92675

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སེང་བྲག་བཞི་པ་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition སེང་བྲག་སྐུ་ཕྲེང་བཞི་པ་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནི། ལ་སྟོད་དིང་རི་དཔལ་ལྷ་གདོང་གི་ཉེ་འདབས་འོང་དཀར་ཞེས་པར། བོད་རབ་བྱུང་བཅོ་ལྔ་པའི་ལྕགས་གླང་ ༡༩༠༡ ལོར་འཁྲུངས། འབྲུག་བདེ་ཆེན་ཆོས་འཁོར་ནས་ངོས་འཛིན་མཛད་ཅིང༌། བཅུ་གསུམ་ལ་བདེ་ཆོས་སུ་ལོ་གསུམ་བཞུགས་ནས། ཆོས་མགོན་སྐུ་ཕྲེང་བརྒྱད་པའི་ཞབས་དྲུང་དུ་ཕྱག་དཔེ་ཆོ་ག་ཕྱག་ལེན་སོགས་གསན་སྦྱང་ཚད་དུ་ཕྱིན། རྗེ་ཆོས་མགོན་གྱི་ཐུགས་རྗེས་གཟིགས་པ་ཆེས་ཆེར་མཛད་དེ། འབྲུག་པ་བཀའ་བརྒྱུད་པའི་དབང་ལུང་དུ་མ་གསན། རྗེ་དེ་དང་སྟབས་ཅིག་༧སྐྱབས་རྗེ་ཅོག་གྲྭ་པ་ངག་དབང་ཆོས་ཀྱི་རྒྱལ་མཚན་གྱི་མདུན་ནས་ཀྱང་དགེ་ཚུལ་དང་དབང་ལུང་མང་པོ་མནོས། རྗེ་གྲུབ་དབང་ཤཱཀྱ་ཤྲཱིའི་ཞལ་སྔ་ནས་ཀྱང་བཀའ་ཆོས་ཅི་ཡང་གསན་པས། རྣམ་ཐར་ནང་བཀོད་པ་ལྟ་བུ་དང༌། རྫ་རོང་ཕུ་མདོ་སྔགས་ཆོས་གླིང་དུ་རོང་ཕུ་སངས་རྒྱས་ཀྱི་མདུན་དུ་བཅར་ནས་གསང་སྔགས་རྙིང་མའི་ཟབ་ཆོས་སྤྱི་དང༌། བྱེ་བྲག་འཕོ་རླུང་གཅོད་གསུམ་སོགས་གསན་བསམ་མཛད་དེ། སངས་རྒྱས་རིན་པོ་ཆེས་ཀྱང་ཐུགས་རྗེའི་གཟིགས་པ་ཆེན་པོར་མཛད་པས། རྗེ་དེའི་རྣམ་ཐར་ནང་དུའང་གསལ་ཞིང༌། ཕྱིས་སུ་རྗེ་དེའི་ལུགས་འཛིན་པའི་སྤྲུལ་བརྒྱུད་ཀྱང་རིམ་པར་བྱོན། སྐབས་དེ་དག་ཏུ་དཔལ་ཡང་དགོན་པའི་གདན་ས་ལྷ་གདོང་དཔལ་གྱི་དགོན་པར་ཐུགས་དམ་ལོ་གསུམ་གྱི་བཅད་རྒྱ་ཞིག་ལ་བཞུགས་པར་སྣང༌། གདན་ས་དེར་སྐུ་མཚམས་བཞུགས་པའི་ཤུལ་ཡང་ད་ལྟར་ཡོད། ཤཱཀྱ་ཤྲཱིའི་དངོས་སློབ། སྐྱབས་རྗེ་ཁྲིད་དཔོན་པདྨ་ཆོས་ཀྱི་རྒྱལ་པོའི་མདུན་དུ་བཅར་ཏེ། ལྟ་བ་ཕྱག་རྒྱ་ཆེན་པོ་དང་སྒོམ་པ་ནཱ་རོའི་ཆོས་དྲུག་ལ་སོགས་པའི་གདམས་ངག་རྣམས་ལེགས་པར་གསན་སྒོམ་མཛད་པ་མ་ཟད། ཁྲིད་དཔོན་རིན་པོ་ཆེས་རྒྱལ་གྱི་ཤྲཱིར་ཕྱག་རྫོགས་ཀྱི་ཆོས་འཁོར་བསྐོར་བའི་སྐབས། ཤྲཱི་ནེའུ་སྟེང་རིན་པོ་ཆེ་སྒྲུབ་བརྒྱུད་ཏིང་འཛིན་དབང་ཐོབ། བྲག་དཀར་བ་བཀའ་བརྒྱུད་བསྟན་འཛིན་ནོར་བུ། མང་ཡུལ་སྐྱིད་གྲོང་གདུང་སྲས་རིན་པོ་ཆེ་གྲྭ་སྐུ་ཞབས། ནུབ་རི་སློབ་དཔོན་ཚེ་དབང་རིག་འཛིན་སོགས་སྐལ་ལྡན་གྱི་བུ་སློབ་མང་པོའི་མཉམ་དུ་ཚོགས་ཀྱི་འཁོར་ལོ་བསྐོར་བའི་གནས་སྐབས་སུ། རྗེ་སེང་བྲག་རིན་པོ་ཆེ་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་དབུ་མཛད་ཀྱི་མཛད་དེ། འབྲུག་བདེ་ཆོས་ལུགས་ཀྱི་ཆོག་ཕྱག་དང༌། གཏོར་བཟོ། རྟ་དབྱངས་སོགས་ལ་མཁྱེན་པ་ཆེར་སོན་པའི་གྲགས་པ་ཐོན། ནེའུ་སྟེང་སྒྲུབ་སྡེར་ལོ་གསུམ་གྱི་བཅད་རྒྱར་བཞུགས་པའི་སྐབས་སུའང་སྒྲུབ་སྡེའི་སློབ་དཔོན་དུ་མཚན་གསོལ་མཛད་པ་མཐའ་དག་བར་ཆད་མེད་པར་ལེགས་པར་གྲུབ། ནམ་ཞིག་ཁྲིད་དཔོན་རིན་པོ་ཆེའི་བཀའ་བཞིན་ཚེ་དང་སྒྲུབ་པ་མཉམ་པའི་ཉམས་བཞེས་ཤིག་གནང་འདུན་ཆེ་བཞིན་པའི་ངང་ནས། དགུང་ལོ་ཞེ་ལྔ་པ་ཤིང་བྱ་ ༡༩༤༥ ལོའི་བོད་ཟླ་བདུན་པའི་ཚེས་དྲུག་ལ་རེ་ཞིག་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་སོ། །

{{#arraymap:སེང་བྲག་བཞི་པ་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་

|; |@@@ | | }}