86166

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕང་ལུང་པཎྜི་ཏ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ལྕགས་སྟག་ཕྱི་ལོ་ ༡༧༧༠ ལོར་སོག་པོ་སོ་ཉིད་གཡོག་རུའི་ཤོག་ཏུ་ཡབ་ཐའི་ཇི་དོན་གྲུབ་དང་། ཡུམ་བདེ་བ་ཅན་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་དྲུག་པར་ལྕང་སྐྱ་རོལ་བའི་རྡོ་རྗེ་དང་། མཁན་ཆེན་ནོ་མིན་ཧན་གཉིས་ཀྱིས་ལྕང་ལུང་བློ་བཟང་དཔལ་འབྱོར་ལྷུན་གྲུབ་ཀྱི་ཡང་སྲིད་དུ་ངོས་བཟུང་། དགེ་འཕེལ་དགའ་ལྡན་ཆོས་མཛོད་གླིང་བླ་བྲང་དུ་ཕེབས། མཁན་ཆེན་ངག་དབང་ཚུལ་ཁྲིམས་དཔལ་བཟང་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས། མཚན་ལ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དུ་གསོལ། བདུན་པར་ལྕང་ལུང་དགོན་གྱི་གོང་མའི་གདན་ཁྲིར་བཞུགས། དགེ་བཤེས་ངག་དབང་དཔལ་འབྱོར་ལས་ཡི་གེའི་སྦྱོར་ཀློག་བསླབས། བཅུ་བཞི་པར་རྒྱ་ནག་རི་བོ་རྩེ་ལྔར་ལྕང་སྐྱ་རོལ་པའི་རྡོ་རྗེ་དང་མཇལ། འཇིགས་བྱེད་ལྷ་བཅུ་གསུམ་པའི་དབང་སོགས་ཆོས་མང་དུ་ཞུས། དཀའ་བཅུ་ངག་དབང་སྦྱིན་པ་ལས་མདོ་སྔགས་ཀྱི་གཞུང་མང་སྦྱངས། བཅུ་དགུ་པར་དགོན་པའི་ཆོས་སྲིད་ཀྱི་ཐུགས་འགན་བཞེས། ཉེར་གཅིག་པར་དབུས་ལྷ་ལྡན་དུ་གྲྭ་སྐོར་ཕེབས། སེར་བྱེས་གྲྭ་ཚང་དུ་ཞུགས། ཉེར་གཉིས་པར་རྒྱལ་བ་འཇམ་དཔལ་རྒྱ་མཚོ་ལས་བསྙེན་པར་རྫོགས། རྒྱལ་དབང་མཆོག་ནས་དགའ་ལྡན་བསྟན་པའི་གསལ་བྱེད་པཎྜི་ཏ་ཞེས་པའི་ཆོ་ལོ་དང་། བཀའ་ལུང་། དབུ་གདུགས་སེར་པོ། ཐམ་ཀ་ཆེ་ཆུང་། པཎ་ཞྭ་སྣེ་རིང་སོགས་སྐུའི་ཉེར་སྤྱད་ཆ་ཚང་བཅས་གནང་། ཉེར་དགུ་པར་རང་ཡུལ་དུ་བྱམས་སྐུ་དང་ལྷ་ཁང་གསར་བཞེངས་མཛད། ཆིན་ལུང་གོང་མའི་ཕོ་བྲང་དུ་ལན་གཉིས་ཕེབས་ཏེ་བསྟན་དོན་བསྒྲུབས། སོ་བཞི་པར་བཀྲ་ཤིས་འཁྱིལ་དུ་གོང་ཐང་བསྟན་པའི་སྒྲོན་མེ་དང་མཇལ། ཞེ་ལྔ་པར་རང་དགོན་དུ་མཚན་ཉིད་གྲྭ་ཚང་བཙུགས། རབ་འབྱམས་པ་བློ་བཟང་བཤད་སྒྲུབ་མཚན་ཉིད་གྲྭ་ཚང་གི་བླ་མར་བསྐོས། དོན་དྲུག་པ་རབ་བྱུང་བཅུ་བཞི་པའི་ཤིང་སྦྲུལ་ཕྱི་ལོ་ ༡༨༤༥ ལོར་སྐུ་གཤེགས། གསུང་རྩོམ་ནི་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་གྱི་ཆོ་གའི་ངག་འདོན་གྱི་རིམ་པ་ལེགས་བཤད་བདུད་རྩིའི་ཟིལ་མངར། གནས་མཆོག་བསོད་ནམས་ཀུན་སྡུད་གླིང་གི་རྟེན་གཙོ་ཇོ་བོ་མ་ཧཱ་བོ་ངྷིའི་དཀར་ཆག་ཆེད་དུ་བརྗོད་པ་དྭངས་ཤེལ་མེ་ལོང། དེ་བཞིན་གཤེགས་པ་བདུན་གྱི་དབང་བསྐུར་བའི་ཆོ་ག་ཕན་བདེའིི་འབྱུང་གནས་ཇི་ལྟ་བ་བཞིན་ནག་འགྲོས་སུ་བཀོད་པ། བཅོམ་ལྡན་འདས་འཁོར་ལོ་ཆེན་པོ་བསྙེན་ཐབས་ཀྱི་མན་ངག་གསང་བདག་དགྱེས་ཞལ་བལྟ་བའི་མེ་ལོང། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་མངོན་དཀྱིལ་གྱི་ཆོ་ག་ཕུལ་བྱུང་ཞལ་ལུང། རྒྱ་དཀར་ནག རྒྱ་སེར། ཀརྨི་ར། བལ་བོད་ཧོར་གྱི་ཡི་གེ་དང་དཔེ་རིས་རྣམ་གྲངས་སོགས་པོ་ཏི་དྲུག་བཞུགས།

{{#arraymap:ལྕང་ལུང་པཎྜི་ཏ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་

|; |@@@ | | }}