77115

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བ་ཡོན་ཏན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རྒྱལ་བ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་མཆོག་ནི། རབ་བྱུང་དགུ་པའི་ས་མོ་གླང་ལོ་སྟེ་ཕྱི་ལོ་ ༡༥༨༩ ལོར་སོག་པོའི་ཡུལ་དུ་ཡབ་ཆེན་གུར་རྒྱལ་པོ་ཚུལ་ཁྲིམས་ཆོས་རྗེ་དང༌། ཡུམ་བཙུན་མོ་ཆུང་བ་ཕཱ་ཁིན་ནུ་ལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བླ་ལྷའི་ལུང་བསྟན་དང་འཁྲུངས་ལྟས་སོགས་ཀྱི་མཛད་སྤྱོད་ལ་བརྟེན་ྋརྒྱལ་དབང་བསོད་ནམས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་ལྷ་སར་གདན་འདྲེན་ཞུས། ལྕགས་གླང་ཕྱི་ལོ་ ༡༦༠༡ ལོར་བོད་དུ་ཕེབས་ནས་གཙུག་ལག་ཁང་དུ་ཇོ་བོ་ཤཱཀྱ་མུ་ནེའི་སྤྱན་སྔར་དགའ་ལྡན་ཁྲི་ཟུར་སངས་རྒྱས་རིན་ཆེན་གྱིས་མཁན་པོ་མཛད་དེ། རབ་ཏུ་བྱུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་དགུ་པར་བཀྲ་ཤིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་བློ་བཟང་ཆོས་རྒྱལ་གྱི་སྐུ་མདུན་ནས་དབང་ལུང་མན་ངག་མང་དུ་གསན། འབྲས་སྤུངས་དགོན་དུ་གདན་དྲངས་ཏེ་གཞུང་ལུགས་སྣ་ཚོགས་ལ་གསན་སྦྱོང་ལེགས་པར་མཛད། བསྟན་པ་སྤྱི་སྒེར་དང༌། བོད་འབངས་བདེ་ཐབས་སུ་ཞྭ་དམར་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཆོས་ཀྱི་དབང་ཕྱུག་དང༌། གཙང་པ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་སོགས་ཀྱི་སྐབས་དེའི་བླ་མ་དང༌། དཔོན་ཆེན་ཁག་ལ་ཆོས་དང་ཟང་ཟིང་གི་འབྲེལ་བ་བཟང་པོ་གཏོད་ཐབས་ཀྱི་དགོངས་བཞེས་མཛད། དགུང་ལོ་ཉེར་དྲུག་པ་ཤིང་སྟག་ཕྱི་ལོ་ ༡༦༡༤ ལོར་ྋརྒྱལ་དབང་མཆོག་གིས་སློབ་དཔོན་པཎ་ཆེན་བློ་བཟང་ཆོས་རྒྱལ་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་འབྲས་སྤུངས་དགོན་གྱི་གདན་རབས་བཅུ་གསུམ་པའི་ཁྲི་པ་དང༌། དུས་མཚུངས་སུ་སེ་ར་དགོན་གྱི་གདན་རབས་བཅོ་ལྔ་པའི་ཁྲི་པ་ཡང་མཛད། མེ་འབྲུག་ཕྱི་ལོ་ ༡༦༡༦ ལོར་རྒྱ་ནག་ཏཱ་མིང་རྒྱལ་པོས་ཁྱབ་བདག་རྡོ་རྗེ་འཆང་ཞེས་པའི་མཚན་བསྟོད་དང་འབུལ་བ་བཅས་ཕུལ་ཏེ། རྒྱ་ཡུལ་དུ་ལྷ་ཁང་གསར་བཞེངས་ཤིག་ལ་རབ་གནས་ཞུས་པས་འབྲས་སྤུངས་དགའ་ལྡན་ཕོ་བྲང་ནས་རབ་གནས་གནང་བར། དེ་ཉིན་རྒྱ་ཡུལ་གྱི་ལྷ་ཁང་དེའི་ནང་ཕྱག་ནས་འཕྱག་རྒྱུ་ཡོད་པ་མངོན་སུམ་དུ་བྱུང༌། སོག་དམག་གིས་གཙང་ལ་གཡུལ་རླབས་པོ་ཆེ་བཤོམ་རྩིས་བྱེད་སྐབས། ྋརྒྱལ་དབང་མཆོག་གིས་མི་སྣ་མངགས་ཏེ་ལེགས་འདོམས་ཀྱི་གསུང་སྒམ་པོས་དུས་ཟིང་གི་སྤྲོས་པ་ཐམས་ཅད་ཞི་བར་མཛད། མཐར་དགུང་གྲངས་ ༢༨ པ་མེ་སྦྲུལ་ལོ་སྟེ་ཕྱི་ལོ་ ༡༦༡༧ ལོར་འབྲས་སྤུངས་དགོན་དུ་སྐུ་མྱ་ངན་ལས་འདས། །

{{#arraymap:རྒྱལ་བ་ཡོན་ཏན་རྒྱ་མཚོ་

|; |@@@ | | }}