97997

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་རྩེ་གསུམ་པ་མི་ཕམ་ཕུན་ཚོགས་ཤེས་རབ་ (1)
Part of speech མིང་ཚིག
Definition ཅོག་གྲྭ་སློབ་མའི་གཙོ་བོ། སྟག་རྩེ་བྱ་བྲལ་མི་ཕམ་ཕུན་ཚོགས་ཤེས་རབ་མཆོག་ནི། དབུས་གཙང་དུ། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ་ ༡༦༤༢ ལོར་འཁྲུངས། དམ་པའི་བག་ཆགས་མངའ། དགུང་ལོ་ལྔ་དྲུག་ལོན་པའི་སྐབས། རྗེ་ཅོག་གྲྭ་སྙན་གྲགས་དཔལ་བཟང་ཐོག་མར་བྱར་དུ་མཇལ་ཏེ། ཚེ་རྟའི་བཀའ་དབང་ཐོབ། ཞལ་མཇལ་བའི་མོད་ལ། འདིར་སྣང་གི་ཞེན་པ་ཡུད་ཅིག་འགགས། བརྒྱད་པར། སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གྱིས་གདན་ས་བྱར་ཡུལ་སྟག་རྩེ་པད་དཀར་འབྲུག་རྒྱས་སུ་ཁྲི་འདོན་དང༌། མཚན་མི་ཕམ་ཕུན་ཚོགས་ཤེས་རབ་ཅེས་གསོལ། རྗེ་ཅོག་གྲྭ་སྐུ་ཞབས་རིགས་ཀྱི་ཅོད་པན་དུ་བསྟེན་ཏེ། རིམ་བཞིན་ཚིགས་བར་མ་དགེ་ཚུལ་གྱི་བསླབ་པ་དང༌། ཐུན་མོང་དང་ཐུན་མིན་གྱི་རིག་གནས་ལ་གསན་བསམ་གནང་། ཁྱད་པར་ཆོས་རྗེ་གཙང་པ་རྒྱ་རས་ནས་གདན་ས་རིམ་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་སྲོལ་གཙང་མ་དང་། བླ་མ་མང་པོར་བསྟེན། སོ་གཉིས་ལ་བྱ་བྲལ་མཛད། སོ་གསུམ་པ་ཤིང་ཕོ་སྟག་གི་སྟོན་ཟླ་ར་བའི་ནང་ངམ་ཧོར་ཟླ་བརྒྱད་པའི་ཚེས་དགུ་ཟེར་བའང་འདུག འཁོར་ངན་པའི་རྐྱེན་གྱིས། ཕོ་མ་བྱང་ཐང་དང༌། གཙང་གཞིས་ཀ་རྩེ་བརྒྱུད། ལ་ཕྱི་སྙན་གཡོན་གོ་དཱ་ཝ་རིར་སླེབས། དེར་རྗེ་རང་རིག་རས་པ་དང་མཇལ། སྔར་ནས་ཐུགས་འདྲིས་ཡོད་པས་ཐུགས་བརྩེ་བས་བཟུང༌། ཆོས་འབྲེལ་ཅི་རིགས་བསྩལ། བཀའ་དྲིན་ཅན་གྱི་ཡོངས་འཛིན་གཉིས་པར་གྱུར། ཏི་སེར་ལོ་གསུམ། ཡོལ་མོ་གངས་རར་ལོ་ངོ་གཉིས། གཉའ་ནང་བདེ་ཆེན་སྟེང་དུ་ལོ་གསུམ་ཐེངས་གཉིས། ཙ་རི་ནང་དུ་ལོ་གསུམ་ཕྱོགས་གསུམ། ལ་ཕྱི་ལ་ཡང་ལོ་གསུམ། གཞན་ཡང་ཀོང་གནས་དང༌། མང་ཡུལ་སྟོད་སྨད། ལ་སྟོད་ཕྱོགས་ཀྱི་སྒྲུབ་གནས་མང་པོར་ལོ་ཟླ་དུ་མར་བཅད་རྒྱར་བཞུགས། ཉམས་རྟོགས་ལ་བརྟན་པ་ཐོབ་ཅིང༌། ལྷག་པའི་ལྷ་དུ་མའི་ཞལ་གཟིགས། ནུབ་གངས་དཀར་ཏི་སེ་ནས་ཤར་ཀོང་སྨད་རྒྱ་ལ་སེང་གཏམ་ཡན་དང༌། བྱང་རྭ་སྒྲེང་ནས་ལྷོ་བལ་ཡུལ་ཨ་སུ་རའི་བྲག་ཚུན་ཆོད་དུ་ཡོད་པའི། གནས་དང་དུར་ཁྲོད་ཕལ་ཆེར་ཕེབས་ཏེ། ལོ་གསུམ་དུ་ལྷམ་རྡོར་གྱི་རྣམ་ཐར་བསྐྱངས། མདོར་ན་གཉན་ས་བརྒྱ་དང་རྩ་བརྒྱད་ལ་སྤྱོད་པ་མཛད་པར་གྲགས། ཕྱིའི་ཆ་ལུགས་རྣལ་འབྱོར་རས་པར་བཞུགས་ཀྱང༌། ནང་ཚངས་སྤྱོད་འདུལ་བ་འཛིན་པའི་དཔེར་འོས། ཕྱིས་གློ་བོའི་ཆོས་རྒྱལ་སོགས་ཀྱིས་ཞབས་ནས་བཏེགས་ཀྱང་། བཀའ་ལས་ཀྱང༌། ཚོགས་གཉིས་རྫོགས་བྱང་དུ་འདེབས་པ་ལས། རང་འདོད་ཊམ་ཁ་གཅིག་ཀྱང་བྱས་མེད་གསུངས། དགུང་ལོ་དྲུག་ཅུ་ལྷག་བཞུགས་པར་ངེས་ཀྱང་གཤེགས་ལོ་མ་རྙེད། གསུང་རྩོམ། ཕྱག་རྒྱ་ཆེན་པོའི་ཡིན་ལུགས་ཞིབ་མོར་འབྱེད་པ། རི་ཆོས་ཟབ་མོ་གྲུབ་པའི་བཅུད་ལེན། མི་ཕམ་སྙན་གྲགས་དཔལ་བཟང་པོའི་རྣམ་ཐར། རང་གི་རྟོགས་བརྗོད། གཞན་ཡང་དྲིས་ལན། ཞལ་གདམས། གསུང་མགུར་སོགས་པོད་གཉིས་བཞུགས། སློབ་མ་ནི། བུ་ཆེན་ཕུན་ཚོགས་སྙན་གྲགས། ཆོས་འཕེལ་རྒྱ་མཚོ། བྱ་བཏང་འབྲུག་ཕྲིན་ལས། ཚུལ་ཁྲིམས་མཐར་ཕྱིན། ཕུན་ཚོགས་ཡོངས་འདུས། ཕུན་ཚོགས་དབང་ཕྱུག ། ཕུན་ཚོགས་དངོས་གྲུབ། ཕུན་ཚོགས་ནོར་བུ། སྡིངས་ཆེ་དགེ་སློང་བྱང་ཆུབ་རྒྱ་མཚོ། པདྨ་རྒྱ་མཚོ། ཕྲིན་ལས་རྒྱ་མཚོ། བསོད་ནམས་རྒྱ་མཚོ། ཉི་མ་རྒྱལ་མཚན། འབྲུག་བདེ་ལེགས། གློ་བོ་ལྷ་བཙུན་མཆེད་གཉིས་སོགས་ཤིན་ཏུ་མང་ངོ༌། །

{{#arraymap:སྟག་རྩེ་གསུམ་པ་མི་ཕམ་ཕུན་ཚོགས་ཤེས་རབ་

|; |@@@ | | }}