81579

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྨོག་སྟོན་རྡོ་རྗེ་དཔལ་བཟང་ (1)
Part of speech མིང་ཚིག
Definition ཀཿ་ཐོག་བླ་རབས་སྐབས་ཀྱི་འཆད་ཉན་མཁན་རབས་བཅུ་བཞི་པ་སྟེ། རྨོག་སྟོན་འཇམ་དཔལ་སེངྒེའི་དབོན་བརྒྱུད་ལས་འཁྲུངས། ཟུར་གསང་སྔགས་གླིང་གི་ཟུར་སྟོན་ཤཱཀྱ་བཤེས་གཉེན་ལས་བྲའོ་ཆོས་འབུམ་དང་དེས་བཤེས་གཉེན་དཀོན་མཆོག་བཟང་པོ་དེ་ལས་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་དབང་བཀའ་ཡོངས་རྫོགས་གསན་པ་དང༌། ཡང་ཀུན་མཁྱེན་དམ་གཙང་བྱམས་གསུམ་ལས་ཙ་སྡེ་བ་ནམ་མཁའ་རྡོ་རྗེ། དེ་ལས་རིམ་བཞིན་བརྒྱུད་དེ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན་གྱིས་གསན་པ་སྟེ། རྗེའི་དེའི་མདུན་ནས་ཀཿཐོག་པའི་བརྒྱུད་སྲོལ་ལྟར་ལེགས་པར་གསན། སྐྱེས་ཐོབ་ཀྱི་ཤེས་རབ་དང་སྒོམ་བྱུང་གི་ཡེ་ཤེས་མེ་ལྟར་འབར་ནས་ཤེས་བྱ་ཀུན་ལ་མཁྱེན་པ་རྒྱས། རྟོགས་པའི་ཡེ་ཤེས་མངོན་དུ་བརྙེས། མི་བརྗེད་པའི་གཟུངས་དང་སྤོབས་པ་ཐོབ། འཆི་མེད་རིག་པ་འཛིན་པའི་ས་བརྙེས་པར་གྲགས་ཤིང༌། བསྟན་པ་དང་འགྲོ་བའི་དོན་ལ་རླབས་ཆེན་གྱི་ཐུགས་བསྐྱེད་རྣམ་པར་དཀར་བས། མདོ་དབང་གླན་ལུགས་ཀྱི་དབང་ཆོག་དུམ་དུམ་ཁྲིགས་ཁྲིམས་ཉིད་གཞིར་བྱས་པ་ལས་འགོས་རྩི་ཁུང་པའི་ཕྱག་བཞེས་གྲོ་སྟོན་དཔལ་ལྡན་གྲགས་ཀྱི་ཆོག་ཁྲིགས་ཀྱིས་ཀྱང་བརྒྱན། སྒྱུ་འཕྲུལ་ཞི་ཁྲོ་དང་སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་སྒོས་བཀའ་ཡང་སྦྱར་ཏེ། མདོ་སྒྱུ་སེམས་གསུམ་གྱི་དབང་ཆོག་སྦྲང་རྩིའི་ཆུ་རྒྱུན་ཞེས་བྱ་བ་མཛད། འདི་ལ་མདོ་དབང་ཁམས་ལུགས་ཞེས་ཡོངས་སུ་གྲགས་སོ། །སྒྲུབ་རྫས་ཐུན་མོང་བཅོ་ལྔའི་དབང་གཉལ་བའི་ཆོག་ཁྲིགས་སུ་ཆད་པ་འདིར་འབྱུང་བ་དང་སྒྱུ་འཕྲུལ་ཞི་བའི་ཟབ་དབང་གསུམ་གྱི་བཀའ་དབུས་གཙང་དུ་བར་སྐབས་སུ་ཆད་པ་ཀཿཐོག་ལུགས་འདི་བཞུགས་པས་གསོ་བར་མཛད་ཅིང༌། སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་དབང་རྒྱུན་ཡང་འདིས་བཟུང་བས་བསྟན་རྒྱུན་ལ་ཕན་པ་ཅེན་པོའི་སྒོར་གྱུར་པ་དང༌། ཡང་རྨོག་སྟོན་རྡོ་རྗེ་དཔལ་བཟང་པོས་དར་ལུང་པ་རྡོ་རྗེ་རྣམ་རྒྱལ་ལ་གསུང༌། དེས་ཁྱུ་ཚང་པ་བླ་མ་དཔལ་ལྡན། དེས་དཔང་སྟོན་ཀརྨ་གུ་རུ། དེས་སྔགས་འཆང་ཀུན་དགའ་དཔལ་འབྱོར། དེས་གསང་བདག་ཕྲིན་ལས་ལྷུན་གྲུབ། དེས་དྭགས་སྟོན་ཆོས་རྒྱལ་བསྟན་འཛིན། དེས་གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེས་གསན་ནས་མདོ་དབང་དབུས་ལུགས་ཞེས་གྲགས་པ་དང་ཆུ་བོ་གཅིག་འདྲེས་སུ་གྱུར་ཏོ། །

{{#arraymap:རྨོག་སྟོན་རྡོ་རྗེ་དཔལ་བཟང་

|; |@@@ | | }}