89023

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤཱཀྱ་པུ་ཏྲི་ (1)
Part of speech མིང་ཚིག
Definition འདི་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ལོ་རྒྱུས་ནང་རྒྱལ་པོ་ཨིནྡྲ་བོ་དྷིའི་སྲས་སུ་གྲགས། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་དུས་སུ་ཕྱིན་པ་ན། ཀུ་ཀུ་རཱ་ཛ་ཞེས་བྱ་བའི་དགེ་སློང་གྲུབ་པ་པོ་ཞིག་བྱུང་སྟེ། ཉིན་མོ་ནི་ཁྱི་རྣམས་ལ་ཆོས་སྟོན། མཚན་མོ་ནི་ཁྱི་རྣམས་ལྷ་མོར་བྱིན་གྱིས་བརླབས་ནས་ཐབས་དང་ཤེས་རབ་ཀྱི་ལོངས་སྤྱོད་མཛད་པ་དེས། དཔལ་ཕྲེང་དམ་པ་དང་། དཔལ་གསང་བ་འདུས་པ་དང་། དཔལ་གསང་བ་སྙིང་པོོ་ལ་སོགས་པ་གནང་བ་ལྟར་ཕྲད་ཀྱང་གོ་ནི་མི་གོ ། དེ་ནས་ཡང་དང་ཡང་དུ་ཏིང་ངེ་འཛིན་ལ་བཞག་ཅིང་། ཉིན་པར་ནི་ཡང་དང་ཡང་དུ་བལྟས། མཚན་མོ་ནི་རས་དྲི་མ་མེད་པའི་ནང་དུ་དྲིལ་ནས་རིན་པོ་ཆེའི་སྒྲོམ་དུ་བཅུག་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཉིད་བསྒོམས་པ་ལས། ལྷས་བྱིན་གྱིས་བརླབས་པའི་རྨི་ལམ་ན་རང་གི་གནས་སུ་དཔལ་རྡོ་རྗེ་སེམས་དཔའ་ཡང་བཞུགས། དམ་པའི་ཆོས་དེ་དག་ཀྱང་མངོན་སུམ་དུ་གྱུར་པ་སྙམ་བྱེད་ནས། སད་པ་དང་བལྟས་པ་ན། དཔལ་རྡོ་རྗེ་སེམས་དཔའ་མི་གདའ་ཡིས་ཀྱང་། དམ་པའི་ཆོས་དེ་དག་ནི་མངོན་དུ་གྱུར་ཏེ། དཔལ་ཕྲེང་དམ་པའི་འགྲེལ་པ་མཛད་དོ། །དེ་ནས་དམ་པའི་ཆོས་འདི་དག་བསྟན་ཅིང་བཤད་པར་བྱ་ན་སྣོད་དང་ལས་འཕྲོ་ལྡན་པ་སུ་ཡོད་ཅེས་ཏིང་ངེ་འཛིན་གྱིས་བརྟགས་པ་ན། འཕགས་པ་སཡོངས་སུ་སྣང་བའི་རྒྱལ་པོ་ཨིནྡྲ་བོ་དྷི་ལ་གཟིགས་སོ། །ལ་ལ་ན་རེ། ཨིནྡྲ་བོ་དྷི་ནི་དེའི་དུས་སུ་འདས་ཏེ། དེའི་སྲས་ཤཱཀྱ་པུ་ཏྲི་ལ་བསྟན་ཅེས་ཨུ་རྒྱན་གྱི་ཡི་གེ་ལས་བྱུང་ངོ་། །ཞེས་སོ། །ཤཱཀྱ་པུ་ཏྲིས་སྲས་མོ་གོ་མ་དེབཱི་ལ་བསྟན་ཏེ། དེ་དག་ཀྱང་འཁོར་སྟོང་སྟོང་འཕུར་ཞེས་སོ། །ཞེས་གསུངས། འདིའི་མཚན་གྱི་འབྲི་སྲོལ་ལ། རྒྱ་གར་གྱི་བསྟན་བཅོས་ལས་ཤཱཀྱ་པུ་ཏྲི་ཞེས་བྲིས་འདུག་ཀྱང་། བོད་བསྟན་མང་ཆེ་བར། ཤཱཀྱ་བྷུ་ཏི། ཤཀྲ་པུཏི། ཤཱཀྱ་པུ་ཏྲི་བཅས་ཅི་རིགས་སུ་སྣང་། ཡིད་ཀྱི་མུན་སེལ་དུ། རྒྱལ་ཨིནྡྲ་བོ་དྷིས་འདི་དང་སྲས་མོ་གོ་མ་དེབཱི་གཉིས་ལ་རྡོར་སེམས་སྒྱུ་འཕྲུལ་གྱི་གདམས་ངག་འབོགས་ཏེ་རྣམ་པར་སྨིན་པའི་རིག་འཛིན་ལ་བཀོད་པར་གསུངས།

{{#arraymap:ཤཱཀྱ་པུ་ཏྲི་

|; |@@@ | | }}