87457

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ལྷ་བཙུན་ཀུན་དགའ་ཆོས་ཀྱི་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རྒྱལ་དབང་རྗེའི་དངོས་སློབ་རྟོགས་ལྡན་རྣམ་གཉིས་ཀྱི་ཡ་གྱལ་ཡིན། སྐྱིད་ཤོད་སྨད་ཀྱི་ས་ཆ་གནམ་ཞེས་བྱ་བར། འོད་གསལ་ལྷའི་གདུང་ལས་བྱོན་པའི་ཡབ་དཔོན་དོན་ལྡན་དང༌། ཡུམ་སྐྱིད་སྐྱིད་བྱ་བའི་སྲས་སུ། རབ་བྱུང་བདུན་པའི་ཆུ་བྱི་ ༡༤༣༢ ལོར་བལྟམས། མིང་དོན་དབང་ལེགས་པར་བཏགས། དགུང་ལོ་བདུན་བརྒྱད་ནས་ཀློག་ཡིག་ཚེགས་མེད་དུ་མཁྱེན། གཞིས་ཀ་སྣེའུའི་ཕོ་བྲང་དུ། དྲུང་ཆེ་དཔལ་འབྱོར་རྒྱལ་པོའི་དྲུང་འཁོར་མཛད། ཉེར་བདུན་ཙམ་ལ་ངེས་འབྱུང་ཆེ་ཡང་ཆོས་ལ་ཕེབས་མ་ཐུབ། མཐར་སྨྱོ་བརྫུ་མཛད་དེ། དགུང་ལོ་སུམ་ཅུ་པར་མོན་མོ་རྫའི་རི་ཁྲོད་དུ། རྗེ་མོན་རྩེ་རྟོགས་ལྡན་ཁུ་དབོན་གྱི་སྤྱན་སྔར་བྱོན་ཏེ། དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ཀུན་དགའ་ཆོས་ཀྱི་རྒྱ་མཚོར་གསོལ། བྱང་སྡོམ། རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས། ཕྱག་ཆེན་སྔོན་དངོས་ཀྱི་ཉམས་ཁྲིད་བསྐྱངས། འབར་ཆོས་ཡོངས་རྫོགས་གསན། ལོ་གཉིས་ཙམ་བཞུགས། ཆོས་སྡིངས་སུ་རྗེ་རྟོགས་ལྡན་སངས་རྒྱས་བཀྲ་ཤིས་ཀྱི་དྲུང་དུ་བྱོན། ཞི་བྱེད་བརྒྱུད་པ་སྔ་ཕྱི་བར་གསུམ་གྱི་ཆོས་སྐོར་ཕལ་ཆེ་བ་གསན། རྒྱལ་དབང་རྗེའི་སྙན་པ་གསན་ནས་མོས་གུས་ཐུན་མོང་མ་ཡིན་པ་སྐྱེས། འབྲུག་ཏུ་ཕེབས། མཇལ་མ་ཐག་ཐུགས་ཡིད་གཅིག་འདྲེས་སུ་གྱུར། གུས་སུའང་གདམས་པ་གནང༌ཞིང་ཕྱག་ཆེན་དང་ཆོས་དྲུག་ལ་མྱོང་ཁྲིད་མཛད། སྔོན་གྱི་སྒྲུབ་གནས་དུ་མར། དཀའ་ཐུབ་ཁོ་ནས་སྒྲུབ་པ་ལོ་མང་མཛད། རྒྱལ་དབང་རྗེས་བུ་ཆུའི་སྒྲུབ་སྡེའི་བླ་མར་མངའ་གསོལ་བ་ལྟར། འདག་སྦྱར་གནང་སྟེ། བཀའ་བརྒྱུད་གོང་མའི་ཕྱག་བཞེས་ཇི་ལྟ་བས་བསྟན་པའི་མིག་ལྟོས་ལ་ཕན་པར་མཛད། བརྟུལ་ཞུགས་ཀྱི་སྤྱོད་པས་གནས་ངེས་མེད་དུ་བྱོན། བུ་མོ་གཞོན་ནུ་མ་ཁ་ཤས་དང་ཀོང་གཞས་མཉམ་དུ་རྩེ་བས། དེ་དག་གིས་རྡོ་དབྱུག་ཚེར་མ་སོགས་བསྣུན་ཞིང། རེག་བྱ་དེས་རོ་གཅིག་ཆེན་པོའི་རྟོགས་པ་ཐུགས་ལ་འཁྲུངས། མི་དྲག་ནད་པ་ཞིག་རྟ་ཐོག་ཏུ་ཡོད་པ་ལ་ཁ་ཊྭཱཾ་བརྡེགས་པས། རྟ་ཐོག་ནས་ལྷུང་ཏེ་བརྒྱལ་བར། གཡོག་རྣམས་ཀྱིས་རྡོ་དང་རལ་གྲིས་བསྣུན་ཀྱང༌། སྐྱོན་མ་བྱུང་ཅིང་། ནད་པ་ནད་ལས་གྲོལ་བ་བྱུང་བས། ཐམས་ཅད་དད་ནས་བཤགས་པ་ཕུལ། འཇམ་དབྱངས་ཆོས་གྲགས། ངག་དབང་ཆོས་རྒྱལ། སྨྱུག་ལ་པཎ་ཆེན་སོགས་སྐྱེས་ཆེན་དུ་མས་ཆོས་གསན། འབྲུག་པ་ཀུན་དགའ་ལེགས་དང་ཐུགས་ཡིད་གཅིག་འདྲེས་ཀྱིས་རྗེས་སུ་བཟུང༌། མཐར་དོན་བཞི་པ་ཤིང་གླང་ ༡༥༠༥ ལོའི་བོད་ཟླ་བཅུ་པའི་ཚེས་བཅུའི་སྲོད་ཀྱི་དུས་ཙམ་ལ། གཟུགས་སྐུ་བསྡུས། གདུང་ལ་རིང་བསྲེལ་སྲན་མ་ཙམ། འོད་ཁ་དོག་ལྔ་འཕྲོ་བ་གཅིག་སོགས་རིང་བསྲེལ་བསམ་གྱིས་མི་ཁྱབ་པ་བྱོན། སློབ་མ་ནི། དབོན་པོ་རྒྱལ་དབང་པ། བླ་མ་ཐར་པ་བ། རྟོགས་ལྡན་ནམ་མཁའ་རྡོ་རྗེ། དྲུང་བསམ་གཏན་པ། ཀུན་སྤངས་མི་མཉམ་རྡོ་རྗེ། དགེ་སློང་ཡེ་ཤེས་རྡོ་རྗེ་སོགས་བྱུང་། རྗེ་འདིའི་དངོས་སློབ་དྲུང་གྲགས་པ་མཐའ་ཡས་ཀྱི་སློབ་མ་ཆོས་སྐུ་ནམ་མཁའ་རིན་ཆེན་ཞེས་པས་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གནང་བ་ལ་བརྟེན་ནས་སྤྲོས་བྲལ་གྱི་རྟོགས་པ་མཐར་ཐུག་བརྙེས། །རྗེ་བྲག་སྟོད་པ་ཆེན་པོ་རྡོ་རྗེ་འཆང་ལྷ་དབང་གྲགས་པ་ཡིན། དེ་ལས་རྗེ་བཙུན་ཏཱ་ར་ནཱ་ཐས་བརྒྱུད་པ་ཡིན་ནོ། །

{{#arraymap:ལྷ་བཙུན་ཀུན་དགའ་ཆོས་ཀྱི་རྒྱ་མཚོ་

|; |@@@ | | }}