83334

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལ་མོ་ཞབས་དྲུང་སྐུ་ཕྲེང་དགུ་བ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition དམ་པ་འདི་ནི་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་ཕྱི་ལོ་ ༡༩༩༢ ལོར་ཀླུ་ཚང་སྟོང་ཆོས་ཚོ་བར་ཡབ་འཕགས་ཁོ་ཐར་དང་། ཡུམ་ཀླུ་མོ་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་པར་སྐུ་འབུམ་བྱམས་པ་གླིང་གི་གསེར་གདུང་ཆེན་མོའི་མདུན་དུ་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་སྤྲུལ་སྐུ་དང་། ཨ་ཀྱཱ་ཚང་། སུམ་པ་ཚང་། ཆུ་བཟང་ཚང་སོགས་མདོ་སྨད་ཀྱི་བླ་དཔོན་ཕྲག་བརྒྱའི་མདུན་སར་ལ་མོའི་ཡོངས་འཛིན་ཆོས་ཀྱི་རྒྱལ་པོས་ཟན་རིལ་བསྒྲིལ་ཏེ་ལ་མོ་ཞབས་དྲུང་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་དུ་ངོས་འཛིན་གནང་ཤིང་། མཚན་ལ་རྗེ་བཙུན་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ་ཏེ་སྐུ་གོང་མའི་གསེར་ཁྲིར་མངའ་གསོལ་མཛད། དགུང་ལོ་བདུན་པར་ཡོངས་འཛིན་ཆོས་ཀྱི་རྒྱལ་པོའི་མདུན་སར་དགེ་ཚུལ་དང་རབ་བྱུང་དཀྱུས་གཅིག་ལ་བསྒྲུབས། དཔལ་རྣམ་དག་ཁྲིམས་ལྡན་གླིང་དུ་རྒྱུན་བཞུགས་གནང། ཀླུ་ཚང་གོང་བ་སྡེ་བའི་ཞང་པོ་བསོད་ནམས་ཡེ་ཤེས་མཆོག་གམ་བཅར་སློབ་སྟོན་མཁན་པོར་བསྐོ་བཞག་གནང་སྟེ་ཡིག་དཀར་ནག་དང་ཕྲད་ཀློག་སྦྱོར་གསུམ་ལ་ལེགས་པར་བསླབས། དགུང་ལོ་ཉི་ཤུའི་སྟེང་ཁོང་གི་ཡོངས་འཛིན་རྗེ་འཇམ་དབྱངས་རྒྱ་མཚོ་མཆོག་ལས་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་མནོས། ལ་མོའི་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་མཆོག་དང་། རྗེ་བློ་བཟང་རྒྱ་མཚོ་དཔལ་བཟང་པོ་མཆོག དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྗེ་འཇམ་དབྱངས་རྒྱ་མཚོ་མཆོག་དང་། ཨ་ཁུ་དཔལ་ལྡན་ཚང་། རྔ་བའི་ཨ་ཁུ་གྲགས་པ་ཚང་སོགས་གཙུག་གི་ནོར་བུ་བཞིན་བཀུར་ནས་གཞུང་ལུགས་རབ་འབྱམས་ལ་གཞན་དང་མི་མཚུངས་པར་ཕྲ་ཞིང་ཞིབ་པའི་སྒོ་ནས་སྦྱངས་བརྩོན་ལེགས་པར་གནང་། དེའི་ཞོར་དུ་དབང་ལུང་མན་ངག་ཟབ་ཆོས་ཐོབ་དཀའ་བ་དག་དང་། བོད་ལ་འགྱུར་བའི་མདོ་དང་སྔགས་ཀྱི་སྐོར་མཐའ་དག་ལ་གསན་བཞེས་རྒྱ་ཆེར་མཛད་དེ་ངེས་པ་དོན་གྱི་རྒྱལ་ཀུན་གསང་གསུམ་འཛིན་པའི་བྱེད་པོ་གཅིག་པུར་གྱུར། ཕྱོགས་སོ་སོའི་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱིས་རང་རང་གི་འདོད་མོས་ལྟར་ཆེད་གཉེར་གྱིས་ཞུས་པ་ལ་དཔལ་རྡོ་རྗེ་འཇིགས་བྱེད་དང་། དཔལ་དུས་ཀྱི་འཁོར་ལོ། ཐུགས་རྗེ་ཆེན་པོ། ཚེ་དབང་། གདུགས་དཀར་བྱད་གྲོལ་གཏད་གྲོལ་གྱི་དབང་དང་འཕོ་ལུང་སོགས་དབང་ལུང་མན་ངག་མཐའ་དག་སྨིན་རྒྱས་སུ་རྩོལ་བཞིན་བཀའ་གདམས་གོང་མ་དག་གི་རྣམ་ཐར་བདག་གིར་བཞེས་ནས་བསྟན་འགྲོར་སྨན་པའི་ཐབས་དམ་པར་གཞོལ་ཞིང་བཞུགས་པ་ལགས་སོ། །

{{#arraymap:ལ་མོ་ཞབས་དྲུང་སྐུ་ཕྲེང་དགུ་བ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་

|; |@@@ | | }}