97957

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་བྲག་སྐུ་ཕྲེང་གསུམ་པ་ (1)
Part of speech མིང་ཚིག
Definition སྟག་བྲག་སྐུ་ཕྲེང་གསུམ་པ་སྲིད་སྐྱོང་ཡོངས་འཛིན་པཎྚི་ཏ་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་ཁོང་ནི། རབ་བྱུང་བཅོ་ལྔ་བའི་ཤིང་ཁྱི་ཕྱི་ལོ་༡༨༧༤ལོར། ལྷ་ལྡན་གཙུག་ལག་ཁང་གི་ནུབ་ངོས་སྟོད་ལུང་མདའ་ཤུན་ཁུལ་གྲོང་ཆུང་གཞིས་ཀར། ཡབ་ནང་མ་ལགས་ཞུ་བ་དང་ཡུམ་ཚེ་བརྟན་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ལྔ་དྲུག་ཙམ་ལ་གོང་མའི་ཁྲིར་བཀོད། འབྲས་སྤུངས་སྒོ་མང་ཆོས་གྲྭར་ཞུགས་ནས་གཞུང་ཆེན་ཁག་ལ་གསན་བསམ་རྫོགས་པར་མཛད། དགུང་ལོ་ཉི་ཤུའི་སྟེང་ཡོངས་འཛིན་ཕུར་ལྕོགས་པའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་སུམ་ཅུ་བར་ལྷ་ལྡན་སྨོན་ལམ་ཆེན་མོར་ལྷ་རམས་གྲྭ་སྐོར་དམ་འཇོག་མཛད། དགུང་ལོ་ཞེ་དགུའི་སྟེང་༸གོང་ས་བཅུ་གསུམ་པའི་བཀའ་འབྲེལ་ལྟར་བཀའ་འགྱུར་པར་ཤིང་གསར་བརྐོའི་ཞུ་དག་པའི་ཕྱག་ལས་གནང། དགུང་ལོ་རེ་ལྔ་བཞེས་སྐབས་༸གོང་ས་བཅུ་བཞི་བ་ཆེན་པོའི་ཡོངས་འཛིན་གཞོན་པ་དང། རེ་བརྒྱད་བཞེས་སྐབས་ཡོངས་འཛིན་བགྲེས་པ་དང་བོད་ཀྱི་སྲིད་སྐྱོང་གི་མཛད་ཁུར་བཞེས། དགུང་གྲངས་དོན་བདུན་བཞེས་པ་ཕྱི་ལོ་༡༩༥༠ ལོར་སྲིད་འགན་༸གོང་ས་མཆོག་ལ་ཕུལ། མཐར་དགུང་གྲངས་དོན་དགུ་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་ཕྱི་ལོ་༡༩༥༢ ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན། སྐུ་གདུང་དབུ་ཐོད་དང་སྐུ་རུས་ཀྱི་ཆ་མང་པོར་ཡ་མ་རཱ་ཛའི་ཡིག་འབྲུ་མང་དུ་བབས། སྔ་ཕྱིར་རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་དང། ཁྲི་ཆེན་ངག་དབང་ནོར་བུ། ཕུར་ལྕོགས་བྱམས་པ་རྒྱ་མཚོ་སོགས་ཡོངས་འཛིན་སུམ་ཅུ་ལྷག་བསྟེན་ནས་དབང་ལུང་ཁྲིད་མན་ངག་གིས་མཚོན་འདི་མ་གསན་བྱ་བ་མེད་པར་གསན། མདོ་སྔགས་རིག་གནས་ཀུན་ལ་ནང་བྱན་ཆུད་པའི་མཁས་གྲུབ་གཉིས་ལྡན་སྟག་བྲག་པཎྚི་ཏ་ཞེས་པའི་མཚན་སྙན་ཐོབ། གསུང་སྐྱེས་སློབ་མ་༸གོང་ས་བཅུ་བཞི་བ་ཆེན་པོ་མཆོག་དང། སྲིད་ཟུར་རྭ་སྒྲེང་རྡོ་རྗེ་འཆང། ཡོངས་འཛིན་གླིང་ཁྲི་རྣམ་གཉིས་སོགས་སྐྱེས་ཆེན་དམ་པ་མང་དུ་བྱོན། གསུང་རྩོམ་པོད་གཉིས་བཞུགས་སོ། །

{{#arraymap:སྟག་བྲག་སྐུ་ཕྲེང་གསུམ་པ་

|; |@@@ | | }}