74385

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིག་འཛིན་བདུད་འདུལ་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཡུལ་སྡེ་དགེ་ཟིལ་རྒྱུད་དུ་དངུལ་ཕུ་བུ་རོ་ཚང་སར་རབ་བྱུང་བཅུ་པའི་ཤིང་ཡོས་ ༡༦༡༥ ལོར་སྐུ་འཁྲུངས། ལོར་སྐུ་བལྟམས། ཆུང་ནས་ཡིད་གཞུངས་ཤིང་དགེ་བའི་ངང་ཚུལ་དང་ལྡན་པས་ཆོས་མིན་གྱི་བྱ་བས་མ་གོས། ཡི་གེ་འབྲི་ཀློག་དང་གསོ་དཔྱད་སོགས་དཀའ་ཚེགས་མེད་པར་མཁྱེན། དགུང་ལོ་དྲུག་པ་ནས་དག་པའི་སྣང་བ་ཤར། དཔལ་ལྷུན་གྲུབ་སྟེང་གི་ཆོས་གྲྭར་ཞུགས་ནས་སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་ལ་གཙུག་ཕུད་ཕུལ། མཚན་ཀུན་དགའ་བསོད་ནམས་ཆོས་འཕགས་གསོལ། ཕ་བོང་ཞིག་ལ་ཞབས་རྗེས་བཞག་པ་འདུ་ཁང་ཆེན་མོའི་ཤར་སྒོའི་རྒྱབ་ཏུ་ཡོད་པར་གྲགས། དཔལ་ས་སྐྱ་བའི་གཞུང་ལམ་ལ་གསན་བསམ་ཅི་རིགས་གནང༌། དེ་ནས་སྙིང་པོའི་ཡེ་ཤེས་ཀྱི་དོན་འཚོལ་བ་ལ་སྐོམ་པ་ཆུ་འདོད་ལྟ་བུས་ཀཿཐོག་ཏུ་ཕེབས། འདྲེན་པ་དཀོན་མཆོག་སེངྒེ་རྨུགས་སངས་དགོན་དུ་བཞུགས་པས་དེར་བྱོན། རྫོགས་པ་ཆེན་པོའི་དབང་དང་གདམས་ཁྲིད་གསན་ནས་ཐུགས་ཉམས་སུ་བཞེས་པས་རྟོགས་པའི་ཀློང་བརྡོལ། ཀང་པོར་ཕེབས་ནས་ཉང་པོ་བཀྲ་ཤིས་ཚེ་བརྟན་དང་མཇལ་ནས་སྨིན་གྲོལ་མང་དུ་གསན། བྲག་དཀར་ལྷ་ཆུར་བཅུད་ལེན་མང་པོར་མཛད། སླར་རིག་འཛིན་འཇའ་ཚོན་སྙིང་པོའི་ཞབས་ལ་གཏུགས་ནས་དབང་ཁྲིད་མན་ངག་རྫོགས་པར་ཞུས། གཏེར་གྱི་སྐལ་བ་ཅན་དུ་ལུང་བསྟན་གནང༌། སྤུ་བོར་རཏྣགླིང་པའི་ཕུར་པ་ཡང་གསང་བླ་མེད་སྒྲུབ་པ་མཛད་པའི་མནལ་ལམ་དུ་ཟངས་མདོག་དཔལ་རིར་མཁའ་འགྲོ་མ་རྣམས་ཀྱིས་གདན་དྲངས་ནས་ཞག་ཉེར་བརྒྱད་བཞུགས་པའི་ཉམས་ཤར། ཨོ་རྒྱན་ཆེན་པོས་དབུ་ཞྭ་ཌཱཀི་སྤྲིན་ཕུང་དངོས་སུ་གནང་ནས་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ། རྟེན་སྔགས་འཆང་རྡོ་རྗེ་འཛིན་པའི་ཚུལ་དུ་བཞུགས། དམ་ཆོས་དགོངས་པ་ཡང་འདུས་སོགས་ཟབ་གཏེར་རྒྱ་མཚོ་ལྟ་བུ་སྤྱན་དྲངས། བླ་མ་བྱམས་པ་ཕུན་ཚོགས་ཀྱིས་གདན་དྲངས་ནས་སྡེ་དགེར་ཕེབས། བདུད་འདུལ་ལྷ་ཁང་ཞེས་གྲགས་པ་དེ་བཞེངས་ནས་རང་ལུགས་ཀྱི་བསྟན་སྲུང་རྣམས་རྒྱུན་དུ་མཆོད་པའི་མགོན་ཁང་བཞག ཀཿཐོག་ཏུ་ཕེབས་ནས་སྐལ་ལྡན་གྱི་སློབ་མ་མང་པོ་རྗེས་སུ་བཟུང༌། གཞན་མདོ་ཁམས་སྟོད་སྨད་ཀུན་ཏུ་ཕེབས་ནས་བསྟན་འགྲོ་སྤྱིའི་ས་གནད་གསོ་བ་དང་ཆོས་གཏེར་འབྱིན་པ་སྨིན་གྲོལ་ལ་འཆད་སྤེལ་མཛད། ཆོས་བདག་དང་སློབ་མའི་གཙོ་བོ་རིག་འཛིན་ཀློང་གསལ་སྙིང་པོ། ལྷ་བཙུན་ནམ་མཁའ་འཇིགས་མེད། རྦ་ཁ་སྤྲུལ་སྐུ་ཆོས་ཀྱི་རྒྱ་མཚོ། རྫོགས་ཆེན་པདྨ་རིག་འཛིན། སྟག་བླ་ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ། གྲུབ་ཆེན་པདྨ་ནོར་བུ་སོགས་རྡོ་རྗེ་འཛིན་པ་མང་པོ་བྱོན། ཁྱད་པར་རྒྱལ་སྲས་ནོར་བུ་ཡོངས་གྲགས་དང་ཁམས་སུ་ཕྱིས་པ་ཟོས་པདྨ་དབང་རྒྱལ་སོགས་གདུང་རྒྱུད་རིམ་བྱོན་དང༌། གཏེར་ཆེན་ཀློང་གསལ་སྙིང་པོ་སོགས་ཀྱིས་ཆོས་བརྒྱུད་ཀྱི་ཕྲིན་ལས་མི་ཉམས་པར་བསྐྱངས། དགུང་ལོ་ང་བརྒྱད་པ་ཆུ་བྱི་ཕྱི་ལོ་ ༡༦༧༢ ལོར་པདྨ་འོད་ཀྱི་ཕོ་བྲང་དུ་གཤེགས་སོ། །

{{#arraymap:རིག་འཛིན་བདུད་འདུལ་རྡོ་རྗེ་

|; |@@@ | | }}