77108

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རྒྱལ་བ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་བཞི་པའི་མེ་བྱི་ལོ་སྟེ་ཕྱི་ལོ་ ༡༨༡༦ ལོའི་ཟླ་ ༣ ཚེས་ ༢༩ ཉིན་ཁམས་ལི་ཐང་སྤོ་འབོར་སྒང་གི་ཆར་གཏོགས་གནས་སྡོད་ནོར་བུ་གྲོང་ཞེས་པར་ཡབ་བློ་བཟང་སྙན་གྲགས་དང༌། ཡུམ་རྣམ་རྒྱལ་བུ་འཁྲིད་གཉིས་ཀྱི་སྲས་སུ་སྐུ་བལྟམས། བོད་ལྗོངས་ལྷ་བླའི་ལུང་བསྟན་ལ་བོད་ཤར་ཕྱོགས་སུ་འཁྲུངས་ཡོད་ཚུལ་རྩེ་མཐུན་བྱུང་བས། བོད་གཞུང་གིས་ཡང་སྲིད་བརྩད་གཅོད་མི་སྣ་བསྐོ་གཏོང་གནང་སྟེ་ལི་ཐང་དུ་སྐུ་འཁྲུངས་པའི་ཆུང་སྲིད་རིན་པོ་ཆེ་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་ཞུས་ཏེ་ཕོ་བྲང་ཆེན་པོ་ཏཱ་ལའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཞུས། བཀའ་ཤག་ནས་སྒོས་གཞིས་སོགས་འབོར་ཆེན་གནང་ཞིང་ཕྱིས་སུ་གཡུ་ཐོག་ཅེས་པ་དེ་ཉིད་ཡིན། ཕྱི་ལོ་ ༡༨༢༢ ལོར་པཎ་ཆེན་རིན་པོ་ཆེ་བསྟན་པའི་ཉི་མས་དབུ་སྐྲ་གཙུག་ཕུད་བཞེས། ཟླ་བ་གཅིག་གི་རྗེས་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་ལ་ངག་དབང་བློ་བཟང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་ཞེས་གསོལ། ལོ་དེའི་ནང་ཕོ་བྲང་པོ་ཏཱ་ལར་གསེར་ཁྲིར་མངའ་གསོལ། ཡོངས་འཛིན་རྣམ་པའི་མདུན་ནས་གསན་སྦྱངས་མཛད་པ་མ་ཟད། ས་གླང་ལོ་སྟེ་ཕྱི་ལོ་ ༡༨༢༩ ལོར་དགུང་ལོ་བཅུ་པ་ལ་ཕེབས་སྐབས་དཔལ་ལྡན་འབྲས་སྤུངས་ཆོས་གྲྭར་ཕེབས་ནས་གཞུང་ལུགས་རབ་འབྱམས་སྨྲ་བའི་ཡོངས་འཛིན་དག་ལ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་ལ་སྦྱོང་པར་མཛད་པ་སོགས་སེ་འབྲས་གཉིས་སུའང་ཐོས་བསམ་ཆེད་ཕེབས་བསྐྱོད་མཛད། ཕྱི་ལོ་ ༡༨༣༠ ལོར་སྤྱི་སྒེར་ཡོངས་ཀྱི་ཁྲལ་རིགས་མོས་སྙོམ་ཞིབ་གཅོད་ཀྱིས་ལྕགས་སྟག་ཞིབ་གཞུང་ཞེས་པའི་རྩ་འཛིན་དེབ་གཞི་གསར་སྒྲིག་གཏན་འབེབས་མཛད། ཕྱི་ལོ་ ༡༨༣༡ ལོར་ཕོ་བྲང་དམར་པོ་སོགས་ཉམས་གསོ་མཛད་པ་དང༌། ཤིང་རྟ་ལོ་སྟེ་ཕྱི་ལོ་ ༡༨༣༤ ལོར་དགུང་ལོ་བཅུ་དགུར་པཎ་ཆེན་བསྟན་པའི་ཉི་མ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ལོ་དེར་ཐོར་རྒོད་རྒྱལ་པོའི་རེ་འདུན་ལྟར་ཐོར་རྒོད་གྲྭ་ཚང་གྲྭ་རིགས་ཆེད་གཏོང་མཛད་དེ་བསྟན་འགྲོའི་མཛད་བཟང་བསྐྱངས། སྤྱིར་ྋརྒྱལ་མཆོག་རྒྱུན་དུ་སྐུ་གཟུགས་སྙུན་མནར་ཐོག བོད་ཀྱི་ས་ཁུལ་མང་པོ་ཞིག་ལ་དམག་ཟིང་དང༌། ལྷག་པར་གཞུང་ཞབས་བླ་དཔོན་ནང་ཁུལ་དམ་ཚིག་ཉམས་དམས་ཆེ་བས། བོད་བསྟན་སྲིད་ཀྱི་གནས་སྟངས་ཉམས་ཞན་དུ་གྱུར་པ་སོགས་འགལ་རྐྱེན་དུ་མའི་དབང་གིས་ཁོང་གི་སྐུ་ཚེ་གང་པོར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་གཙོ་འགན་བཞེས་ཁོམ་མ་བྱུང་ཞིང༌། རབ་བྱུང་བཅུ་བཞི་པའི་མེ་བྱ་ལོ་སྟེ་ཕྱི་ལོ་༡༨༣༧ ལོའི་ཟླ་ ༩ ཚེས་ ༡ ཉིན་རྩེ་ཕོ་བྲང་ཆེན་པོ་པོ་ཏཱ་ལར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན།

{{#arraymap:རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་

|; |@@@ | | }}