74372

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིག་འཛིན་ཀློང་གསལ་སྙིང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་པའི་ཤིང་གླང་ཕྱི་ལོ་ ༡༦༢༥ ལོར་ཀམ་པོ་གནས་དང་ཉེ་བའི་དབྲ་བ་ཞེས་པའི་ནང་ཚན་ཞིག་ཏུ་སྐུ་འཁྲུངས། ཀཿཐོག་པ་གྲུབ་དབང་བསྟན་པ་རྒྱ་མཚོ་ལ་དབང་གསན་མཚན་དབང་དྲག་རྒྱ་མཚོ་བཏགས། དགུང་ལོ་བདུན་ཙམ་ནས་ཡི་གེ་བསླབ་པས་བརྡ་ཙམ་གྱིས་མཁྱེན། ཆུང་ནས་ངེས་འབྱུང་སོགས་དམ་པའི་ཆོས་ཀྱི་བག་ཆགས་སད། ལོ་ཉེར་གཉིས་དུས་ཀཿཐོག་ཏུ་འབྱོན་པའི་ལམ་བར་དུ་སྒ་ཆོས་སྐྱོང་རྒྱ་མཚོ་དང་མཇལ། ཀཿཐོག་པའི་ཁྲིད་རྒྱུན་ཕྱག་རྫོགས་ཟུང་འཇུག་གི་གདམས་པ་མང་པོ་དང༌། ཨ་རྡོ་དཀོན་མཆོག་རྒྱལ་མཚན་ནས་བརྒྱུད་པའི་ཟངས་ཐལ་གྱི་གདམས་ཁྲིད་རྫོགས་པར་གསན། ཆོས་ལུང་རི་ཁྲོད་སོགས་སུ་དཀའ་སྤྱད་སྙིང་རུས་ཀྱི་སྒྲུབ་པ་བཞུགས་ཚུལ་རྗེ་བཙུན་མི་ལ་རས་པ་ལྟ་བུ་མཛད། རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཞལ་མཇལ། ཆོས་སྐྱོང་བྲན་བཞིན་ཁོལ། གཙང་གཤིས་རྡོ་རྗེ་གྲོ་ལོད་དང༌། རི་པདྨ་སོགས་འགྲིམ་ལམ་དགེ་སློང་ཀརྨ་གྲགས་པ་མཇལ་ཞིང་ལས་ཅན་སྐྱེས་བུར་ངོས་བཟུང༌། སྤུ་བོར་གཏེར་ཆེན་བདུད་འདུལ་རྡོ་རྗེའི་དྲུང་དུ་ལོ་གསུམ་བཞུགས། དབང་བཞིའི་བྱིན་རླབས་ཡོངས་སུ་རྫོགས། ཟབ་གཏེར་བསྟན་པའི་བདག་པོར་མངའ་གསོལ། ལང་གྲོ་ལོ་ཙཱ་དང༌། རྨ་རིན་ཆེན་མཆོག་ཟུང་གི་སྤྲུལ་པར་ལུང་གིས་ཟིན། ཁེ་མི་འགྱུར་རྡོ་རྗེའི་སྒྲོམ་སོགས་ནས་ཀློང་གསལ་རྡོ་རྗེ་སྙིང་པོ་སོགས་ཟབ་གཏེར་མང་པོ་དང༌། སྐུ་དང་ཐུགས་རྟེན་དམ་རྫས་སོགས་སྤྱན་དྲངས། ཆོས་རྒྱལ་སྡེ་དགེའི་བཀས་བསྐུལ་ཏེ་རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་ལོར་ཀཿཐོག་རྡོ་རྗེའི་གདན་དུ་བྱོན། ས་གནད་ཉམས་པ་དང་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་ཞིག་རལ་སོང་བ་རྣམས་ཉམས་གསོ་དང༌། འདྲེ་ངན་གྱིས་ཡུལ་བཟུང་ནས་བཅུད་ཉམས་པ་མ་རུངས་པའི་བྱ་སྤྱོད་མཐའ་དག་ཚད་མེད་པའི་ཐུགས་རྗེས་འདུལ་བར་མཛད། གཙང་ཁང་དུ་ཨོ་རྒྱན་ཆེན་པོའི་སྐུ་ང་འདྲ་དང་ང་མ་འདྲ་ཞེས་གསུང་འབྱོན་མ་གཉིས་བཞེངས། འདུས་པ་སྟོང་ཕྲག་ཁ་ལྷག་ལ་རྫོགས་པ་ཆེན་པོ་ཡང་ཏི་དང་ཏིག་དང་ཀློང་གསལ་རྡོ་རྗེ་སྙིང་པོའི་སྨིན་ཁྲིད་གཙོ་བོར་གྱུར་པའི་ཆོས་སྟོན་ཟབ་རྒྱས་གནང༌། གཞན་ཡང་མདོ་སྨད་ཀྱི་ལྗོངས་ཕལ་ཆེར་ཞབས་ཀྱིས་བཅགས། ཝཾ་རྒྱལ་པོ་ཆིང་ཝང་གིས་གདན་འདྲེན་ཞུས་ཏེ་སོག་ཡུལ་དུ་ཕེབས་ནས་འགྲོ་དོན་རྒྱ་ཆེར་མཛད། མི་དང་མི་མིན་གྱི་ཆེ་དགུ་ཐམས་ཅད་དབང་དུ་བསྡུས། སྡེ་བརྒྱད་དྲེགས་པས་བརྩེགས་པའི་ཁྲི་ལ་བཞུགས་ནས་སྣང་སྲིད་ཀྱི་འབྱུང་པོ་གདོན་བགེགས་ཐམས་ཅད་མངོན་སྤྱོད་དྲག་པོས་ཚར་བཅད། ཛཿཀ་དང་དཔལ་ཡུལ། ཁེ་རི། མཚོ་ཕུ། ཉག་རོང་སྟོད་སྨད། འབའ་དང་ལི་ཐང་སོགས་མདོ་སྨད་ཀྱི་གནས་ཆེན་ཐམས་ཅད་དུ་བསྙེན་མཚམས་བཞུགས་པ་དང་གུ་རུའི་སྐུ་རྟེན་བཞེངས་པ་སྒྲུབ་སྡེ་འཛུགས་པ་སོགས་ཀྱིས་འཕྲིན་ལས་ད་ལྟའི་བར་དུ་མི་ཉམས་པར་བསྐྱངས་ནས་དགུང་ལོ་རེ་བརྒྱད་པ་ཕྱི་ལོ་ ༡༦༩༢ ཆུ་སྤྲེལ་སྤྲེལ་ཟླའི་ཚེས་ཉེར་གསུམ་ལ་ངོ་མཚར་བའི་རྟགས་དང་བཅས་མཁའ་སྤྱོད་པདྨ་འོད་དུ་གཤེགས། སྐུ་གདུང་རིང་བསྲེལ་གྱི་ཕུང་པོར་གྱུར་ནས་ཐམས་ཅད་ངོ་མཚར་བའི་གནས་ལ་བཀོད་དོ། །

{{#arraymap:རིག་འཛིན་ཀློང་གསལ་སྙིང་པོ་

|; |@@@ | | }}