74382

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིག་འཛིན་ཆོས་རྒྱལ་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཁམས་ནང་ཆེན་སྡབ་གཞུང་དང་རྡོ་ཁྱིམ་ཞེས་པའི་ཡུལ་མཚེར་ས་མར་ཁུ་ཡར་གཞུང་དུ། དགེ་རུ་ཚེ་རིང་དོན་གྲུབ་ཚང་སར། ཡབ་གཙང་ངོར་པའི་ཚོང་དཔོན་ལ་མོ་ཆོས་སྐྱོང་དགོན་དང༌། ཡུམ་ལྷ་དཀར་སྒྲོལ་མའི་སྲས་སུ། རབ་བྱུང་བཅུ་གསུམ་པའི་ས་བྱ་ ༡༧༨༩ ལོར་འཁྲུངས། སྐུ་ལུས་ལ་དྲི་མ་མེད་ཅིང་མུན་པས་མི་སྒྲིབ། ཀུན་གྱིས་སྤྲུལ་སྐུ་ཞིག་ཡིན་པར་གླེང༌། ཤ་བ་བསད་པའི་ཤ་མ་ཡིས་ཟོས་པས། ཉམས་གྲིབ་ཆེན་པོ་བྱུང༌། ཨ་ཁུ་དགེ་སློང་ཡོན་ཏན་རྒྱ་མཚོས་ཁྲུས་མཛད་པས། ནད་ལས་གྲོལ་ཀྱང་མུན་པས་མི་སྒྲིབ་པའི་ལུས་མདངས་གསལ་དུ་མ་བཏུབ། དགོང་ལོ་དྲུག་ནས་ཆོས་དཔེ་རྣམས་ཐོགས་མེད་མཁྱེན། བརྒྱད་པ་ལ་སྐྱོག་བྲག་བསྟན་པའི་སྙིང་པོ་ལ་གཙུག་ཕུད་ཕུལ། མཚན་མི་ཕམ་ཆོས་རྒྱལ་ཞེས་གསོལ། བཅོ་ལྔར་ཁུ་བོ་དང་བཅས་དབུས་སུ་གནས་སྐོར་བྱོན། འབྲུག་བདེ་ཆོས་སུ། ཆོས་མགོན་དྲུག་པ་དང་། ཡོངས་འཛིན་ལྔ་པ། སོག་རྩེ་སྤྲུལ་སྐུ་བཅས་ལས་དབང་དང་ཆོས་ཁྲིད་མང་པོ་གསན། ར་ལུང་དུ་རྒྱལ་དབང་བརྒྱད་པའི་ཞལ་མཇལ་མ་ཐག་ཏུ། བླ་མ་དང་རང་སེམས་དབྱེར་མེད་འདྲེས། ནཱ་རོའི་རྒྱན་དྲུག་གསོལ་བའི་དབང་ཆེན་སྩལ། བཀའ་བརྒྱད་སྤྲུལ་སྐུ་དང་ལྷན་དགེ་ཚུལ་བསྒྲུབས། ཆོས་ཁྲིད་དབང་ལུང་མང་དུ་ཐོབ། ཁམས་ལ་ཕེབས། གྲུབ་ཐོབ་ཀརྨ་ཡན་ལག་གི་དྲུང་ནས། ཕྱག་ཆེན་སྔོན་འགྲོ་བཞི་སྦྱོར་སོགས་ཞུས་ཏེ། ཕྱག་འབུམ་ཐེར་བརྒྱ་དང་བཅུ་གསུམ་གྲུབ། གཏེར་སྟོན་བླ་མ་ལྷུན་གྲུབ་རབ་བརྟན། སི་ཏུ་པདྨ་ཉིན་བྱེད། ཨ་ལྡེའུ་ལྔ་པ་སོགས་ལས་དབང་ཁྲིད་ཅི་རིགས་ཞུས། ལྷ་བླའི་ལུང་ལྟར། མཚན་ལྡན་མ་ཨ་མཚོ་ལས་རྒྱར་བཞེས། པདྨ་བཛྲ་སྒྲུབ་དཀྱིལ་དང་འབྲེལ་བའི་བསྙེན་པ་དུང་ཕྱུར་གཉིས་ལྷག་དང༌། མ་ཎི་དུང་དྲུག