77104

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བ་བློ་བཟང་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་པའི་མེ་སྦྲུལ་ཕྱི་ལོ་ ༡༦༡༧ ལོར་ལྷོ་ཁ་འཕྱོངས་རྒྱས་འཕྱིང་བར་སྟག་རྩེར་ཡབ་བདུད་འདུལ་རབ་བརྟན་དང༌། ཡུམ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། པཎ་ཆེན་བློ་བཟང་ཆོས་རྒྱན་དང༌། འབྲས་སྤུངས་ཀྱི་མི་སྣ་ཁག་བཅས་ཀྱིས་རྒྱ་ཆེའི་ཕེབས་བསུ་ཞུས་ཏེ་དགའ་ལྡན་ཕོ་བྲང་གི་རྒྱལ་དབང་གོང་མའི་བཞུགས་ཁྲི་རིན་པོ་ཆེར་ཞབས་སོར་འཁོད། པཎ་ཆེན་རིན་པོ་ཆེས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ་ངག་དབང་བློ་བཟང་རྒྱ་མཚོ་ཞེས་གསོལ། དེ་ནས་རིམ་པར་དགེ་ཚུལ་སློང་གི་སྡོམ་པ་བཞེས། ཕྱི་ལོ་ ༡༦༤༢ ཟླ་ ༤ ཚེས་ ༥ ཉིན་གཞིས་རྩེའི་ཚོམས་ཆེན་དུ་གསེར་ཁྲིར་མངའ་གསོལ་ཏེ་རྒྱལ་བློན་འབངས་ཚོགས་འདུས་པའི་མཛད་སྒོའི་སར་བོད་ཆོལ་ཁ་གསུམ་གྱི་བདག་པོར་མངའ་གསོལ་ཞིང༌། གུ་ཤྲིར་རང་ཉིད་ཀྱི་དཔུང་ཚོགས་དང་བཅས་པ་ཏཱ་ལའི་བླ་མའི་མངའ་འབངས་སུ་ཕུལ། དེ་ནས་བཟུང་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ལུགས་གཉིས་ཆབ་སྲིད་ཀྱི་མངའ་ཐང་དབུ་བརྙེས་པ་དང༌། དེ་ནས་ལྔ་པ་ཆེན་པོ་མཆོག་དང༌། དགའ་ལྡན་ཕོ་བྲང་བའི་སྡེ་སྲིད་ཞབས་འབྲིང་དང་བཅས་པ་ལྷན་འཛོམས་བཀའ་གྲོས་ཀྱིས་སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོས་དམར་པོ་རིར་བརྩིགས་པའི་ཕོ་བྲང་དེའི་ཤུལ་རང་ལ་ད་ལྟའི་ཕོ་བྲང་པོ་ཏཱ་ལ་རྒྱ་བསྐྱེད་གནང་བའི་ཐུགས་ཐག་བཅད་དེ་ཤིང་བྱི་ཕྱི་ལོ་ ༡༦༤༥ ལོར་འགོ་བཙུགས་ཏེ་སྔ་རྗེས་སུ་བསྡོམས་ལོ་ ༤༣ ནང་ལེགས་པར་གྲུབ། ཆུ་འབྲུག་ཕྱི་ལོ་ ༡༦༥༢ ལོར་མན་ཇུ་གོང་མ་དང་པོ་ཧྲུན་ཀྲིས་ཏཱ་ལའི་བླ་མ་རིན་པོ་ཆེ་པེ་ཅིང་དུ་གདན་འདྲེན་ཞུས་པ་ལྟར་ཆིབས་བསྒྱུར་གནང༌། མན་ཇུ་གོང་མས་ཏཱ་ལའི་བླ་མར་བཀུར་གཟོ་ཞུ་དགོས་པའི་རྒྱུ་མཚན་གཅིག་ནི། བོད་རྒྱ་གཉིས་དབར་གྱི་ས་མཚམས་རྒྱ་ཆེ་ཞིང༌། ལྷག་པར་བྱང་ཤར་རྒྱ་སོག་ས་མཚམས་སུ་སོག་པོའི་བཙན་འཛུལ་ཡང་ཡང་བྱུང་བས། ཏཱ་ལའི་བླ་མ་ཆོས་ཕྱོགས་ཀྱི་བཀའ་ལ་སོག་པོས་དང་ལེན་ཞུ་བར་བརྟེན། རྒྱ་བོད་དབར་མཆོད་ཡོན་གྱི་འབྲེལ་བ་ཡག་པོ་བྱུང་ན། སོག་པོས་རྒྱ་ནག་དང་མན་ཇུའི་ས་ཁོངས་བཅས་ལ་གནོད་པ་མི་བྱེད་པར་ཕན་ཐོགས་ཡོང་རྒྱུ་ཤེས་ནས་རྒྱ་ནག་ཏུ་གདན་འདྲེན་ཞུས་པ་ཞིག་ཡིན། དེ་དུས་པེ་ཅིང་དུ་ཏཱ་ལའི་བླ་མ་བཞུགས་ས་ཕོ་བྲང་སེར་པོ་ཞེས་པ་དེ་གསར་དུ་བསྐྲུན། དེ་གར་ཕེབས་སྐབས་གོང་མ་རང་ཉིད་ཀྱང་ཕེབས་བསུར་བཅར་བ་སོགས་འདྲ་མཉམ་གྱི་ཆེ་མཐོང་དང༌། མཚན་བསྟོད་རྒྱ་ཆེ་ཕུལ་ཡོད། བོད་ས་སྟོད་སྨད་བར་གསུམ་ལ་སྐོར་ཞིབ་པ་གཞུང་ཞབས་ཆེད་བརྫངས་གནང་སྟེ་འབངས་ཀྱི་བདེ་སྡུག་ལ་གཟིགས་རྟོག་དང༌། ས་མི་ཞིབ་བཤེར། སྒོ་ཁྲ་ཐེམ་བཤེར་གྱི་མིང་གཞུང་གསར་བཟོ། ཁྲོ་བཟོ་ཁུངས་འཇུག ཡུལ་ལུང་ཡར་རྒྱས་ཀྱི་མཐུན་རྐྱེན། ས་སྡེ་སྲུང་བའི་ཡུལ་དམག་གི་དམག་ཕོགས་སུ་བཏང་བའི་ལྷག་མ་རྣམས་གཞུང་གི་མཛོད་ཁང་དུ་འབུལ་རྒྱུའི་སྲོལ་གཏོད་མཛད་པ་དང༌། སྔར་བོད་ཀྱི་ཆོས་རྒྱལ་རྣམ་པའི་སྐུ་དུས་སུ་ཆ་ལུགས་རྒྱན་གོས་རྣམས་ཀྱི་སྲོལ་བཟང་མི་ཉམས་པའི་ཆེད། དགུང་གསར་སོགས་མཛད་ཆེན་ཁག་ལ་གཞུང་ཞབས་ཚོས་རིན་ཆེན་རྒྱན་གོས་སྤྲས་དགོས་པའི་སྲོལ་བཟང་སླར་གསོ་མཛད་པ་དང༌། དེ་བཞིན་བླ་སྤྲུལ་དང༌། རྒྱལ་ཕྲན། སྡེ་དཔོན། གཞུང་ཞབས་བཅས་ཀྱི་གོ་བབ་ལ་གཞིགས་པའི་གདན་ཐོབ་མཐོ་དམའི་གདན་ཡིག་ཀྱང་གསར་སྒྲིག་མཛད། རྒྱ་ནག་ཏུ་བཞུགས་སྐབས་བོད་སོག་རྒྱ་གསུམ་གྱི་དགོན་སྡེ་ཆེ་ཆུང་ཀུན་ལ་ཞབས་ཀྱི་བཅགས་ཏེ། སངས་རྒྱས་ཀྱི་བསྟན་པ་ཕྱོགས་ཡོངས་སུ་རྒྱ་ཆེར་སྤེལ་བའི་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་པ་མ་ཟད། སྲིད་ཕྱོགས་ལའང་གུ་ཤྲིར་ཁཱང་གི་སྲས་བསྟན་འཛིན་རྡོ་རྗེར་རྒྱལ་པོའི་གོ་མིང་གནང་ཞིང༌། སྡེ་སྲིད་བསོད་ནམས་ཆོས་འཕེལ་གཤེགས་ཚབ་ཏུ་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་དང༌། མཆོད་དཔོན་བློ་བཟང་མཐུ་སྟོབས་དང༌། རྣམ་གྲྭ་བློ་བཟང་སྦྱིན་པ། གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་བཅས་རིམ་པར་སྡེ་སྲིད་དུ་བསྐོས་གནང་མཛད་ཅིང༌། སྡེ་སངས་རྒྱས་རྒྱ་མཚོ་ནི་མཁྱེན་འཇོན་གཉིས་ཀ་ཆེ་ཞིང༌། ལྷག་པར་སྨན་གྱི་སྐོར་མཁྱེན་རྒྱ་རབ་ཏུ་ཡངས་པས་ཕྱག་རྗེས་རྒྱ་ཆེར་མཛད། ཁོང་གིས་པོ་ཏ་ལ་ཉམས་གསོའི་ལས་དོན་གཞི་རྒྱ་ཆེ་བས་འཐུས་ཤོར་དང༌། འགལ་རྐྱེན་མི་ཡོང་བ་སོགས་ཀྱི་ཆེད་རྒྱལ་དབང་ཆེན་པོ་དགོངས་པ་གཞན་དོན་གཤེགས་རྗེས་ལོ་ ༡༢ ཙམ་ཕྱི་གྱར་གསང་བ་མཛད་དེ་རྩེ་ཕོ་བྲང་ཉམས་གསོ་རྒྱ་བསྐྱེད་ལེགས་སྒྲུབ་མཛད། ཆོས་སྲིད་གང་ལའང་མཁྱེན་རྒྱ་ཤིན་ཏུ་ཆེ་ཞིང༌། མདོ་སྔགས་རིག་གནས་དང་བཅས་པའི་གསུང་རྩོམ་རྒྱ་ཆེར་མཛད་པ་དང༌། བོད་རྒྱལ་ཁབ་ལ་ཆོས་སྲིད་གཉིས་ཀྱི་མཛད་པ་རྒྱ་ཆེར་མཛད་པ་དང༌། བོད་འབངས་རྣམས་ལ་བཀའ་དྲིན་ཆེ་བ་སྨོས་མེད་ཐོག རྒྱ་སོག་རྣམས་ཀྱིས་ཀྱང་བདེ་སྡུག་སྐྱབས་འཇུག་ཞུ་ས་དང༌། འཁྲུག་རྩོད་ཀྱི་རྙོག་འཛིང་འཚེ་མེད་ཞི་བའི་ལམ་ནས་ཐག་གཅོད་གནང་མཁན་ཞི་བདེའི་དེད་དཔོན་ཆེན་པོ་ཞིག་ཀྱང་ཡིན། གསུང་རྩོམ་སྐོར་ལ། རང་ཉིད་ཀྱི་རྣམ་ཐར་རང་རྩོམ་དང༌། རྩ་བའི་བླ་མ་ཁག་གི་རྣམ་ཐར། བོད་ཀྱི་རྒྱལ་རབས་ལོ་རྒྱུས། སྙན་ངག མཚན་ཉིད་རིག་པ། ཁྲིམས་ཡིག གནས་དགོན་མང་པོའི་དཀར་ཆག ས་སྐྱའི་ཆོས་སྐོར། རྙིང་མའི་ཆོས་སྐོར། དཔར་བསྐྲུན་མི་ཆོག་པའི་བཀའ་རྒྱ་མ་བཅས་པོད་གྲངས་སུམ་ཅུ་ལྷག་ཡོད། ཆུ་ཁྱི་ཕྱི་ལོ་ ༡༦༨༢ ལོར་རྒྱལ་དབང་མཆོག་གློ་བུར་དུ་ཞབས་ཀྱི་སྙུན་གཞིའི་ཚུལ་བཞེས་ཤིང༌། སྡེ་སྲིད་ལ་རེ་ཞིག་གསང་རྒྱ་བྱས་ཏེ། བྱ་བ་ཆེ་ཕྲ་བློས་མ་ཆོད་པ་མཐའ་དག་ལྷ་མོར་བརྟག་བསྒྲིལ་ཞུ་དགོས་སོགས་ཞལ་ཆེམས་རྒྱ་ཆེ་སྩལ་རྗེས་སྐུ་མྱ་ངན་ལས་འདས་ཚུལ་བསྟན།

{{#arraymap:རྒྱལ་བ་བློ་བཟང་རྒྱ་མཚོ་

|; |@@@ | | }}