེས་མཆོག་མངའ་རི་པ་ཤེས་རབ་དཔལ་མཆོག་གི་མདུན་ནས་ཐོག་མར་ཡི་གེ་སྦྱངས་པ་དང་། རེ་ཞིག་གི་དུས་ལ་འདུལ་འཛིན་དམ་པ་ཤེས་རབ་དཔལ་སོགས་མཁན་སློབ་གྲངས་ཚང་གི་དྲུང་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཞུས་ནས་རབ་ཏུ་བྱུང་སྟེ་མཚན་ལ་རིན་ཆེན་དཔལ་ཞེས་གསོལ། དགོང་ལོ་བཅོ་བརྒྱད་ཀྱི་སྟེང་དབུས་གཙང་དུ་ཕེབས་ཏེ་མཁན་ཆེན་བྱང་ཆུབ་རྩེ་མོས་མཁན་པོ་དང་གཞན་སློབ་དཔོན་དུ་འོས་པ་སོགས་ཁ་སྐོང་དང་བཅས་པའི་གྲངས་ལེགས་འཛོམས་ཀྱི་མདུན་ནས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་ཞུས། མཁས་གྲུབ་ཀྱི་སྐྱེས་བུ་ཇོ་ནང་ས་བཟང་མ་ཏི་པཎ་ཆེན་དང་། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་སོགས་ཀྱི་དྲུང་ནས་རྒྱ་བོད་ཀྱི་ནང་པའི་གཞུང་ལུགས་དཔྱིས་ཕྱིན་པར་སློབ་གཉེར་གནང་ཞིང་། མདོ་རྒྱུད་ཀྱི་བསྟན་བཅོས་མན་ངག་དང་བཅས་པར་གསན་བསམ་གནང་། ཁྱད་པར་དུ་རང་སྟོང་དང་གཞན་སྟོང་གི་ལྟ་བའི་གནད་ལ་ངེས་ཤེས་ཟབ་མོ་འཁྲུངས་ནས་མདོ་སྔགས་སྤྱི་ཡོངས་ཐུགས་སུ་ཆུབ། དགུང་ལོ་སུམ་ཅུའི་སྟེང་ལ་རྗེ་འདི་ཉིད་ཀྱི་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་ཀུན་མཁྱེན་ཕྱོགས་ལས་རྒྱལ་བ་སོགས་ཀྱི་བཀའ་ལུང་ལྟར་ཁམས་ཕྱོགས་སུ་ཕེབས་ནས་མདོ་ཁམས་སྨད་ཕྱོགས་སུ་གཉའ་རི་ཆོས་རྫོང་སོགས་དགོན་སྡེ་དུ་མ་ཕྱག་འདེབས་དང་ཞལ་བདག་ཡང་མཛད། ཁོང་ཉིད་འཛམ་ཐང་གི་གནས་ལ་ཕེབས་ནས་ངེས་དོན་གྱི་ཆོས་གཞི་དགོན་པ་ཆགས་འདེབས་པའི་དབུ་འཛུགས་ལེགས་བསྒྲིགས་ཀྱིས་སྒོ་ནས། ཕྱི་ལོ་ ༡༤༢༥ ཤིང་མོ་སྦྲུལ་གྱི་ལོར་དཔལ་འཛམ་ཐང་གི་ཆོས་སྡེ་རྒྱ་ཆེ་ལེགས་བཀོད་ཀྱིས་དབུ་བརྙེས། རྗེ་འདི་ཉིད་ཀྱི་བརྩམས་ཆོས་ལ་གསུང་རབ་སྤྱི་འགྲེལ་དང་། ལེགས་བཤད་རྡོ་རྗེ་ཕྲེང་བ། སྒྱུ་འཕྲུལ་དྲ་བ། དུས་འཁོར་གྱི་ཆོ་ག དུས་འཁོར་མངོན་རྟོགས་རྣམ་བཤད་སོགས་གསུང་འབུམ་བཅུ་ཕྲག་ལྷག་ཡོད་རིགས་སུ་འདུག་ཀྱང་དེང་སྐབས་དཔེ་ཙམ་ཡང་དུས་དབང་གིས་དཀོན་པ་ལྟར་དུ་སོང། དེ་འདྲའི་རྒྱ་ཆེན་བསྟན་འགྲོ་རིང་ཞིག་ཏུ་ལེགས་པར་བསྐྱངས་མཐར་དགུང་གྲངས་གྱ་དྲུག་སྟེེ་ཕྱི་ལོ་ ༡༤༣༥ ཤིང་མོ་ཡོས་ལོའི་སྨིན་དྲུག་ཟླ་བའི་ཡར་ཚེས་བརྒྱད་ཀྱི་ཉིན་གཟུགས་སྐུ་ཆོས་དབྱིངས་སུ་འཐིམ། རྗེ་འདི་ཉིད་ཀྱི་ཐུགས་སློབ་ནི་ཆོས་རྗེ་རྒྱལ་བ་བཟང་དང་། ཚེས་བཅུ་རཏྣ་ཀིརྟི་དང་། ཨརྒེ་ཉི་མ་འོད་ཟེར་བཅས་ཡོད་དོ། །

{{#arraymap:རཏྣ་རིན་ཆེན་དཔལ་

|; |@@@ | | }}