80890

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་རྒྱལ་བཀྲ་ཤིས་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་བཅུ་བདུན་པ། རབ་བྱུང་དགུ་པའི་ཤིང་སྦྲེལ་ཕྱི་ལོ་ ༡༥༢༤ ལོར་འཕན་ཡུལ་རིན་ཆེན་བྲག་ཏུ། ཡབ་གྭ་ཟི་བཀྲ་ཤིས་རྒྱ་མཚོ་དང་ཡུམ་འོལ་ཁ་བཟའ་བདེ་སྐྱིད་བུ་འདྲེན་གཉིས་ཀྱི་སྲས་སུ་སྐུ་བལྟམས། རྗེ་རྣམ་རྒྱལ་གྲགས་པས་ཆོས་སྐྱོང་བཀྲ་ཤིས་ཞེས་པའི་མཚན་གསོལ། སྟག་ལུང་དུ་ཕེབས་ནས་རབ་ཏུ་བྱུང་བའི་མཚན་ལ་རྣམ་རྒྱལ་བཀྲ་ཤིས་གསོལ། སློབ་དཔོན་ཚུལ་ཁྲིམས་མཆོག་གྲུབ་དང་རྗེ་རྣམ་རྒྱལ་གྲགས་པ་དཔལ་བཟང་གཉིས་ལས་རང་ལུགས་ཀྱི་ཕ་ཆོས་དང་འབྲུག་ངག་ཆོས་རྒྱལ་གྱི་དྲུང་དུ་བདེ་སྟོང་ཕྱག་ཆེན་དང་གནས་ལུགས་ཕྱག་ཆེན་སོགས་ཀྱིས་མཚོན་གདམ་པ་རྒྱ་མཚོ་ལྟ་བུ་དཔྱིས་ཕྱིན་པ་གསན། རྗེ་ཀུན་དགའ་གྲོལ་མཆོག་གི་དྲུང་ནས་ས་སྐྱ་པ་དང་། ཇོ་ཞལ། ངོར། བོ་གདོང་། རྙིང་མ། བཀའ་གདམས། ཞི་བྱེད། གཅོད་ཡུལ། དྭགས་ཤངས་སོགས་ལས་རྒྱུད་དེ་འོངས་པའི་མདོ་སྔགས་ཀྱི་རྣམ་བཤད་སྨིན་བྱེད་དབང། གྲོལ་བྱེད་ཁྲིད་སོགས་གསན་པ་རབ་འབྱམས་མཛད་ཅིང་གསན་པ་མཐའ་དག་ཉམས་སུ་བཞེས་པས་རྗེ་མི་བསྐྱོད་རྡོ་རྗེ་སོགས་དམ་པ་མང་པོས་འཕྲིན་དང་ཞལ་ལས་བསྔགས་པར་རྒྱ་ཆེའོ། །ས་སྐྱ་བ་འཇམ་དབྱངས་ངག་གི་དབང་ཕྱུུག་གིས་མཁན་སློབ་སྦྲག་མ་དང་། གསང་སྟོན་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ཞབས་ཀྱིས་མཛད་དེ་བསྙེན་པར་རྫོགས་པའི་མཚན་ལ་ངག་དབང་རྣམ་རྒྱལ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་ཞེས་བཏགས། ཕྱི་ལོ་ ༡༥༣༠ ལོར་གདན་སའི་ཁྲིར་འཁོད། མེ་ལུག་ཕྱི་ལོ་ ༡༥༤༧ ལོར་མཆོད་ཁང་དམར་མོ་རྟེན་དང་བཅས་པ་ལ་མེ་སྐྱོན་ཆེ་པོ་བྱུང་སྟབས་སླར་གསོ་གསར་བཞེངས་ཀྱིས་ལོ་གྲངས་ལྔའི་ནང་ཕྱི་ནང་གི་བཀོད་པ་ཕལ་ཆེ་བ་གྲུབ་པར་བྱུང་། རྒྱུ་ཙན་དན་དམར་པོ་ཁོ་ན་ལས་གྲུབ་པའི་ཆོས་དྲུག་གི་བླ་མ་བརྒྱུད་པ་ཡོངས་རྫོགས་དང་། དངུལ་སྲང་ཕྱེད་དང་བརྒྱད་བརྒྱས་བསྐྲུན་པའི་དངུལ་གདུང་བཀྲ་ཤིས་དཔལ་འབར། དངུལ་སྲང་སྟོང་དང་ཉིས་བརྒྱ་ལས་གྲུབ་པའི་ཐང་པའི་དངུལ་སྐུ་ཆེན་མོ། གསེར་ཞོ་སྟོང་གིས་སྐུད་གསེར་བགྱིས་པའི་ཐུབ་ཆེན་དང་། གཞན་ཡང་ ར་ས་གཙུག་ལག་ཁང་གི་ཇོ་བོ་ལ་གསེར་གྱི་བླ་བྲེ་གཙང་ཁང་གི་ཀ་བར་ཁེབས་པ་སོགས་ཀྱིས་མཚོན་རྟེན་གསུམ་འཛུགས་བསྐྲུན་རྒྱ་ཆེར་མཛད་དེ། མན་ངག་ཁྲིད་ཀྱི་སྒོ་ནས་ཚོགས་པ་ལེགས་པར་བསྐྱངས ། ཤིང་ཡོས་ཕྱི་ལོ་ ༡༥༥༥ ལོར་ཀུན་སྤངས་མཛད་དེ་ཆུ་ཕག་ཕྱི་ལོ་ ༡༥༦༣ ལོར་སྐུ་གཤེགས། སྟག་ལུང་པའི་ལུགས་ཀྱི་ཕྱག་ཆེན་འཆད་ཐབས་ལེགས་བཤད་ཡོངས་འདུས་ལྗོན་པ་དང་། འབྲུག་ལུགས་ཕྱག་རྒྱ་ཆེན་པོ་གཙོ་བོར་སྟོན་པ་འཛམ་བུའི་ཆུ་གསེར། ནི་གུ་ཆོས་དྲུག་གི་འཆད་ཐབས་རྣམ་གྲངས་གསུམ་མ། སྦས་དོན་འཆད་ཐབས་འཇམ་མགོན་བླ་མའི་ཞལ་ལུང་། དཀྱིལ་མཆོག་རྡོ་རྗེའི་ཕྲེང་བའི་ཕྱག་ལེན་ལེགས་པར་བཤད་པ་འཇིགས་མེད་དགོངས་རྒྱན་སོགས་ཀྱིས་མཚོན་ཁྲིད་ཡིག་གསུང་རྩོམ་དཔོད་ཆེན་གཉིས་དང་། གཞན་ཡང་སྨོན་ལམ་དང་བསྟོད་ཚོགས་ཟུར་འདེབས་སོགས་ཀྱང་མང་། སློབ་མའི་གཙོ་བོར། གདན་ས་དབོན་པོ་རྣམ་གཉིས་དང་འབྲུག་པ་ངག་གི་དབང་ཕྱུག། །བ་ལེ་བ་རྣམ་རྒྱལ་དཔལ་བཟང་སོགས་བསྟན་འགྲོ་ལ་སྨིན་པ་མང་དུ་བྱོན་པར་སྣང་།

{{#arraymap:རྣམ་རྒྱལ་བཀྲ་ཤིས་

|; |@@@ | | }}