78277

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྗེ་མཁན་ཁྲི་རེ་དགུ་པ་དགེ་འདུན་རིན་ཆེན་ (1)
Part of speech མིང་ཚིག
Definition ལྷོ་ཡུལ་འབྲུག་སྤ་གྲོར། ཡབ་ཀུན་བཟང་རྡོ་རྗེ་དང༌། ཡུམ་བཀྲ་ཤིས་ཆོས་སྐྱིད་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་སྟག་ ༡༩༢༦ ལོར་ཕུག་པ་ཞིག་གི་ནང་དུ་བལྟམས། མཚན་ཡང་བྲག་ཕུག་པ་ཞེས་བཏགས། དགུང་ལོ་བདུན་པར་ཐིམ་རྫོང་གི་འདུས་སྡེར་ཞུགས་ཏེ། མཁན་ཆེན་ཆོས་ཀྱི་དབང་ཕྱུག་ལ་གཙུག་ཕུད་ཕུལ། དགེ་འདུན་རིན་ཆེན་ཞེས་མཚན་གསོལ། བཅུ་བདུན་ལ་སྤུངས་ཐང་དུ་གཏེར་ཁུངས་ཆོས་རྗེ་ངག་དབང་ཕྲིན་ལས་ཕྱི་མ་རིགས་བདག་ཏུ་བསྙེན། ཉེར་གསུམ་པར་བཤེས་གཉེན་རྣམ་རྒྱལ་ལས། སུམ་རྟགས་སྙན་ངག་སོགས་གསན། དགེ་བཤེས་པདྨའི་དྲུང་དུ། སྤྱོད་འཇུག་སོགས་ལ་གསན་སྦྱངས་མཛད་ཀྱང་ཐུགས་རེ་མ་རྫོགས་པར་བོད་དུ་ཕེབས་ནས། ཀཿཐོག་མཁན་པོ་ངག་དབང་ཕྲིན་ལས་མདུན། ལོ་གསུམ་ཙམ་གཞུང་ཆེན་རྣམས་ལ་གསན་སྦྱངས་གནང༌། སླར་འབྲི་གུང་དུ་བྱོན། མཁས་གྲུབ་རྭ་ཧོར་ཆོས་གྲགས་ཀྱི་དྲུང་ནས་མདོ་རྒྱུད་དུ་མའི་སློབ་བཤད་དང་། ཡེ་ཤེས་བླ་མའི་དམར་ཁྲིད་སོགས་གསན། བདུད་འཇོམས་རིན་པོ་ཆེ་ལས་གཏེར་མཛོད། སྙིང་ཐིག་ཡ་བཞི། མཛོད་བདུན་ལུང༌སོགས་ཞུས་རྗེས། སོ་གཅིག་པར་རང་ཡུལ་དུ་ཕྱིར་ཕེབས། ལྕགས་རིར་དང༌། སྟག་ཚང་དཔལ་ཕུག་ཏུ་ལོ་གསུམ་བཅད་རྒྱར་བཞུགས། སོ་ལྔ་ལ་སྤུངས་ཐང་དུ་བཤད་གྲྭའི་མཁན་པོར་ཕེབས་ཏེ། འདུས་པ་ལ་གཞུང་རིག་གནས་བཤད་ཁྲིད་ལོ་གསུམ་མཛད། མ་རྒན་མོ་དུས་ཡོལ་དང༌། བྲེལ་ཟིང་ལ་ཐུགས་སུན་ཏེ། བཞི་བཅུ་པར་ལོ་གསུམ་བཅད་རྒྱར་བཞུགས། ཞེ་ལྔ་པར་ཀུན་མཁྱེན་སྡོམ་རྒྱུན་མཁན་པོ་སངས་རྒྱས་བསྟན་འཕེལ་མདུན་ནས། བསྙེན་པར་རྫོགས། གྲུབ་དབང་བསོད་ནམས་བཟང་པོ་དང་རྡོ་རྗེ་འཛིན་པ་ཤཱཀྱ་བཛྲ། མཁན་ཆེན་བསྟན་འཛིན་དོན་གྲུབ་རྣམས་ཀྱི་དྲུང་ནས་རང་ལུགས་ཀྱི་སྨིན་གྲོལ་རིམ་པ་རྣམས་གསན། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་ལས་རྙིང་མའི་ཆོས་སྐོར་མང་པོ་གསན། ང་དྲུག་ལ་ཕ་སྡིངས་བྱམས་པ་ལྷ་ཁང་གི་བཤད་གྲྭ་གསར་བཙུགས་པའི་མཁན་པོར་ཕེབས་ནས། དེར་ལོ་ངོ་ལྔ་རིང་ཐུན་མོང་ཐུན་མིན་གྱི་སྐོར་འཆད་ཁྲིད་རྒྱ་ཆེར་བསྩལ། རེ་ལྔ་ལ་མི་དབང་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་གདན་དྲངས་ཏེ། མཁན་ཁྲིར་ཕེབས། །དོན་གཅིག་ལ། ཐུགས་སྲས་ཐུ་བོ་རྡོར་སློབ་མཆོག་སྤྲུལ་འཇིགས་མེད་ཆོས་གྲགས་རྒྱལ་ཚབ་ཏུ་མངའ་གསོལ་ཅིང་མཐར། དོན་གཉིས་པ་མེ་གླང་ ༡༩༩༧ ལོའི་ནག་པ་ཟླ་བའི་ཚེས་བཅུ་ལ། གཟུགས་སྐུ་བསྡུས་སོ། །གསུང་རྩོམ་གྱི་རིགས། ཆོས་འབྱུང་བརྡ་སྤྲོད། གཞུང་ཆེན་རྣམ་བཤད། རྒྱུད་འགྲེལ། སྔགས་སྤྱི་དོན་སོགས། བཀའ་འབུམ་པོད་བཅུ་ཙམ་བཞུགས། ཞལ་སློབ། སྐྱབས་རྗེ་མཁན་འཇིགས་མེད་ཆོས་གྲགས། པད་གླིང་སྐུ་ཕྲེང་དགུ་པ་སྒང་སྤྲུལ་ཀུན་བཟང་པདྨ་ཕྲིན་ལས། མདའ་སྟོང་སྤྲུལ་སྐུ་རིག་འཛིན་པདྨ་རྣམ་རྒྱལ། པད་ཚལ་གླིང་སྤྲུལ་སྐུ་ཀུན་བཟང་བསྟན་འཛིན་རྒྱ་མཚོ། མཚན་སློབ་ཆོས་ཀྱི་ཉི་མ། དབྱངས་སློབ་སངས་རྒྱས་རྡོ་རྗེ། སྒྲ་སློབ་ལེགས་བཤད་རྒྱ་མཚོ། བཤེས་གཉེན་མཁྱེན་རབ་རྒྱ་མཚོ། སློབ་དཔོན་ཡེ་ཤེས་རིན་ཆེན། སློབ་དཔོན་རྡོ་རྗེ་རིན་ཆེན། སློབ་དཔོན་རིག་འཛིན་དབང་ཕྱུག ། སློབ་དཔོན་ཕན་ཐོགས། སྒྲུབ་སློབ་ཟླ་བ་རྒྱལ་མཚན། སློབ་དཔོན་སངས་རྒྱས་རྡོ་རྗེ། སློབ་དཔོན་བསོད་ནམས་རྒྱ་མཚོ། སྐུ་མཚམས་པ་དཔལ་འབྱོར་སོགས་མང་ངོ༌། །

{{#arraymap:རྗེ་མཁན་ཁྲི་རེ་དགུ་པ་དགེ་འདུན་རིན་ཆེན་

|; |@@@ | | }}