73961

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རི་ཆོས་ངེས་དོན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ངེས་དོན་མཐར་ཐུག་པའི་དབུ་མའི་མན་ངག་གི་གཞུང་མཆོག་ཅིག་སྟེ། གཞུང་མཚན་རྒྱས་པ་ནི། རི་ཆོས་ངེས་དོན་རྒྱ་མཚོ་ཞེས་བྱ་བ་མཐར་ཐུག་ཐུན་མོང་མ་ཡིན་པའི་མན་ངག་ཅེས་གསོལ། གཞུང་དེའི་མཚན་དོན་ནི། དེ་ཉིད་ལས། རི་ཁྲོད་དབེན་པར་ཟབ་མོའི་རྣལ་འབྱོར་སྤྱོད་པ་རྣམས་ཀྱི་རི་ཆོས་ཏེ། །རྣམ་པར་དག་པའི་མདོ་རྒྱུད་བསྟན་བཅོས་ཁྱད་པར་འཕགས་པ་ཐམས་ཅད་ཀྱི། །ངེས་དོན་ཆུ་བོ་མ་ལུས་འདུས་ཕྱིར་འདི་ནི་ངེས་དོན་རྒྱ་མཚོ་ཡང་། །ཆོས་ཉིད་ཟབ་མོ་གསལ་བར་སྟོན་ཕྱིར་བདེ་གཤེགས་སྙིང་བོའི་སྒྲོན་མེ་དང་། །ལུང་རིགས་མན་ངག་ཟབ་དགུ་འདུས་ཕྱིར་ཡིད་བཞིན་ནོར་བུའི་མཆོག་ཀྱང་ཡིན། །དེ་སླད་འདི་ན་རང་རིགས་རྒན་པོའི་ངག་ཙམ་དཔང་དུ་བྱེད་པ་དང་། །དང་པོར་གང་ཐོས་དེ་ལ་ཞེན་སླད་ཕྲ་མ་སྔ་བཙན་དབང་སོང་དང་། །རྟོན་པ་བཞི་བྲལ་འདོད་མི་མང་བས་བདེན་པར་འཇོག་པའི་མི་རྣམས་དང་། །མཐུན་པར་དཀའ་མོད་སྲས་བཅས་རྒྱལ་བའི་དགོངས་པ་དང་མཐུན་དོན་དང་མཐུན། །ཞེས་གསུངས། མཛད་པ་བོ་ནི་ཀུན་མཁྱེན་རྟོན་པ་བཞི་ལྡན་དོལ་བོ་བ་ཤེས་རབ་རྒྱལ་མཚན་དཔལ་བཟང་བོ། ཁོང་གིས་གྲུབ་མཐའི་ཆོས་སྐོར་བཅུ་དྲུག་མཛད་གནངས་པའི་ཡ་གྱལ་གཙོ་བོ་ཞིག་ཡིན། བརྗོད་བྱ་ནི་ངེས་དོན་མཐར་ཐུག་གི་གཞི་ལམ་འབྲས་བུའི་རྣམ་གཞག བསྟན་བཅོས་འདིའི་ཁུངས་ནི། རྒྱལ་བའི་བཀའ་བསྟན་གཉིས་ཀྱི་ཆོས་ཚན་མི་འདྲ་བ་བརྒྱ་དང་སོ་ལྔ་ལྷག་ནས་ལུང་འདྲེན་ཆིག་སྟོང་ཉིས་བརྒྱ་ལྷག་གིས་བསྒྲུབས་ཡོད་པ་དང་། དེ་ཡང་མཉམ་བཞག་ཡེ་ཤེས་ལ་རྟོན་པ་གཙོ་བོར་བྱས་ཏེ་རྟོན་པ་བཞིའི་རིགས་པ་གཞུང་ཤིང་བྱས་ནས་བསྒྲུབས། གཞུང་དངོས་རྩ་བའི་ས་བཅད་ནི། གཞི་ལ་དོན་དམ་གྱི་སངས་རྒྱས་གདོད་ནས་བཞུགས་ཚུལ་ལ་དོན་བདུན་དང་། དེ་ཐོབ་པར་ནུས་པའི་ལམ་མཆོག་ཟབ་མོ་བསྟེན་པ་ལ་དོན་གསུམ་དང་། ལམ་དེས་བྲལ་བ་དང་བསྐྱེད་པའི་འབྲས་བུ་བཤད་པ་ལ་དོན་གསུམ་བཅས་རྩ་བ་གསུམ་ལ་ཡན་ལག་དོན་ཚན་བཅུ་གསུམ་གྱི་སྒོ་ནས་གཏན་ལ་ཕབ་འདུག མན་ངག་གི་བཀའ་རྒྱའི་རྗེས་བཏབ་པ་ཡང་གཞུང་དེའི་མཇུག་ཏུ། བློ་ལྡན་གཟུ་བོར་གནས་ཤིང་ངེས་དོན་ཆོས་ཉིད་བསྒོམས་པའི་ཉམས་མྱོང་ཅན་མ་ཡིན་པ་རྣམས་ལ་བསྟན་དུ་མི་རུང་བའི་བཀའ་རྒྱ་དམ་པོ་ཡོད་པས་དེ་ཁོ་ན་བཞིན་མཛད་པར་ཞུ། ཅི་སྟེ་དེ་ལས་འདས་ན་དམ་ཚིག་ལས་འདས་སོ། །ཞེས་གསུངས། བརྩམས་པའི་དུས་ཚོད་ནི་གསལ་ཁ་མ་གསུངས་མོད། ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་དུས་འཁོར་བརྒྱུད་པའི་ལོ་རྒྱུས་སྐལ་བཟང་རྣ་བའི་དགའ་སྟོན་དུ། སྟག་ལོ་ལ་ལོ་ཙཱ་བ་བློ་གྲོས་དཔལ་གདན་སར་བསྐོས། གཟིམ་ཁང་བདེ་བ་ཅན་དུ་བཞུགས་ནས་རི་ཆོས་ངེས་དོན་རྒྱ་མཚོ། མངོན་རྟོགས་རྒྱན་དང་། རྒྱུད་བླའི་ཊཱིཀྐ་རྣམས་མཛད། ཅེས་གསུངས་པ་ལྟར་ན་དགུང་ལོ་ཞེ་དྲུག་ནས་དྲུག་ཅུ་རེ་གཉིས་བར་ཁེལ་འདུག སྐུལ་བ་པོ་ནི་བླ་མ་ལོ་ཙཱ་བ་བློ་གྲོས་དཔལ་དང་། བླ་མ་ཕྱོགས་ལས་རྣམ་རྒྱལ། བསམ་ལྡིངས་ཅོག་བུ་བ་དང་། བླ་མ་ཡེ་ཤེས་རྒྱལ་མཚན་སོགས་སོ། །

{{#arraymap:རི་ཆོས་ངེས་དོན་རྒྱ་མཚོ་

|; |@@@ | | }}