ཨ་མི་དྷེ་ཝ་དུང་གསུམ་སོགས་ལྗགས་བསྙེན་མཛད། ཕྱི་ནང་གི་རྟགས་ངོ་མཚར་བའི་རྣམ་ཐར་མང་། གཉན་རྒྱལ་རྡོ་རྗེ་ཁྱུང་རྫོང་ནས་གུ་རུ་དྲག་མཐིང་ལྷ་ལྔ་དང༌། ཛམ་དཀར་ལྷ་ལྔའི་གཡང་སྒྲུབ་སོགས་གཏེར་ཆོས་སྐོར་དང༌། ལང་གྲོ་ལོ་ཙཱ་བའི་རིང་བསྲེལ། དམ་རྫས་ཨ་རྒྱ་མ་སོགས་ས་གཏེར་དྲངས། གཏེར་ཆེན་མཆོག་གླིང་། འཇམ་མགོན་ཀོང་སྤྲུལ། མཁན་ཆེན་ཟླ་བཟང་སོགས་ཀྱིས་བླ་མར་བཀུར། གཙོ་བོ་གྲུབ་ཆེན་ཚོགས་གཉིས་ལ། གཏེར་ཆོས་ཀྱི་བཀའ་བབ་ཅིང་ཉམས་བཞེས་མཛད། སློབ་མ། འབྲོང་པ་རིག་འཛིན་པདྨ་ལྷུན་གྲུབ། འཁྲུལ་ཞིག་རྒྱས་སྲས་རིན་པོ་ཆེ། འཁྲུལ་ཞིག་ས་སྤྲུལ། བྱམས་མེ་སྤྲུལ་སྐུ། འབྲུག་ཆོས་ཕུག་སྤྲུལ་སྐུ། འབྲུག་སྤྱི་ཕུག་བླ་མ་བསྟན་རབ། བླ་མ་སྤོ་ར་སངས་རྒྱས་ཆོས་འཕེལ། དབོན་པོ་དགེ་སློང་ཆོས་བཟང༌། རག་ཤུལ་བློ་རྒྱལ། སྔགས་འཆང་པདྨ་གསང་སྔགས། སྔགས་འཆང་པདྨ་བསྟན་འཛིན། དགེ་སློང་སྒྲུབ་མཆོག དགེ་སློང་ལྷུན་གྲུབ། མགོན་པོ་དབང་ལྡན། ཞེ་དཀར་རབ་བཟང༌། འུག་པ་བསྟན་འཛིན་ཡར་འཕེལ་དང༌། རི་བོ་ཆེ་མཆོག་སྤྲུལ་གྲགས་པ་རྒྱ་མཚོ། འཕགས་མཆོག་ངག་དབང་ལྷུན་གྲུབ། སྐྱོག་བྲག་སྤྲུལ་སྐུ་རྣམ་གསུམ་སོགས་བླ་སྤྲུལ་ཕལ་ཆེ་བས། ཆོས་ཀྱི་འབྲེལ་བ་མ་གསན་པ་མེད་པ་ལྟ་བུ་ཡིན་ནོ། །དགུང་ལོ་བདུན་ཅུ་ལ་རང་རྣམ་བརྩམས་ཤིང༌། དོན་བདུན་པ་ཤིང་གླང་ ༡༨༦༥ ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་ལ་སྐུ་གཤེགས་པའི་ཚུལ་བསྟན་ཏོ། །

{{#arraymap:རིག་འཛིན་ཆོས་རྒྱལ་རྡོ་རྗེ་

|; |@@@ | | }}