88872

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤར་ཆོས་བློ་བཟང་ཉི་མ་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་༡༡༤ ཤར་ཆོས་བློ་བཟང་ཉི་མ་དཔལ་བཟང་པོ་མཆོག་ནི། ཁམས་བྲག་གཡབ་མ་དགོན་སེར་བྲག་མཚོ་མོ་འགོར་ཡབ་ཕྱི་ལོད་ཚེ་རིང་དང་། ཡུམ་ཡེ་ཤེས་དབང་མོ་གཉིས་ཀྱི་སྲས་སུ་ ༡༩༢༧ ཤིང་གླང་ལོར་འཁྲུངས། དགུང་གྲངས་༤ ཕེབས་པ་དགེ་བཤེས་ལྷ་རམས་པ་ཚེ་མཆོག་དྲུང་དུ་གཙུག་ཕུད་ཕུལ། དགུང་གྲངས་༡༥ ཕེབས་པར་རབ་ཏུ་བྱུང་སྟེ་གཞིས་དགོན་དུང་འཁྲུངས་དགོན་པར་སྒྲིག་ཞུགས་གནང། དགུང་གྲངས་ ༢༡ ལོར་དགའ་ལྡན་ཤར་རྩེ་གྲྭ་ཚང་དུ་སྒྲིག་ཞུགས་གནང་༸སྐྱབས་རྗེ་ཐེ་པོ་རིན་པོ་ཆེ་སྐུ་ཕྲེང་༦ པ་ངག་དབང་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་དང་༸སྐྱབས་རྗེ་ཡོངས་འཛིན་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་ཞལ་སྔ་ནས་མཁན་སློབ་སྦྲགས་མ་དང་། ཁ་སྐོང་འོས་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས་པའི་དགེ་སློང་སྡོམ་པ་བཞེས། སྐྱབས་རྗེ་ཛེ་སྨད་རིན་པོ་ཆེ་སོགས་བཤེས་གཉེན་ཞལ་གྲངས་ ༡༢ བཅས་བསམ་སྦྱོར་གཉིས་ཀྱི་སྒོ་ནས་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་ཐུགས་གཉེར་མཁས་པའི་ཕ་རོལ་ཏུ་སོན་པར་མཛད། དགུང་གྲངས་ ༣༥ ཕེབས་པ་བཙན་བྱོལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་དུ་སློབ་གཉེར་མུ་མཐུད་དེ་གནང་རྗེས་གྲྭ་སྐོར་དམ་འཇོག་མཛད། ༸གོང་ས་མཆོག་དང་། ཡོངས་འཛིན་རྣམ་གཉིས། ཟོང་རིན་པོ་ཆེ་སོགས་སྐྱེས་ཆེན་དམ་པ་མང་པོས་དྲུང་ནས། སྙན་བརྒྱུད་ཀྱི་མན་ངག་མཐའ་ཡས་པ་གསན་ཏེ་མང་ཐོས་ལུང་གིས་ཕྱུག་པར་མཛད། ༡༩༦༤་དང་༦༥ སློབ་དཔོན་དང་། སྦག་ས་ཆོས་སྒར་དཔེ་ཁྲིད་སློབ་དཔོན་མཛད་འགན་བཞེས། ༡༩༦༧ ལོར་༸རྒྱལ་བའི་བཀའ་དགོངས་བཞིན་ཝཱ་ཎར་རིས་མེད་མཁས་དབང་མང་པོས་དྲུང་དུ་གཞུང་ཆེན་ཁག་བསྐྱར་སྦྱོང་མཛད་བཞིན་དད་ལྡན་སློབ་གཉེར་བ་གཞན་ལ་དཔེ་ཁྲིད་རྒྱུན་སྐྱོང་མཛད། ༡༩༦༩ ལོར་སློབ་དཔོན་རྒྱུགས་སྤྲོད་ཆེན་མོར་ཨང་རིམ་དང་པོའི་མཚན་གནས་བཞེས། ༸གོང་ས་མཆོག་ནས་རྩོད་རྒྱུགས་བཞེས་སྐབས་རྩེ་ཕུད་ཀྱི་གཟེངས་བསྟོད་པར་སྩལ། ༡༩༧༡ ལྷ་རམས་པའི་དམ་བཅའ་འཇོག། ༡༩༧༢ ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་སྒྲིག་ཞུགས་མཛད། རྒྱུད་པའི་དགེ་བསྐོས་སོགས་མཛད་འགན་བསྐྱངས། ༡༩༧༦ ལོར་རྒྱུད་པའི་བླ་དབུ་དང་རིམ་པས་མཁན་ཁྲིར་ཕེབས་ཏེ་འགྲེལ་པ་བཞི་སྦྲགས་ཆོས་འཆད་ཉན་གནང་བས་མཚོན་བསྟན་འགྲོའི་མཛད་པ་རྒྱ་ཆེར་བསྐྱངས། དགུང་གྲངས་ ༦༠ ནས་མི་ལོ་ལྔའི་རིང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྙེན་ཆེན་སྦྱོང་དངོས་རྗེས་གཙང་སྒྲུབ་པ་སྙིང་པོར་མཛད། ༡༩༩༠ ལོར་༸གོང་ས་མཆོག་ནས་ཤར་རྩེ་གྲྭ་ཚང་གི་མཁན་པོར་ཕྱག་རྟགས་ཕེབས། ༡༩༩༡ ལོར་ཤར་པ་ཆོས་རྗེའི་མཚན་གནས་མངའ་གསོལ། བསྟན་འགྲོའི་གོད་ཆགས་ལྟ་བུར་ ༡༩༩༥ ཟླ་བ་༨ ཚེས་༦ ཉིན་ཞོགས་པར་ཞལ་ཁྲུས་དང་གསོལ་ཆས་རྣམས་འཆར་ཅན་ལྟར་གནང་ཞིང་། གདུལ་བྱ་རྟགས་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་དགོངས་པ་ཆོས་དབྱིངས་སུ་གཤེགས།

{{#arraymap:ཤར་ཆོས་བློ་བཟང་ཉི་མ་

|; |@@@ | | }}