92322

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སུ་ཏུ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་ནི་ (1)
Part of speech མིང་ཚིག
Definition ཀཿ་ཐོག་སི་ཏུ་གསུམ་པ་ནི་ཀཿཐོག་གིབྱང་ཤར་གཏེར་ཀླུང་དེའུ་མགོ་ཞེས་གྲགས་པར་ཚེས་ལྕགས་འབྲུག་ཕྱི་ལོ ༡༨༨༠ ལོར་སྐུ་འཁྲུངས། འཇམ་མགོན་རྣམ་གཉིས་ཀྱིས་གཙུག་ཕུད་བཞེས་ཏེ་བདེན་ཚིག་གྲུབ་པའི་ཞབས་བརྟན་དང་མཚན་འབུལ་གནང༌། དབང་དང་བྱིན་རླབས་མཛད། ཀཿཐོག་གི་གདན་སར་དྲངས། རྗེ་འཇིགས་མེད་ཡོན་ཏན་མགོན་པོས་དབང་ཁྲིད་འབུལ་བ་དང༌། ཀཿཐོག་པའི་ཆོས་ཁྲིར་མངའ་གསོལ། ཐུབ་བསྟན་རིག་འཛིན་རྒྱ་མཚོ་ཡོངས་འཛིན་དུ་བཞུགས། འཇམ་མགོན་རྣམ་གཉིས། སྐུ་ཞབས་ཡོན་ཏན་མགོན་པོ་སོགས་རིས་མེད་ཀྱི་སྐྱེས་ཆེན་བཅུ་ཕྲག་བརྒྱད་ལས་བརྒལ་བ་མདོ་སྔགས་སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་རྒྱུན་བཞུགས་སོ་ཅོག་མ་གསན་པ་མེད་པ་ལྟ་བུ་མཛད། རྗེ་མཁྱེན་བརྩེའི་དབང་པོ་ལས་དོན་བརྒྱུད་ཀྱི་རྟོགས་པ་བརྙེས། སྐུ་ཞབས་ཡོན་ཏན་མགོན་པོ་དང་ཛཿསྤྲུལ་རིན་པོ་ཆེ་གཉིས་ལས་ཀློང་གསལ་རྡོ་རྗེ་སྙིང་པོའི་ཉམས་ཁྲིད་གནས་ལུགས་རིག་པའི་ངོ་སྤྲོད་བརྒྱུད་པའི་ཕྱག་བཞེས་བཞིན་གསན། འཇུ་མི་ཕམ་ཆོས་རྗེ་ལས་བྱམས་ཆོས་སྐོར་དང༌། དབུ་མ་སོགས་རྒྱ་བོད་ཀྱི་གཞུང་མང་པོ་གསན་སྦྱོང་མཛད། ལྷག་པའི་ལྷ་རབ་འབྱམས་ཀྱི་བསྙེན་སྒྲུབ་ཚུལ་བཞིན་མཛད། རྒྱལ་རོང་དང༌། འགུ་ལོག ཉག་རོང༌། གོ་བྲག འཇང་ཡུལ། རྒྱ་ནག་རི་བོ་བྱ་རྐང༌། ཁ་བ་དཀར་པོ་ཡན་ཆོད་ཀྱི་གནས་ཆེན་རྣམས་སུ་བྱོན་ནས་གནས་འབྲེལ་གསོལ་སྨོན་དང༌། བསྟན་དགོན་རྣམས་སུ་སྲི་ཞུ་དང་ཆོས་འབྲེལ་མཛད། ཁྱད་པར་ལྷ་ལྡན་དུ་ཕེབས་སྐབས་གནས་རྟེན་་རྣམས་དང་དབུས་གཙང་ལྷོ་བྱང་སོགས་ཀྱི་སྒྲུབ་གནས་བྱིན་ཅན་དགོན་སྡེ་ལྷ་རྟེན་ཡོངས་ལ་མཆོད་འབུལ་དང་གནས་ཡིག་ཞིབ་རྒྱས་བྲིས། རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་མདུནས་སྦུག་མཇལ་དང་འབྲེལ་འབུལ་ཆེན་ཞུས། ཀཿཐོག་ཏུ་ཀོང་སྤྲུལ་རིན་པོ་ཆེ་དང་། མཆོག་གྱུར་བདེ་ཆེན་གླིང་པ་གཉིས་སྤྱན་དྲངས་ནས་ཕུར་ཁང་ཆེན་མོའི་ལྷ་ཁང་དང་སྒྲུབ་གྲྭ་བཙུགས། རབ་ཚེས་མེ་རྟ་ལོར་འཇུ་མི་ཕམ་རིན་པོ་ཆེའི་ཐུགས་བསྐྱེད་བཞིན་གཞུང་བརྒྱའི་བཤད་སྒྲུབ་ནོར་བུའི་ལྷུན་པོ་གསར་དུ་བཏབ་ནས་སྔ་འགྱུར་མཁས་གྲུབ་རིམ་བྱོན་རྣམས་ཀྱི་ཐུན་མོང་མིན་པའི་བཤད་སྲོལ་ལ་གཞན་དྲིང་མི་འཇོག་པའི་ལྟ་གྲུབ་ཀྱི་རྐང་ཚུགས་པའི་འཆད་ཉན་གྱི་རྒྱུན་ཕྱོགས་སུ་ཁྱབ། བཀའ་དགོངས་ཕུར་གསུམ་གཙོ་བོར་གྱུར་པའི་སྔ་འགྱུར་གྱི་བཀའ་གཏེར་སྤྱི་དང་དཔལ་ལྡན་དུས་ཀྱི་འཁོར་ལོ་ཇོ་ལུགས་ཀྱི་སྒྲུབ་པ་སོགས་ལོ་ལྟར་ཆད་མེད་བཙུགས། མདོ་འགྲེལ་མུན་པའི་གོ་ཆ་དང་གསང་འགྲེལ་བཀའ་མཆིམ་ཕུ་མ་སོགས་མཚན་ཙམ་ཡང་ཐོས་པར་དཀའ་བའི་དཔེ་རྙིང་ཕྱག་སོན་བྱུང་བ་དང་། གཞན་ཡང་རིས་མེད་ཀྱི་དཔེ་དཀོན་མང་པོ་གསར་བྲིས་དང་འཐོར་བ་བསྡུས་པ་སོགས་ལས་རིས་མེད་ཀྱི་དཔེ་མཛོད་ཆེན་མོ་པོད་བདུན་སྟོང་ཙམ་ཡོད་པ་དང༌། སྔ་རྗེས་ཕྱག་འབྱོར་གྱི་ཡིག་རྙིང་རྩ་ཆེན་པོད་བརྒྱ་ཙམ་བྱུང་བར་དབྱེ་འབྱེད་དང་ཁ་བྱང་ཕྱག་བྲིས་མཛད། ཡིག་རྙིང་འདི་རིགས་དཔེ་ལུང་གི་རྒྱུན་འཕེལ་ཐབས་རེ་བྱུང་ན་བསྟན་པ་སྤྱི་བྱེ་ལ་ཕན་པས་གལ་གནད་ཆེའང་ད་ཆ་ཅི་འགྱུར་མ་ངེས་གསུངས། ཀཿཐོག་གི་འདུ་ཁང་ཆེན་མོ་རྟེན་དང་བརྟེན་པར་བཅས་ལ་ཉམས་གསོ་མཛད། མཐར་ཤིང་གླང་ལོར་ཟླ་བ་དགུ་པའི་ཚེས་བདུན་ལ་ཞིང་ཁམས་གཞན་དུ་གཤེགས།

{{#arraymap:སུ་ཏུ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་ནི་

|; |@@@ | | }}