86182

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྕང་སྐྱ་རོལ་བའི་རྡོ་རྗེ་ (1)
Part of speech མིང་ཚིག
Definition མདོ་སྨད་བྱང་ཕྱོགས་ཀྱི་ཡུལ་གྲུ་ལང་གྲུ་སྡེ་བཞིར་གྲགས་པའི་ནུབ་པདྨའི་སྡེའི་ཆར་གཏོགས་པའི་འབྲོག་གནས་བྲག་དཀར་ཟེར་བའི་ལུང་པར། ཡབ་ཆི་ཀྱྭ་ཚངས་པ་གུ་རུ་བསྟན་འཛིན་དང་། ཡུམ་བུ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་མེ་བྱ་ཕྱི་ལོ་༡༧༡༧ལོར་སྐུ་འཁྲུངས། དགུང་ལོ་བཞི་པ་ལྕགས་བྱི་ལོར་ཆོས་སྡེ་ཆེན་པོ་དགོན་པ་ལུང་བྱམས་པ་གླིང་གི་ལྕང་སྐྱ་བླ་བྲང་དུ་ཕེབས། ཆུ་བཟང་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་དུ་སྐྲ་ཕུད་བཞེས་ཏེ་མཚན་ལ་ངག་དབང་ཆོས་ཀྱི་གྲགས་པ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོར་གསོལ། སྐུ་གོང་མའི་སློབ་མ་ཨ་རྩེ་ཆོས་རྗེ་བློ་བཟང་ཆོས་འཛིན་པའི་དྲུང་དུ་གཟབ་ཤར་གྱི་ཡི་གེ་འབྲི་ཀློག་ཚེགས་མེད་པར་ཐུགས་སུ་ཆུད། དགུང་ལོ་བདུན་པ་ཆུ་ཡོས་ལོར་རྗེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་དུ་ཡོངས་འཛིན་དགེ་བསྙེན་གྱི་སྡོམ་པ་དང་བར་མའི་ཚུལ་ཁྲིམས་ལེགས་པར་བཞེས། དགུང་ལོ་བརྒྱད་པ་ཤིང་འབྲུག་ཕྱི་ལོ་༡༧༢༤ལོར་ཅང་ཇུན་གུང་ཉེན་ཀིན་ཡོའུ་དང་གུང་ཡོའུ་གྲུང་ཆི་གཉིས་ཀྱིས་གོང་མའི་བཀའ་བཞིན་རྒྱ་ནག་ཏུ་གདན་དྲངས་ཏེ་ཟུང་གྲུ་ཟི་དགོན་པར་སྐུ་གོང་མ་རྡོ་རྗེ་འཆང་ཆེན་པོ་ངག་དབང་བློ་བཟང་ཆོས་ལྡན་དཔལ་བཟང་པོའི་ཆོས་ཀྱི་རྒྱལ་སྲིད་ཀྱི་ཁྲི་འཕང་མཐོན་པོར་བཀོད། རྗེ་ཁྲི་ཆེན་མཆོག་སྤྲུལ་བློ་བཟང་བསྟན་པའི་ཉི་མ་དང་། དཀའ་ཆེན་ཤེས་རབ་དར་རྒྱས་སློབ་དཔོན་དུ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ཆེན་རྣམས་ལ་གསན་སྦྱོང་ལེགས་པར་མཛད་དེ་གཞན་དྲིང་མི་འཇོག་པའི་སྤོབས་པ་བརྙེས། གོང་མ་བདག་པོ་ཆེན་པོས་རྗེ་འདི་མ་བསྔགས་བརྗོད་གསེར་གྱི་བཀའ་ལུང་དང་བཅས་སྐུ་གོང་མའི་དུས་བཞིན་བཀྭན་ཏིང་ཕུའུ་ཤན་བཀྭང་ཚི་ཏཱ་གཽ་ཤྲི་བའི་ཀུན་མཁྱེན་བླ་མ་ཆེན་པོ་ཞེས་པའི་མཚན་གྱིས་གཟེངས་བསྟོད། ཤིང་ཡོས་ (སྤྱི་ལོ་༡༧༣༥) ལོར་སྐྱབས་མཆོག་བསྐལ་བཟང་རྒྱ་མཚོ་མགར་ཐར་ནས་དབུས་སུ་གདན་འདྲེན་པར་ཕེབས། སྐྱབས་མཆོག་དེ་དང་། ཁྲི་ངག་དབང་མཆོག་ལྡན་ཡབ་སྲས་ལས་རི་བོ་དགེ་ལྡན་པའི་སྙན་བརྒྱུད་ཀྱི་གདམས་པ་ཡོངས་རྫོགས་གསན། ཟླ་བ་བཅུ་པར་པཎ་ཆེན་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་སློང་གི་སྡོམ་པ་མནོས། མཚན་ཡེ་ཤེས་བསྟན་པའི་སྒྲོན་མེ་དཔལ་བཟང་པོ་ཞེས་གསལ། མེ་འབྲུག་ (སྤྱི་ལོ་༡༧༣༦) ལོར་རྒྱ་ནག་ཏུ་ཆིབས་ཁ་བསྒྱུར། རྒྱལ་ཁབ་ཆེན་པོ་པེ་ཅིང་དུ་ཕེབས་ནས་གོང་མ་ཆེན་ལུང་རྒྱལ་པོ་སྲིད་ཁྲིར་འཁོད་པ་ལ་མཇལ། ཁྲི་ཆེན་སྤྲུལ་སྐུ་བློ་བཟང་བསྟན་པའི་ཉི་མ་ལས་བཀའ་ཆོས་དང་། རྟ་ཚག་རྗེ་དྲུང་རིན་པོ་ཆེའི་ཕུ་བོ་དཔལ་བཟང་ཆོས་རྗེ་སོགས་ལས་མདོ་སྔགས་རིག་གནས་ཐམས་ཅད་དང་ཁྱད་པར་དུ་རྩིས་རིག་ལ་མཁས་པའི་ཕ་རོལ་ཏུ་སོན། ཆེན་ལུང་ལྷས་སྐྱོང་རྒྱལ་པོ་ལ་བདེ་མཆོག་གི་དབང་གནང་། མཁས་གྲུབ་གཉིས་ཀྱི་སྒོ་ནས་འགྲན་ཟླ་དང་བྲལ། དགུང་ལོ་ཉེར་ལྔ་པ་ལྕགས་བྱ་སྤྱི་ལོ་ལོར་གོང་མའི་བཀའ་ལྟར་རྒྱལ་བའི་བཀའི་དགོངས་འགྲེལ་གྱི་བསྟན་བཅོས་འགྱུར་རོ་ཅོག་སོག་སྐད་དུ་སྒྱུར་འགོ་ཚུགས། ཐ་སྙད་གཅིག་གྱུར་ཆེད་དུ་དག་ཡིག་མཁས་པའི་འབྱུང་གནས་མཛད། དགུང་ལོ་སོ་གསུམ་པ་རབ་བྱང་བཅུ་གསུམ་པའི་ས་སྦྲུལ་ཕྱི་ལོ་༡༧༤༩ལོར་རང་ཡུལ་མདོ་སྨད་དུ་ཕེབས། དགོན་ཆེན་སྐུ་འབུམ་དང་། དགོན་ལུང་། གསེར་ཁོག་གསུམ་ལ་གོང་མས་བསྩལ་བའི་ཙི་པེན་གནང་ཞིང་། ཟབ་ཆོས་བདུད་རྩིའི་གྲུ་ཆར་ཕབ་སྟེ་འགྲོ་དོན་རྒྱ་ཆེར་མཛད། ལོ་དེའི་ཟླ་བརྒྱད་པར་སླར་པེ་ཅིང་དུ་ལོག་པེ་ཅིང་དུ་བོད་ལུགས་ཀྱི་དགོན་པ་མང་པོ་གསར་དུ་བཞེངས། དགུང་ལོ་ཞེ་གཅིག་པ་མེ་གླང་ཕྱི་ལོ་༡༧༦༣ལོར་སླར་དབུས་སུ་ཕེབས། རྒྱུད་སྟོད་སྨད་དུ་བདེ་གསང་གི་དབང་གནང་། གོང་ས་འཇམ་དཔལ་རྒྱལ་མཚོ་རྒྱལ་བའི་སྤྲུལ་སྐུ་ངོས་བཟུང་། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་བརྩམས། ལྕགས་འབྲུག་ལོར་སླར་པེ་ཅིང་དུ་ཕེབས། དགུང་ལོ་ཞེ་བདུན་པ་ཆུ་ལུག་ཕྱི་ལོ་༡༧༦༣ལོར་ཡབ་དུས་ཀྱི་ཆོས་ཉིད་དུ་གྱུར་པས་སོག་ཡུལ་བརྒྱུད་དེ་མདོ་སྨད་དུ་ཕེབས། དགོན་ཆེན་ཀུན་ཏུ་ཞབས་ཀྱི་བཅགས། མེ་ཕག་ལོར་རི་བོ་རྩེ་ལྔར་ཕེབས་ནས་ཨེ་ཝཾ་དགའ་འཁྱིལ་ཞེས་པའི་སྒྲུབ་ཁང་བཏབ། དགུང་ལོ་ང་ལྔ་པ་ལྕགས་ཡོས་ཕྱི་ལོ་༡༧༧༡ལོར་གོང་མའི་བཀའ་ལྟརབཀའ་གྱུར་ཆེན་མོ་མན་ཇུའི་སྐད་དུ་བསྒྱུར་བའི་འགོ་ཚུགས། དགུང་ལོ་བདུན་ཅུ་པར་རབ་བྱུང་གསུམ་པའི་མེ་རྟ་ཕྱི་ལོ་༡༧༨༦ལོར་རི་བོ་རྩེ་ལྔའི་ཨེ་ཝཾ་དགའ་འཁྱིལ་དུ་སྐུ་གཤེགས། ཁོང་གི་གསུང་ཆོས་གྲུབ་མཐའི་རྣམ་བཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན། དག་ཡིག་མཁས་པའི་འབྱུང་གནས་སོགས་པོ་ཏི་བདུན་ཞུགས།

{{#arraymap:ལྕང་སྐྱ་རོལ་བའི་རྡོ་རྗེ་

|; |@@@ | | }}