76939

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་དབང་རྗེ་ཀུན་དགའ་དཔལ་འབྱོར་འབྲུག་ཆེན་སྐུ་ཕྲེང་གསུམ་པ་ (1)
Part of speech མིང་ཚིག
Definition ཡབ་རྗེ་ཤེས་རབ་བཟང་པོ་དང༌། ཡུམ་དཔོན་མོ་ཀུན་དགའ་འཛོམ་གྱི་སྲས་སུ། རབ་བྱུང་བདུན་པའི་ས་སྤྲེལ་ ༡༤༢༨ ལོར་བལྟམས། འདི་ཆོས་རྗེའི་སྤྲུལ་སྐུར་ཡོངས་སུ་གྲགས། གཏེར་སྟོན་རཏྣ་གླིང་པས། ལོ་ཙཱ་བ་ཀླུའི་དབང་པོའི་སྐྱེ་བ་ཡིན་པར་གསུངས། སྐུ་ཆུང་ངུ་ནས་གཞུང་ལུགས་མང་པོ་ཐུགས་སུ་ཆུད། ཡབ་ལ་འབྲུག་སྐོར་གྱི་གསན་པ་མཐར་ཕྱིན་མཛད། དགུང་ལོ་བརྒྱད་པ་ལ་གདན་སའི་ཁྲིར་ཕེབས། ཚོགས་ལ་བརྟག་གཉིས་གསུངས། མཁན་པོ་དགྲ་བཅོམ་པ་གངས་ཅན་ཀུན་དགའ་དཔལ་ལས་དགེ་ཚུལ་མནོས། མཚན་ཀུན་དགའ་དཔལ་འབྱོར་ཞེས་གསོལ། མཁན་ཆེན་དེ་ཉིད་ཀྱི་དྲུང་ནས་སོར་མདོ་དང་ཀ་རི་ཀཱ་ལྔ་བཅུ་པ། རས་ཆུང་སྙན་བརྒྱུད་ནོར་བུ་སྐོར་གསུམ་ཆ་ལག་དང་བཅས་པ། དམར་ཁྲིད་ཚོམ་བུ་ལུགས་སྙིང་པོ་དོན་གསུམ། སུམ་པ་ལོ་ཙཱ་བའི་སྙན་བརྒྱུད། མ་གཅིག་གྲུབ་རྒྱལ་མའི་ཚེ་ཁྲིད་སོགས། མང་དུ་གསན། ཉི་ཤུ་ལ་ཇོ་གདན་ཚོགས་པའི་མཁན་པོ། དོན་གྲུབ་དཔལ་བ་ལ་བསྙེན་པར་རྫོགས། ཡབ་འདས་ནས་འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར་བླ་མར་བསྟེན། སློབ་དཔོན་བདེ་རིངས་པའི་མདུན་ནས། བསྡུས་པ་དང་ཚད་མ་སྦྱངས། རིགས་ལུང་ལ་བརྫུས་ཏེ་གསང་ཕུ་འབྲས་སྤུངས་སོགས་སུ་ཕེབས། སྟོན་པ་བཟང་བའི་གྲགས་པ་ཐོབ། སྙེ་ཐང་བློ་བརྟན་དང༌། སྒྲ་པ་ཨ་མོ་གྷ་པར་ལ་ཀ་ཙན། སྙན་ངག ། མངོན་བརྗོད་སོགས་དང་། གཞུང་དུ་བྱོན། རྔོག་སྟོན་བྱང་ཆུབ་དཔལ་པས། རྔོག་བདུན་བརྒྱུད་ཀྱི་དབང་བུམ་ཡང་རྗེ་འདི་ལ་ཕུལ། པཎྜི་ཏ་ནགས་རིན། སྙན་རས་ནམ་མཁའ་རྒྱལ་མཚན། ངོར་ཆོས་རྗེ་ཀུན་དགའ་བཟང་པོ། ཆོས་རྗེ་བྱམས་གླིང་པ། ལྕང་ལུང་པ་གཞོན་ནུ་བློ་གྲོས། འགོས་ལོ་གཞོན་ནུ་དཔལ་སོགས་བླ་མ་མང་པོ་བསྟེན་ཏེ་རྒྱུད་སྡེའི་བཤད་སྲོལ་དུ་མ་ཞིག་གསན། གདན་སའི་འཛིན་སྤྲས་བོར་ནས། ཅོག་པུའི་སྲོལ་བཏོད་དེ་ཕྱོགས་བྲལ་གྱི་བསྟན་པ་སྐྱོང་བར་ཙ་རི་དྭགས་ཀོང་སོགས་སུ་ཕེབས། ཞེ་གསུམ་ནས་སྒམ་པོའི་གདན་ས་ལོ་དྲུག་མཛད། ཞེ་དགུ་པ་མེ་སྤྲེལ་ ༡༤༧༦ ལོའི་བོད་ཟླ་བཅུ་པའི་གནམ་སྟོང་ལ་མྱ་ངན་ལས་འདས། གདུང་ཞུགས་ལ་ཕུལ་བས། ལྷ་སྐུ་ཡིག་འབྲུ་རིང་བསྲེལ་མཐའ་ཀླས་སོ། །གསུང་ཆོས་རྒྱ་བོད་གྲུབ་མཐའི་དགག་སྒྲུབ་ཕྱོགས་བསྡེབས་གྲུབ་པའི་ཤིང་རྟ། ལུས་སེམས་དངོས་པོའི་གནས་ལུགས་བསྟན་པའི་སྡེ་ཚན། རྣལ་འབྱོར་བཞི་རིམ་གྱི་སྐོར་སོགས་དང༌། གསུང་མགུར་ཡང་ཤིན་ཏུ་མང་པོ་བཅས་པོད་གཉིས་ཙམ་བཞུགས། སློབ་མ་ནི། རིགས་ཀྱི་དབོན་ཆོས་ཀྱི་སྲས་སུ་གྱུར་པ་རྗེ་འབྲུག་པ་ངག་དབང་ཆོས་རྒྱལ། མཁས་པ་རྣམ་གཉིས། དགེ་སློང་རྣམ་གཉིས། བླ་མ་རྣམ་གཉིས། རྟོགས་ལྡན་རྣམ་གཉིས། རས་པ་རྣམ་གཉིས། སྔགས་འཆང་རྒྱལ་མཚན་ལྷུན་གྲུབ་རྣམས་ནི་རྩ་སློབ་དང༌། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། རྗེ་བཙུན་མ་ཀུན་དགའ་བཟང་མོ། ཆོས་རྗེ་འཆི་མེད་གྲུབ་པ་རྣམས་ཉེ་སློབ་དང་། གཞན་གཙང་སྨྱོན་ཧེ་རུ་ཀ འབྲུག་སྨྱོན་ཀུན་ལེགས། འབའ་རའི་དབོན་ནམ་མཁའ་རིན་ཆེན། གྲུབ་ཆེན་ཀུན་དགའ་འཕེལ་བ། ཞལ་སྔ་འཕགས་པ་ལྷ། འབྲི་གུང་དབོན་རིན་པོ་ཆེ། དཔའ་བོ་ཆོས་དབང་ལྷུན་གྲུབ་སོགས་ཟབ་ཆོས་ཀྱིས་འབྲེལ་བའི་སློབ་མ་ཤིན་ཏུ་མང་ངོ༌། །

{{#arraymap:རྒྱལ་དབང་རྗེ་ཀུན་དགའ་དཔལ་འབྱོར་འབྲུག་ཆེན་སྐུ་ཕྲེང་གསུམ་པ་

|; |@@@ | | }}