85554

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལོ་རས་ཆོས་སྐྱོང་དཔལ་ (1)
Part of speech མིང་ཚིག
Definition གཙང་ལ་སྟོད་ལྷོའི་མཐིལ་རྩ་སྐོར་དུ། ལོ་ཙཱ་བའི་གདུང་རྒྱུད་ཡབ་ལོ་རོ་མཁས་པ་ཇོ་སྲས་དང། ཡུམ་བཙན་རྗེ་སྐྱོང་བྱ་བའི་སྲས་སུ། རབ་བྱུང་བཞི་པའི་ཤིང་ཁྱི་ ༡༢༡༤ ལོར་འཁྲུངས། ཡབ་ཀྱིས་འདི་སྤྲུལ་པའི་སྐུ་ཆོས་སྐྱོང་རང་བཞིན་གྱིས་འགོ་བ་ཞིག་འོང་བར་འདུག་པས། ཆོས་སྐྱོང་འོད་བྱ་བར་འདོགས་པ་ཡིན་གསུང་། དགུང་ལོ་བཞི་ལ་ཀློག་མྱུར་དུ་མཁྱེན། ལྔ་ལ་ཆབ་གཏོར་འཇམ་དཔལ་མ་སོགས་སྒྲུབ་ཐབས་མང་པོ་ཐུགས་སུ་ཆུད་ཅིང་། ཆོས་ཀྱི་གོ་བ་ཧ་ཅང་ཆེ་བས། དགུང་ལོ་དྲུག་བདུན་ནས་མགུར་གསུང་ཐུབ། དགུང་ལོ་བརྒྱད་པར། རྒྱལ་བ་ཡང་དགོན་པ་དང་མཇལ་ཏེ། དཔལ་ལྷ་གདོང་དུ་བྱོན། འཇམ་དཔལ་ཟབ་པའི་དབང་ཞུས། སྔ་རྗེས་རྣམས་སུ་རྗེ་དེ་ཉིད་ལ། དབང་ཆོས་བཞུགས་སོ་ཅོག་ཕལ་ཆེར་གསན། བཅུ་གཅིག་ལ་རྩ་སྐོར་དུ་དགུན་ཟླ་གསུམ་བསྙེན་པ་མཛད་པས། ལྷ་གྲུབ་པའི་མཚན་མ་བཟང་པོ་བྱུང་། བཅུ་གཉིས་ནས་གཉན་སར་གཅོད་ཀྱི་ཚར་སློང་འགྲིགས། བཅོ་ལྔ་ལ་སྤྱོད་འཇུག་གི་བཤད་གསར་མཛད་པས་སྙན་པས་ཕྱོགས་ཀུན་ཁྱབ། དེ་ནས་རྩིབས་རི་ར་སྔོན་དུ་བྱོན་ནས་སྒྲུབ་པ་ཡུན་རིང་མཛད་པས་ཉམས་རིམ་པ་ལྟར་བྱུང་ཞིང་། བདེ་དྲོད་ལ་བརྟན་པ་ཐོབ་ཅིང་། ན་བཟའ་རས་རྐྱང་གིས་ཆོག་པ་བྱུང་བས། བླ་མ་ལོ་རོ་རས་པ་ཞེས་གྲགས། ས་དང་པོའི་རྟོགས་པ་བརྙེས། བཅུ་དགུ་ལ་མཁན་པོ། ཡང་ཐོག་པའི་དྲུང་དུ། ཚུལ་བཞིན་ཆིག་རྫོགས་མཛད། མཚན་ཆོས་སྐྱོང་དཔལ་བཟང་པོར་གསོལ། རྩིབས་རིར་བྱོན་ནས་འཚོ་བ་དཀའ་ཐུབ་ངང་ཡུན་རིང་བཞུགས། བླ་མ་བདེ་མཆོག་དུ་བཞེངས་ནས་དབང་ཞིག་བསྐུར་བ་རྨིས་པས། སྔར་གྱི་རྟོགས་པ་མཉམ་རྗེས་དང་སྟོང་འཛིན་ཕྲ་མོ་བཅས་དག་སྟེ། མཉམ་པར་བཞག་མ་བཞག་མེད། སྟོང་མི་སྟོང་མེད་པ་ཕྱལ་བ་གཅིག་ཏུ་སོང་བས། བླ་མས་དེ་སྤྲོས་བྲལ་གྱི་རྟོགས་པ་རོ་གཅིག་ཏུ་འཕར་བ་ཡིན་གསུང་། ཕ་སྤད་ཁྱད་མེད་པར་ཕྲིན་ལས་ཀྱི་སྒོ་བསམ་མི་ཁྱབ་པ་ལ་འཇུག་པ་ཡིན་གསུངས་ནས། གཞན་དོན་གྱི་བསྐོར་གྱི་ཕྱག་དཔེ། ཐབས་ལམ་གྱི་དཔེ་ཐུན་མོང་མ་ཡིན་པ་འགའ། སྣམ་སྦྱར། ལྷུང་བཟེད། གཏུར་བུ། སོར་གདུབ་རྣམས་གནང་ཞིང་སྐུ་གཤེགས་ཁར་གདན་དང་ན་བཟའ་བཟང་པོ་གསོལ་ནས། ཁྱོད་ངའི་ཕུ་བོའི་དོད་ཡིན། ངའི་ཁུར་ཁ་འདི་ཁྱོད་ལ་གཏོད་པ་ཡིན། གོ་ཆ་གོན་གསུངས། ནན་ཏན་ཆེན་པོས་རྒྱལ་ཚབ་ཏུ་མངའ་གསོལ། ཞེ་བདུན་པ་ལྕགས་སྤྲེལ་ལ་ཤྲཱི་གནམ་ལྡིངས་སུ་བྱོན། རིན་པོ་ཆེའི་གཟིམས་སྤྱིལ་གྱི་འོག་ཁང་དུ་བཞུགས་ཏེ། སྒྲུབ་པ་དང་འགྲོ་དོན་སྤེལ་མར་གནང་ནས་གདན་ས་བསྐྱངས། སྒོམ་ཆེན་པ་རྣམས་ཀྱི་གེགས་དང་བར་ཆད། ནད་པ་རྣམས་ཀྱི་ནད་དང་འདྲེ་གདོན་སོགས། ཞལ་མཐོང་བ་ཙམ་རེས་གྲོལ་བ་སོགས་ལྡན། གཞན་ཡང་ལྗ་སྡིངས། ལྷ་གདོང་སོགས་སུའང་བཞུགས་ནས། སྒྲུབ་བསྟན་སྤེལ་བའི་མཐར། དགུང་གྲངས་དྲུག་ཅུའི་ནང་ཙམ་ལ་ཞི་བར་གཤེགས། གསུང་འབུམ་པོད་གཅིག་བཞུགས། སློབ་མ་ནི། ཡོན་སྒོམ་རྒྱལ་བ་དཔལ། རིན་ཆེན་བཟང་པོ། ཞིག་པོ་རྡོར་བསོད། ཀུན་དགའ་དཔལ། སྟོན་པ་གཞོན་སྙིང་། སློབ་དཔོན་རྡོར་རིན། རྣམ་ཐར་མཛད་པ་པོ་བཙུན་པ་ཤཱཀྱའི་མཚན་ཅན་སོགས་སོ། །

{{#arraymap:ལོ་རས་ཆོས་སྐྱོང་དཔལ་

|; |@@@ | | }}