77092

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བ་ཇོ་ནང་བའི་ལྟ་གྲུབ་ (1)
Part of speech མིང་ཚིག
Definition འཁོར་ལོ་ཐ་མའི་ལྟ་གྲུབ་ཅིག་སྟེ། རྒྱལ་བའི་བཀའ་སྤྱི་དང་ལྷག་པར་ངེས་དོན་མདོ་བཅུ་དང་སྙིང་བོ་མདོ་བཅུ་སྟེ་ངེས་དོན་གྱི་མདོ་སྡེ་ཉི་ཤུ་དང་། གཞན་ཡང་དོན་དམ་པའི་མཚན་བརྗོད་ཀྱི་མདོ་དང་། ཐེག་ཆེན་རྒྱུད་བླ་གཙོས་པའི་བྱམས་ཆོས་ལྔ། རྒྱུད་བླ་ཐོགས་འགྲེལ་གཙོས་པའི་ཐོགས་མེད་ཀྱི་ཆོས་སྡེ་ཀུན་དང་། འཕགས་པ་ཀླུའི་དབུ་མ་ཆོས་དབྱིངས་བསྟོད་པ་གཙོས་པའི་བསྟོད་ཚོགས་དང་རིགས་ཚོགས་གཉིས། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་མདོ་དགོངས་འགྲེལ་གྱི་འགྲེལ་བ། སློབ་དཔོན་དབྱིག་གཉེན་གྱི་དབུས་མཐའི་འགྲེལ་བ་དང་། ཡུམ་གསུམ་གནོད་འཇོམས་སོགས་མདོ་དང་མདོ་འགྲེལ་སྐོར་དང་། རྒྱུད་ཀྱི་རྒྱལ་བོ་རྡོ་རྗེ་མཁའ་འགྲོ། རྒྱུད་རྡོ་རྗེ་རྩེ་མོ། རྡོ་རྗེ་ཕྲེང་བ། ཀྱེ་རྡོ་རྗེའི་རྒྱུད། དུས་འཁོར་རྒྱུད། དེ་ཁོ་ན་ཉིད་ཀྱི་སྡུད་པའི་རྒྱུད་སོགས་རྒྱུད་བཀའ་དུ་མ་དང་། སེམས་འགྲེལ་སྐོར་གསུམ་དང་། ནཱ་རོ་པའི་རྡོ་རྗེ་ཚིག་གི་སྙིང་པོའི་དཀའ་འགྲེལ། ཟླ་བ་གྲགས་པའི་གསང་འདུས་སྒྲོན་གསལ། འཇལ་དཔལ་གྱི་ལྟ་འདོད་མདོར་བསྟན་སོགས་རྒྱུད་དང་རྒྱུད་འགྲེལ་དུ་མ་བཅས་ཏེ་མདོར་ན་བཀའ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་བསྟན་དོན་ཅི་ལྟ་བ་བཞིན་དང་། ཀླུ་ཐོགས་དགོངས་པ་གཅིག་དྲིལ་གྱི་ལྟ་དགོངས་ཟབ་མོ་སྣང་སྟོང་ཟུང་འཇུག་ཅེས་དང་། བདེ་སྟོང་དབྱེར་མེད་ཀྱི་ལྟ་བ་སྟེ། ཀུན་རྫོབ་གཟུང་འཛིན་གྱི་སྤྲོས་པ་ཀུན་སྟོང་ཞིང་མེད་པས་ཡོད་མཐའ་ཁེགས་པ་དང་། སྤྲོས་མེད་དེའི་ངང་དུ་དོན་དམ་གྱི་སྐུ་དང་ཞིང་ཁམས་རབ་འབྱམས་ཀྱི་སྣང་བ་འགག་མེད་དུ་ཡོད་པས་མེད་མཐའ་ཁེགས་པ་སྟེ་མཐའ་གཉིས་སེལ་བའི་དབུ་མ་ཆེན་པོ་ནི་དོན་དམ་པའི་བདེན་པ་དང་། བདག་གཉིས་ཀྱིས་བསྡུས་པའི་ཀུན་རྫོབ་ནི་གནས་ལུགས་ལ་གཏན་ནས་མེད་ཀྱང་རྣམ་ཤེས་ངོར་བདེན་མེད་སྒྱུ་མ་ལྟ་བུར་སྣང་དུ་ཡོད་པ་སོགས་བདེན་པ་གཉིས་དང་། གཞི་ལྔ་དང་། རང་བཞིན་གསུམ། ཆོས་ལྔ། ཤེས་བྱ་ཉེར་ལྔ་སོགས་རྣམ་གྲངས་དུ་མའི་སྒོ་ནས་བསྟན་པ་དང་། དེ་དག་ཀྱང་མདོའི་དགོངས་དོན་ལྟར་རྟོན་མི་རྟོན་གྱི་རིགས་པ་བརྒྱད་དམ་བཞིའི་སྒོ་ནས་གཏན་ལ་ཕབ། དེ་ཡང་འཕགས་པའི་མཉམ་བཞག་ངོར་གང་དུ་ཡང་ཁས་ལེན་བརྗོད་དུ་མེད་ཅིང་རྗེས་ཐོབ་ཤན་འབྱེད་ངོར་གནས་ལུགས་ལྟར་ཡོད་མེད་ཀྱི་ཁས་ལེན་ཀུན་དང་ལྡན་པ་དང་། ཀུན་རྫོབ་ཀྱི་རྣམ་གཞག་ཐམས་ཅད་གྲུབ་མཐའི་སེམས་ཙམ་དང་རྣམ་གྲངས་ཙམ་མཐུན་པར་འདོད་ཀྱང་མཚན་ཉིིད་གསུམ་གྱི་ངོ་བོ་ངོས་འཛིན་ཐད་ལུང་རིགས་དུ་མའི་སྒོ་ནས་སེམས་ཙམ་ལས་ཁྱད་པར་འཕགས་པ་དང་། ཇོ་ནང་མ་ཏི་པཎ་ཆེན་གྱི་དངོས་སློབ་བཙུན་པ་འཇམ་དཔལ་གྲགས་པས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་དང་། ཇོ་ནང་ཏཱ་ར་ནཱ་ཐས་གཞན་སྟོང་སྙིང་པོར་རྣམ་རིག་དབུ་མའམ་དབུ་མ་ཆེན་པོ་ཞེས་དང་། ཀུན་མཁྱེན་དོལ་བོ་པས་རྫོགས་ལྡན་དབུ་མ་ཞེས་སོགས་མདོ་རྒྱུད་ནས་མཚན་གྱི་རྣམ་གྲངས་སྟོང་ཕྲག་དུ་མས་བསྟན་པའི་ལྟ་གྲུབ་དེའོ། །

{{#arraymap:རྒྱལ་བ་ཇོ་ནང་བའི་ལྟ་གྲུབ་

|; |@@@ | | }}