77276

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་སྲས་ཁྲི་པ་ངག་དབང་བསྟན་འཛིན་རབ་རྒྱས་ (1)
Part of speech མིང་ཚིག
Definition འབྲུག་སྨྱོན་ཀུན་ལེགས་ཀྱི་སྲས་ངག་དབང་བསྟན་འཛིན་ལ་ཕ་ཇོའི་ཡང་སྲིད་སྲས་ཚེ་དབང་བསྟན་འཛིན་འཁྲུངས་པ་དེ་ཉིད་ཡབ་དང་། ཡུམ་སྒང་ཁའི་སྲས་མོ་དམ་ཆོས་བསྟན་འཛིན་མ་ཟུང་གི་སྲས་སུ། རབ་བྱུང་བཅུ་གཅིག་པའི་ས་སྟག་ ༡༦༣༨ ལོར་འཁྲུངས། དགུང་ལོ་བརྒྱད་ལ་སྐྱབས་མགོན་ཞབས་དྲུང་གིས་བདག་ཏུ་མཛད་དེ། གཙུག་ཕུད་བཞེས། མཚན་ངག་དབང་བསྟན་འཛིན་རབ་རྒྱས་ཞེས་གསོལ། དེ་ནས་བཟུང་སྐྱབས་མགོན་ཞབས་དང་། གཅེན་སྦྱིན་པ་རྒྱལ་མཚན། ཡོངས་འཛིན་དམ་ཆོས་རྒྱལ་མཚན། མཁན་ཆེན་རྣམ་གཉིས་ལ་སོགས་པ་ལས། སོ་ཐར་གྱི་སྡོམ་པས་གཙོས་དཔལ་ལྡན་འབྲུག་པའི་ཆོས་བཀའ་བཞུགས་སོ་འཚལ་གྱི་སྨིན་གྲོལ་གདམས་པའི་བདུད་རྩི་བཞེས་ཏེ། ཀློག་པ་ཐོས་བསམ་ལ་མཁས་པའི་རྩེ་མོར་སོན། རང་གནས་རྟ་མགོའི་ཡང་དབེན། རྫོང་ཁའི་རི་ཁྲོད་སོགས་སུ་ནང་དུ་ཡང་དག་འཇོག་ལ་བཞུགས་པས། གནས་ལུགས་ཆོས་སྐུའི་ཡེ་ཤེས་མངོན་དུ་གྱུར། དགུང་གྲངས་སོ་གཅིག་པར་དཔལ་ལྡན་འབྲུག་པའི་རྒྱལ་ཚབ་ཏུ་ཆོས་ཀྱི་ཁྲིར་བྱོན། དེ་སྐབས་རྫོང་ཁག་སོ་སོར་མགོན་ཁང་དང་རྟེན་མདོས་སོགས་གསར་འདེབས་མང་དུ་གནང་། གདན་སར་གར་ཐིག་དབྱངས་གསུམ་སོགས་གསང་སྔགས་ཀྱི་ཕྱག་ལེན་རྣམས་རྩལ་དུ་བཏོན་ཏེ། ཆོས་སྲིད་འཛིན་སྐྱོང་སྤེལ་བའི་འཕྲོར། སླར་ཡང་ཞེ་གསུམ་པར་སྡེ་སྲིད་བཞི་པའི་རྒྱལ་སྲིད་ཕྱག་ཏུ་བཞེས་ཏེ་ལུགས་གཉིས་བསྟན་པའི་བདག་པོ་མངའ་གསོལ་མཛད། དེ་ནས་བཟུང་ལྗོངས་འདིར་རེ་ཞིག་བདེ་སྐྱིད་ལྷ་ཡུལ་ལྟ་བུར་བྱུང་བར་སྣང་། བླ་མའི་དགོངས་གཏད་བཞིན་དུ་མཛད་པའི་མཐའ་རྣམས་རིམ་པར་བསྐྱངས་། ཤར་ཝང་སྤར་གསུམ་ནས་བཙུན་ཁྲལ་བསྡུས་ཏེ། མཚན་ཉིད་ཀྱི་སྡེ་ལེགས་པར་གསར་འཛུགས་གནང། གཞན་ཡང་སྨན་རྩིས། ལྷ་བྲིས། པར་ཤོག། འཇིམ་བཟོ། དངུལ་བཟོ་ལ་སོགས་པ་བཟོ་རིགས་ཀྱི་སྡེ་མང་དུ་བཙུགས། རབ་བྱུང་བཅུ་གཉིས་པའི་མེ་ཡོས་ལོ་ནས་ཨོ་རྒྱན་ཚེས་བཅུའི་དགའ་སྟོན་གསར་དུ་བཙུགས། ང་གཉིས་པ་ས་འབྲུག་ ༡༦༨༨ ལོར་རྟ་མགོའི་གདན་སར་གཙུག་ལག་ཁང་ཆེན་མོ་ཟུར་བཅུ་གཉིས་ཀྱིས་མཛེས་པ་སུམ་ཐོག་ཀ་སྤུངས་དང་བཅས་པ་ཟླ་བ་གཉིས་ཀྱི་ཁོངས་སུ་གྲུབ་པར་བཞེངས། ང་ལྔ་པ་ཆུ་སྤྲེལ་ལོར་སྤ་གྲོ་སྟག་ཚང་དུ་བླ་མའི་དགོངས་གཏད་བཞིན་དཔལ་ཕུག་གི་གཙུག་ལག་ཁང་ཉིས་ཐོག་མ་རྟེན་བརྟེན་པ་བཅས་གསར་འདེབས་མཛད་པས་མཚོན། མངའ་ཞབས་ཀྱི་དགོན་སྡེ་ཕལ་ཆེར་ཞིག་གསོས་མཛད་པ་སོགས་ཕྱག་རྗེས་ཤིན་ཏུ་ཆེ། ཞལ་དཀར་བར་སྣང་ལ་འཇོག་པ་དང། སྟག་ཚང་དུ་རྫུ་འཕྲུལ་ལ་སྐུ་གཉིས་སུ་སྟོན་པ་དང་། ཕྱག་ཌམ་གྱི་ངོས་ལ་ཕྱག་མཛུབ་ཀྱི་རིས་མོ་གསལ་བར་དོད་པ་སོགས་གྲུབ་རྟགས་ཅི་ཡང་བསྟན། དེ་ལྟར་སྡེ་ཁྲི་ལོ་ངོ་བཅོ་ལྔ་ཙམ་བསྐྱངས་ཤིང་། རྟ་མགོའི་གདན་སར། དགུང་ལོ་ང་དགུ་པ་མེ་བྱི་ ༡༦༩༦ ལོའི་ས་ཟླའི་ཉེར་ལྔ་ཉིན་ངོ་མཚར་བའི་ལྟས་དང་བཅས་དཔལ་རི་པདྨ་འོད་དུ་གཤེགས་སོ། །

{{#arraymap:རྒྱལ་སྲས་ཁྲི་པ་ངག་དབང་བསྟན་འཛིན་རབ་རྒྱས་

|; |@@@ | | }}