98008

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་ལུང་ཐང་པ་བཀྲ་ཤིས་དཔལ་ (1)
Part of speech མིང་ཚིག
Definition ཐང་པ་བཀྲ་ཤིས་དཔལ་ནི་རབ་བྱུང་གཉིས་པའི་ཆུ་ཁྱི་ཕྱི་ལོ་ ༡༡༤༢ ལོར་མདོ་ཁམས་ཀུ་གཡུང་སྒང་གཡང་ཤོད་བོང་ར་སྟེང་ཀ་བྱ་བར་ཡབ་བལ་བློན་འབར་པོ་དང། ཡུམ་དགེ་གསུམ་ཁྲོ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་འབྲི་ཀློག་དང་རྡོ་རྗེ་ཕུར་བུའི་ཆོས་སྐོར། གསོ་བ་རིག་པ་སོགས་ལེགས་པར་མཁྱེན། དགུང་ལོ་བཅོ་བརྒྱད་སྟེང་ཐང་སྐྱ་གཙུག་ལག་ཁང་དུ་མཁན་པོ་ག་སྟོན་ལྷ་ཁང་པ་ཤེས་རབ་རྡོ་རྗེ་དང་སློབ་དཔོན་མཚར་སྟོན་སྒོ་མང། དད་དགེ་ཁྲིམས་ལྡན་གྲངས་ཚང་བའི་དབུས་སུ་དགེ་བསྙེན་དང་དགེ་ཚུལ་གྱི་དངོས་པོ་ཡང་དག་པར་བཞེས་ཏེ་མཚན་ལ་བཀྲ་ཤིས་དཔལ་ཞེས་གསོལ། སློབ་དཔོན་བྲག་དགོན་པ་ཞེས་པའི་དྲུང་དུ་མངོན་རྟོགས་རྒྱན་འགྲེལ་བ་དོན་གསལ་དང་སྦྱར་བ་དང། སྤྱོད་འཇུག་འགྲེལ་བ་བཅས་བསླབ་པའི་རྣམ་བཤད་བྱང་ཆུབ་ལམ་སྒྲོན་གྱིས་བརྒྱན་པ། བྲམ་ཟི་ཆེན་པོའི་དོ་ཧ་སྐོར་གསུམ་ཡིག་སྣས་སྤྲས་པ་རྣམས་གསན། སླར་རྣལ་འབྱོར་མའི་གསང་བའི་མཐའ་ཡང་སྙིང་བདེ་མཆོག་ལྷ་དྲུག་བཙུ་རྩ་གཉིས་ཀྱི་བདག་ཉིད་ཅན་དང་སྙིང་པོ་དགྱེས་པ་རྡོ་རྗེའི་དབང་བཞི་རྫོགས་པར་གསན། དགེ་བཤེས་རྨོག་གི་དྲུང་དུ་སྐྱབས་འགྲོ་སེམས་བསྐྱེད་དང་ཡི་དམ་གྱི་བསྐྱེད་རིམ་བཟླས་པའི་མན་ངག ལུས་ཀྱི་འཕྲུལ་འཁོར། སེམས་ཀྱི་འཇོག་ཐབས། ཉལ་ཐབས་ཀྱི་འཕོ་བ། བླ་མའི་རྣལ་འབྱོར་རྣམས་གསན་ཅིང་ཉམས་ལེན་ལེགས་པར་མཛད། གསང་བ་བདུད་རྩིའི་ཕྲེང་བ་ཞེས་པའི་བསྟན་བཅོས་དེ་ཡང་སྐབས་དེར་ཐོག་མར་བརྩམས། དགུང་ལོ་ཉེར་བཞི་ཤིང་མོ་བྱ་ཕྱི་ལོ་ ༡༡༦༥ ལོར་བཀའ་དྲིན་བརྙེས་པའི་བླ་མ་རྣམས་ལ་ཕྱི་ཕྱག་མཛད་དེ་ཡུལ་དབུས་སུ་འབྱོན་པར་དགོངས་ནས་བཤུལ་ལམ་དགེ་བར་ཞུགས། དཔལ་ཕག་མོ་གྲུབ་པ་ཉིད་ཐུབ་པ་ཆེན་པོ་དང་རིན་པོ་ཆེ་སྟག་ལུང་པ་ཉེ་གནས་ཀུན་དགའ་བོ་དེ་ཉིད་ཀྱི་སྐབས་ལས་ཆ་ཙམ་ཡང་དབྱེར་མི་མངོན་པའི་སྲི་ཞུས་མཉེས་པར་མཛད། གསེར་ཞོ་གང་གི་མནྜལ་འབུལ་བ་དང་བཅས་གདམས་ངག་མང་པོ་ཞུས་ནས་ཕག་གྲུར་ལོ་དྲུག་བཞུགས། ས་ཕོ་ཁྱི་ཕྱི་ལོ་ ༡༡༧༨ ལོར་སྟག་ལུང་གི་མཛོད་རའི་གོང་དེར་ཡང་དགོན་བཏབ་ནས་བཞུགས་ཤིང་དེ་དུས་སློབ་མ་བཅོ་བརྒྱད་ཡོད། དགུང་ལོ་སོ་དགུ་པ་ཕྱི་ལོ་ ༡༡༨༠ ལོར་དར་སྤྲས་རོང་གསུམ་དང་ཕོད་མདོ་བས་སྦྱིན་བདག་བྱས་ཏེ་དཔལ་སྟག་ལུང་པའི་ཆོས་སྡེ་ཕྱག་བཏབ། བདེ་གཤེགས་ཕག་མོ་གྲུ་པའི་སྐུ་བརྙན་བྱིན་རླབས་ཀྱི་ཚན་ཁ་ཅན་གྱིས་གཙོས་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་མཆོད་ཁང་ཆེན་མོར་བཞུགས་སུ་གསོལ་ཏེ་མཆོད་པའི་སྤྲིན་རྒྱ་མཚོའི་བཀོད་པས་རྟག་ཏུ་མཆོད། ཁོང་གི་སློབ་མའི་གཙོ་བོ་ནི་ཉིད་དང་རྟོགས་པ་མཉམ་པ་བརྒྱད། གདམས་ངག་རྫོགས་པར་ཐོབ་པའི་སློབ་མ་གསུམ། ཐུགས་ཀྱི་སྲས་བཞི། ཞུ་སྣ་མི་དགོས་པ་གསུམ། ཉེ་བའི་སྲས་བཅོ་བརྒྱད། ཁྱད་འཕགས་མཁས་གྲུབ་རྣམ་གསུམ་བཅས་བྱོན། མཐར་དགུང་ལོ་རེ་དགུ་པ་ལྕགས་ཕོ་རྟ་ཕྱི་ལོ་ ༡༢༡༠ ལོར་སྐུ་གཤེགས།

{{#arraymap:སྟག་ལུང་ཐང་པ་བཀྲ་ཤིས་དཔལ་

|; |@@@ | | }}