77278

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་སྲས་ཐོགས་མེད་བཟང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ཤིང་ལུག། ཕྱི་ལོ་ ༡༢༩༥ ལོར་ས་སྐྱའི་ཕུལ་བྱུང་བྲག་སྐྱར་ཡབ་དཀོན་མཆོག་དཔལ་དང་། ཡུམ་འབུམ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་དྲུག་པའི་ས་བྱ་སྟེ། ཕྱི་ལོ་ ༡༣༦༩ ལོར་སྐུ་གཤེགས། ཁོང་བྱིས་པའི་དུས་ཀྱི་མིང་ལ་དཀོན་མཆོག་བཟང་པོ་ཞེས་ཞུ། དགུང་ལོ་དགུ་པར་ཕྱུགས་འཚོ་ས་ནས་བྲོས་ཏེ་བསམ་གླིང་དུ་ཕེབས་པ་དང་། སྟོན་པ་རིན་ཆེན་བཀྲ་ཤིས་ལས་ཡི་གེའི་སྦྱོར་ཀློག་བསླབས། དགུང་ལོ་བཅུ་བཞི་པར་བླ་མ་དཔལ་འབར་དང་། མཁན་པོ་རིན་ཆེན་དཔལ་བཟང་། སློབ་དཔོན་རིན་ཆེན་རྡོ་རྗེ་གསུམ་ལས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས་ཏེ་མཚན་ལ་བཟང་པོ་དཔལ་ཞེས་གསོལ། དགུང་ལོ་བཅོ་ལྔ་པར་ཨེའི་ཆོས་གྲྭར་ཕེབས་ཏེ་བླ་མ་ཀུན་དགའ་རྒྱལ་མཚན་ལས་མངོན་པ་ཀུན་བཏུས་དང་། བྱམས་ཆོས་སྡེ་ལྔ། སྤྱོད་འཇུག དབུ་མ་རིགས་ཚོགས་བཅས་ལ་ཐོས་བསམ་ནན་ཏན་དུ་མཛད། དེ་ནས་ས་སྐྱར་བྱོན་ཏེ་བླ་མ་གཞོན་ནུ་རྒྱལ་མཚན་ལས་ཚད་མ་སྡེ་བདུན་དང་བཅས་པའི་ཡན་ལག་རྣམས་ལ་སྦྱངས། དགུང་ལོ་ཉེར་གསུམ་པར་གཙང་ཕྱོགས་ཀྱི་ཆོས་གྲྭ་ཀུན་ཏུ་གྲྭ་སྐོར་མཛད་ཅིང་མཁས་པའི་སྙན་གྲགས་རྒྱས། དགུང་ལོ་སུམ་ཅུ་ཐམ་པར་མཁན་པོ་བྱང་སེམས་རིན་ཆེན་དང་། བླ་མ་ནམ་མཁའ་སངས་རྒྱས། བླ་མ་ཀུན་དགའ་རྒྱལ་མཚན་གསུམ་ལས་བསྙེན་པར་རྫོགས། དགུང་ལོ་སོ་གཉིས་པར་རྟ་རའི་གདན་སར་ཕེབས་ཏེ་ལོ་བདུན་གྱི་རིང་དུ་གདན་ས་བསྐྱངས་ཤིང་འཆད་ཉན་སྤེལ། ཁོང་གིས་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་བཞི་བཅུ་ཐམ་པར་བསྟེན་པ་དང་། མདོ་རྒྱུད་ཀྱི་བསྟན་བཅོས་ཐམས་ཅད་ཀྱི་དགོངས་པ་མ་ལུས་པ་ཐུགས་སུ་ཆུད་པར་མཛད་དེ་བཤད་སྒྲུབ་གཉིས་ཀའི་བསྟན་པའི་བདག་པོར་གྱུར་ཏོ། །དགུང་ལོ་བདུན་ཅུ་དོན་ལྔ་པར་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་ནི་ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་བདུན་ཅུ་དོན་གསུམ་པ་ཡིན། ཁོང་གི་སློབ་མའི་ཚོགས་ལས་མཆོག་ཏུ་གྱུར་པ་ནི་རྗེ་བཙུན་རེ་མདའ་བ་གཞོན་ནུ་བློ་གྲོས་ཡིན། ཁོང་གི་གསུང་རྩོམ་ནི་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་དང་། རྒྱལ་སྲས་ལག་ལེན། འཇུག་པ་སེམས་བསྐྱེད། སྤྱོད་འཇུག་གི་ཊཱི་ཀྐ། མདོ་སྡེ་རྒྱན་གྱི་ཊཱི་ཀྐ། ཐེག་པ་ཆེན་པོ་རྒྱུད་བླ་མའི་ཊཱི་ཀྐ། སྨྱུང་གནས་ཀྱི་ཆོ་ག རྟེན་འབྲེལ་གྱི་ཁྲིད་ཡིག བློ་སྦྱོང་བླ་མ་བརྒྱུད་པའི་གསོལ་འདེབས། བློ་སྦྱོང་གི་བླ་མའི་རྣལ་འབྱོར་ལམ་གྱི་ལུས་ཡོངས་སུ་རྫོགས་པ་བཅས་ཆོས་ཚན་བརྒྱ་དང་བཅོ་ལྔ་བཞུགས་སོ། །

{{#arraymap:རྒྱལ་སྲས་ཐོགས་མེད་བཟང་པོ་

|; |@@@ | | }}