78172

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་དྲུང་གྲགས་པ་ལེགས་གྲུབ་ (1)
Part of speech མིང་ཚིག
Definition སྟག་ལུང་མར་ཐང་རི་བོ་ཆེའི་ཁྲི་རབས་བཅུ་གཉིས་པ། ཡབ་གྭ་ཟི་སྡེ་པ་རིན་ཆེན་རྒྱལ་མཚན་དང་། ཡུམ་འབྲོང་པ་སྒེར་རུ་བཟའ་གཉིས་ཀྱི་སྲས་སུ། མེ་ཁྱི་ཕྱི་ལོ་ ༡༦༤༦ ལོར་ཁོ་ཚ་རིན་ཆེན་སྒང་དུ་སྐུ་འཁྲུངས། །རྗེ་དྲུང་གྲགས་པ་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་བཟུང་ནས་། སྒྲ་རམ་པ་གྲགས་པ་ཕུན་ཚོགས་སོགས་ལས་རིག་གནས་གསན། གུ་ཤྲིའི་དཔུང་དམག་མདོ་ཁམས་སུ་སླེབས་སྐབས་ཞབས་ཞུ་གཟེངས་སུ་ཐོན་པ་བསྒྲུབས་པའི་ལེགས་སྐྱེས་སུ། ༸གོང་ས་མཆོད་ཡོན་ནས་ལུང་དང་ལས་ཀའི་ཤེལ་བམ་ཆེན་ཆེན་མོ་དང་རི་བོ་ཆེ་ཞེས་པའི་བོད་ཡིག་གི་ཁ་རིས་ཅན་གྱི་ཐམ་ཀ་བསྩལ། ཤིང་འབྲུག་སྤྱི་ལོ་༡༦༦༤ལོར་རྗེ་བཀྲ་ཤིས་དཔལ་གྲུབ་ཀྱི་དགོངས་གཞི་ལྟར་ཡབ་སྡེ་པ་རིན་ཆེན་རྒྱལ་མཚན་དང་ལྷན་གླིང་གི་གྲྭ་པ་དྲུག་བཅུའི་རྨང་གཞིའི་ཐོག་ཐུས་བཙན་བརྒྱ་དང་། བརྒྱད་གསར་བཙུགས་ཀྱིས་རི་བོ་ཆེ་སྟག་ལུང་གྲྭ་ཚང་བཀའ་བརྒྱུད་སྡོམ་གསུམ་རྣམ་དག་གླིང་ཕྱི་ནང་རྟེན་དང་བཅས་པ་གསེར་བཞེངས་ལ་སྲི་ཞུ་བླ་མེད་བསྒྲུབས། གྭ་ཟིའི་གདུང་ཉག་ཕྲ་བས་རྗེ་དྲུང་གྲགས་པ་ལེགས་གྲུབ་གདུང་འཛིན་གནང་རྒྱུར་མི་ཕལ་ཆེ་བས་རེ་བ་ཡོད་ཀྱང་རྗེ་ཉིད་ཐུགས་འདོད་མེད་སྟབས། རྗེ་བཀྲ་ཤིས་དཔལ་གྲུབ་ལས་དགེ་ཚུལ་སློང་གི་སྡོམ་པ་མནོས། སྟག་ལུང་ནས་རྩེ་ཞབས་དྲུང་ངག་གི་དབང་ཕྱུག་རི་ཆེར་གདན་དྲངས་ཀྱང་། གྲུབ་ཐོབ་ཀྱི་མཛད་སྤྱོད་སྣ་ཚོགས་བསྟན་པས་དགྱེས་རྡོར་ལྷ་ཁང་གི་དགེ་འདུན་དང་མ་འཆམས་པར་བསྐྲད་པས་རི་ཆེ་རྩེ་བླ་བྲང་ཟུར་དུ་གྱེས་འགོ་ཚུགས། དེ་ནས་བཟུང་ཡང་དགོན་བླ་བྲང་དང་རྩེ་བླ་བྲང་བར་རྩོད་གླེང་སྣ་ཚོགས་བྱུང་། ལྷ་སར་གཞུང་གཏུགས་བྱས་པས་སྡེ་པའི་ཁ་འཛིན་རྩེ་བླ་བྲང་ལ་སྤྲད ། མཚོ་མཁའི་རྒྱལ་པོས་ཆོག་མཆན་ཐོབ་པ་ལྟར་རྩེ་བླ་བྲང་གི་གྭ་ཟིའི་གདུང་སྲས་ངག་དབང་སྐྱབས་ལ་གདན་ས་གཏད་ནས་རབ་བྱུང་བཅུ་གཉིས་པའི་ལྕགས་ཡོས་ཕྱི་ལོ་༡༧༡༡ ལོར་སྐུ་གཤེགས། སློབ་མ་ལ། བཀྲ་ཤིས་འཇམ་དཔལ་རྒྱ་མཚོ། འཕགས་མཆོག་ངག་དབང་གྲགས་པ། རྩེ་ཞབས་ཨོ་རྒྱན་བཀྲ་ཤིས་རྣམ་རྒྱལ། ཁམས་སྤྲུལ་ཀུན་དགའ་བསྟན་འཛིན། ཀུན་སྤངས་བསྟན་འཛིན་ཉི་མ། བླ་མ་ནོར་བུ་རྒྱ་མཚོ། གཏེར་ཆེན་བསམ་གཏན་གླིང་པ་སོགས་བྱུང་འདུག

{{#arraymap:རྗེ་དྲུང་གྲགས་པ་ལེགས་གྲུབ་

|; |@@@ | | }}