95464

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྐྱེས་མཆོག་དོན་གྲུབ་རིན་ཆེན་ (1)
Part of speech མིང་ཚིག
Definition རྗེ་འདི་ཉིད་རབ་བྱུང་ལྔའི་ས་བྱ་ཕྱི་ལོ་༡༣༠༩ལོར་སྐུ་འཁྲུངས། སྐུ་འཁྲུངས་པའི་ཡུལ་ལ་རྨ་ཆུའི་ལྷོ་ངོས་རེབ་གོང་དང་སྣང་ར་སོགས་ངོས་འཛིན་ཚུལ་སྣ་ཚོགས་པ་ཡོད། རྗེ་འདི་བ་ཆུང་དུས་ནས་རབ་ཏུ་བྱུང་སྟེ་དབུང་གཙང་དུ་བྱོན། སྙེ་ཐང་བ་བཀྲ་ཤིས་སེང་གེ་སོགས་ལ་ཕར་ཕྱིན་དང་བྱམས་ཆོས་ཐམས་ཅད་མཁས་པར་བསླབས། གཙང་གི་སྣར་ཐང་ཆོས་གྲྭར་བྱོན་ནས་བཅོམ་ལྡན་རིགས་རལ་གྱི་བུ་ཆེན། བཅོམ་ལྡན་པ་རང་གི་གདན་ས་ལྡོང་སྟོན་རིགས་པའི་སེང་གེ་ལས་ཚད་མ་རྣམ་ངེས་གསན། རིག་པའི་གནས་ལ་ཐོགས་པ་མེད་པའི་གྱུར་ནས་རྩོད་པ་བཟང་པོའི་མཆོག་ཏུ་གྲགས་པ་བྱུང་། ཞ་ལུར་གྲྭ་སྐོར་ལ་བྱོན་པ་ན་བུ་སྟོན་རིན་པོ་ཆེ་ཡང་གདན་སར་ཕེབས་ནས་འདུག་པ་ལ། ཚོགས་སུ་བགྲོ་གླེང་མཛད་པས་ལེགས་པར་ཟིན་ཏེ། ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཞེས་སྙན་པའི་གྲགས་པ་ཆེས་ཆེར་རྒྱས། དེ་ནས་རོང་དུ་བྱོན་ཏེ་རང་གི་བླ་མ་ཡེ་ཤེས་དཔལ་བའི་དྲུང་ནས་གཤེད་སྐོར་སྤྱི་དང་། ཁྱད་པར་འཇིགས་བྱེད་ཀྱི་དབང་དང་། རྒྱུད་འགྲེལ་གྱི་བཤད་པ། མན་ངག་ཐམས་ཅད་ལེགས་པར་གསན་ནས་ཐུགས་སུ་ཆུད། ཨ་མདོར་ཕེབས་ནས་ཤིང་ཀུན་སྡེ་གསར་གྱི་མཁན་པོ་མཛད་དེ་འཆད་ཉན་གྱི་བསྟན་པ་སྤེལ། ཡང་གདན་དྲངས་པ་ལྟར་དབུས་སུ་ཕེབས། ཆོས་རྗེ་བསམ་གཏན་དཔལ་གྱི་དྲུང་དུ་སྒྲུབ་པ་ལ་བྱོན། ཕྱག་རྫས་གང་ཡོད་བླ་མ་ལ་ཕུལ། སྒྲུབ་པ་རྩེ་གཅིག་ཏུ་གཞོལ་བས་ཞི་གནས་ཀྱི་མྱོང་བ་ཁྱད་པར་ཅན་འཁྲུངས། བླ་མའི་བཀའ་བཞིན་དུ་ཨ་མདོར་སླར་བྱོན་ཏེ། ཐོག་མར་ཤ་སྦྲང་གནས་བཙལ་ཏེ་རེ་དགོན་གནས་བཏབ། རབ་བྱུང་དྲུག་པའི་ས་གླང་ ཕྱི་ལོ་༡༣༤༩ལོར་བྱ་ཁྱུང་དགོན་པ་བཏབ། ཆུ་སྟག་ཕྱི་ལོ་༡༣༦༢ལོར་རྗེ་ཙོང་ཁ་པ་དབང་བསྐུར་ཏེ་གསང་མཚན་དོན་ཡོན་རྡོ་རྗེ་གསོལ། ཆུ་ཡོས་ཕྱི་ལོ་༡༣༦༣ལོར་རྗེ་ཙོང་ཁ་པ་དགེ་ཚུལ་བསྒྲུབས་ཏེ་བློ་བཟང་གྲགས་པར་མཚན་གསོལ། དེ་ནས་ལོ་བཅུ་ཕྲག་ལྷག་གི་བར་དུ་བསྐུངས་ནས་རྗེ་ཙོང་ཁ་པ་དབུས་གཙང་མངགས་པ་མཛད། རབ་བྱུང་བདུན་པའི་ཤིང་གླང་ཕྱི་ལོ་༡༤༤༥ལོར་སྐུ་མྱ་ངན་ལས་འདས་སོ། །

{{#arraymap:སྐྱེས་མཆོག་དོན་གྲུབ་རིན་ཆེན་

|; |@@@ | | }}