74742

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ་ (1)
Part of speech མིང་ཚིག
Definition རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ། སྨན་འདིའི་རྒྱུ་ཆ་ནི་དུག་འདོན་གཡའ་ཕྱིས་སོགས་ཚད་ལྡན་ལས་གྲུབ་པའི་བདུད་རྩི་བཅུད་རྒྱལ་བཙོ་བཀྲུ་ཆེན་མོ་དང། གསེར། དངུལ། ཟངས། ལྕགས། ཨིནྡྲ་ནི་ལ། རྡོ་རྗེ་ཕ་ལམ། མརྒད། གཡུ་སོགས་བཞུ་བ་དང་མི་བཞུ་བའི་ཁམས་ཀྱི་ཐལ་བ་དང་། ཁ་ཆེ་གུར་གུམ། ཛ་ཏི། དཔའ་བོ་དཀར་སེར། ཨ་རུ་ར་སོགས་སྔོ་ཁྲོག་གི་སྨན་སྣེ་བརྒྱ་དང་བཞི་བཅུ་ཙམ་ལས་གྲུབ་པའི་སྦྱོར་བ་ཤིན་ཏུ་ཚད་ལོངས་ཤིང་སློབ་དཔོན་གོང་མའི་མཐོང་བ་བརྒྱུད་པའི་མན་ངག་གིས་བརྒྱན་ཏེ་སྨན་སྒྲུབ་དང་ལྡན་པའི་རིན་ཆེན་ཀུན་གྱི་རྒྱལ་པོ་ལྟ་བུ་ཡིན། ཕན་ཡོན་ནི་འདུ་འཁྲུགས་ལས་བྱུང་གསོ་དཀའི་ནད་མཐའ་དག །འདི་ཡིས་མི་སེལ་འགའ་མེད་ཡོན་ཏན་རྣམས། ། བརྗོད་ཀྱི་མི་ལང་རྒྱལ་ཁམས་ཡོངས་ལ་གྲགས། །ཞེས་གསུངས་པ་ལྟར། གྲང་སྦྱོར་རིལ་ནག་ཆེན་མོ་འདིས་ཉེས་པ་གསུམ་ལས་བྱུང་བའི་ནད་རིགས་སྤྱི་དང་། ལྷག་པར་ཕོ་བ་ན་བ་དང། མཆིན་ཁྲག་རྒྱས་པ། སྨུག་པོ་འཐབ་ནས་གླང་ཐབས་སུ་ན་བ། བྲང་དང་ཕོ་བར་ཚ་ཤར་རྒྱག་པ། དམར་པོ་ཁྲག་མདོག་བཤལ་བའམ་ཁྲག་རུལ་དུད་ཁུའི་མདོག་སྐྱུགས་པ། བཤང་བར་ཁྲག་འདྲེས་པ། སྙིང་ནད་རྐྱེན་གྱིས་ཁྲག་གི་རྒྱུ་བ་ཞན་པ། ཆུ་བསགས་པ། ཚིགས་གྲུམ་གྱི་ནད་རིགས། པགས་ནད་ཆུ་སེར། རྨ་རྙིང། གྱུར་དུག་དང་སྦྱར་དུག་སོགས་དུག་གི་ནད། མཛེ་ནད། འབྲས་ནད་ཀྱི་རིགས། གག་ལྷོག གཉན་རིམས་ཀྱི་ནད་སོགས་ལ་ཕན་པར་མ་ཟད། ནད་མེད་རྣམས་ཀྱིས་བསྟེན་ན་ལུས་མདངས་རྒྱས་ཤིང། དབང་པོ་གསལ་བ། རྒས་ཀ་སྲ་བ། རོ་ཙ་འཕེལ་བ། རྩ་དང་རུས་པ་མཁྲེགས་པ། ནད་གཞི་སྔོན་འགོག་ཐུབ་པ་སོགས་བཅུད་ལེན་གྱི་མཆོག་ཏུ་གྱུར་བ་ཡིན། བསྟེན་ཚུལ་ནི་སྨན་གཏོང་བའི་སྔ་ནུབ་གཡེར་མ་རྡོག་བདུན་ཙམ་གྱི་ཐང་བསྐོལ་ཏེ་དྲོད་འཇམ་བཏུང་ནས་རྩ་ཁ་འབྱེད་དགོས་པར་མ་ཟད། ནུབ་དེར་རིལ་བུར་ཉི་འོད་དང། གློག་འོད་སོགས་དཀར་ཆའི་རིགས་ཤུགས་ཆེར་ཕོག་མ་བཅུག་པར་དཀར་ཡོལ་དང་ཤེལ་ཕོར་སོགས་གས་ཆག་མེད་པའི་སྣོད་དུ་རིལ་བུ་ནུབ་ཙམ་གྱི་ཆུ་ཁོལ་ནང་སྦངས་ཏེ་ཁེབ་གཅོད་གཙང་མ་བཀབ་ནས་འཇོག་དགོས། སང་ཉིན་ཐོ་རངས་བདུད་རྩི་ཐུན་མཚམས་དང་བསྟུན་སྦངས་ཟིན་པའི་སྨན་ཐུར་མ་དང་སྲིན་མཛུབ་གང་རུང་གིས་བསྣུར་བའི་སྟེང་ཆུ་ཁོལ་ཅུང་ཟད་བསྣན་ཏེ་བཞེས་དགོས་ཤིང། དེའི་རྗེས་ཉལ་ཆས་དྲོ་བོ་གྱོན་ཏེ་མལ་སར་ཆུ་ཚོད་གཅིག་ཙམ་ཉལ་ནས་ལུས་རྔུལ་ཐོན་ཙམ་བྱེད་དགོས་པ་དང། དེ་ནས་ཁ་ཆེ་གུར་གུམ་ཆུ་ཁོལ་དུ་སྦངས་པའི་ཁུ་བ་ཅུང་ཟད་བཞེས་ན་ལུས་ཀྱི་རྩ་ཁ་བསྡམས་ཏེ་སྨན་ནུས་ཕྱིར་མི་འཆོར་བའི་དགོས་ཁྱད་ཡོད། གོང་གསལ་མཐུན་རྐྱེན་རིགས་མ་འཛོམས་པ་དང་ཛ་དྲག་བསྟེན་དགོས་ཚེ་སྨན་དཀྱུས་མ་བཞིན་སྐབས་མཚམས་ཆུ་ཁོལ་གྱིས་བཞེས་ཀྱང་འགྲིག ནད་མེད་བཅུད་ལེན་དུ་བསྟེན་མཁན་རིགས་ནས་ཚེས་བརྒྱད་དང། བཅོ་ལྔ། གནམ་གང་སོགས་གཟའ་ཚེས་དགེ་བའི་དུས་སུ་བཞེས་ཐུབ་ཚེ་ཕན་ནུས་ཆེ་ལ་སྨན་འདི་བཏང་རྗེས་ཉིན་གསུམ་ནས་བདུན་ཕྲག་གཅིག་ཙམ་གྱི་རིང་ཉ་ཤ་དང། ཕག་ཤ སྒོ་ང། ཆང་སྐྱུར། ཙོང་། སྒོག་པ། ཀེའུ། རུལ་སུངས། ཁ་ཚ་བའི་རིགས། སྤྱོད་ལམ་དྲག་ཤུལ་དང། བརྡབ་འཁྲུགས། ཉིན་གཉིད། ཆུ་གྲང་ཞུགས། འཁྲིག་སྤྱོད་སོགས་འཛེམ་དགོས།
Domain གསོ་རིག

{{#arraymap:རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ་

|; |@@@ | | }}