9803

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་ཅན་མ་ཡིན་པ་གཟུགས་ལ་བལྟ་བའི་རྣམ་ཐར་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། རྣམ་ཐར་བརྒྱད་ཀྱི་ཡ་གྱལ་གཅིག་སྟེ། རང་གི་སེམས་རྟེན་བསམ་གཏན་དང་པོ་དང་གཉིས་པའི་དངོས་གཞི་གང་རུང་ལ་བརྟེན་ནས་ནང་རྣལ་འབྱོར་པ་རང་ལུས་ལ་གཟུགས་མེད་པའི་འདུ་ཤེས་བཞག་ནས་འདོད་པ་དང་བསམ་གཏན་དང་པོ་གང་རུང་སས་བསྡུས་ཀྱི་ཕྱི་རོལ་གྱི་གཟུགས་ཀྱི་སྐྱེ་མཆེད་རྣམ་པར་སྔོས་པ་ལ་སོགས་པའི་མི་སྡུག་པའི་རྣམ་པར་ལྟ་བའི་མ་ཆགས་པའི་རང་བཞིན་གྱི་རྣམ་ཐར་ཏེ། མཆིམས་མཛོོད་ལས། རྣམ་ཐར་དང་པོ་གཉིས་ནི་རྣམ་པར་སྔོས་པ་ལ་སོགས་པའི་རྣམ་པར་ལྟ་བའི་ཕྱིར་མི་སྡུག་པའི་རང་བཞིན་ཡིན་ཏེ། འདིའི་ངོ་བོ་མ་ཆགས་པ་དང༌། དམིགས་པ་འདོད་པར་གཏོགས་པའི་གཟུགས་ཀྱི་སྐྱེ་མཆེད་ཡིན་པར་ནི(མི་སྡུག་མ་ཆགས་པ་སོགས་སུ། )སྔར་མི་སྡུག་པར་བཤད་པ་བཞིན་ནོ། །ཁྱད་པར་ནི་འདི་ཡིན་ཏེ། མི་སྡུག་པ་ནི་ས་བཅུ་པ་ཡིན་ལ། རྣམ་ཐར་དང་པོ་གཉིས་ནི་བསམ་གཏན་གཉིས་པ་ཡན་ཆད་ན་མིག་ཤེས་མེད་པས་ཁ་དོག་གི་འདོད་ཆགས་མེད་དེ། གང་ཡུལ་ལ་འདོད་ཆགས་དང་བྲལ་བ་དེ་ནི་ཡུལ་ཅན་ཤེས་པ་ལས་ཀྱང་འདོད་ཆགས་དང་བྲལ་ཏེ་སྣ་ལྕེའི་རྣམ་ཤེས་བཞིན་ནོ། །(བསམ་གཏན་ཕྱི་མ་གསུམ་ན་ནང་གི་དབང་པོ་གཟུགས་ཅན་ལ་ཆགས་པ་ཡོད་དོ། །རྣམ་ཐར་འདི་གསུམ་བསམ་གཏན་གསུམ་པར་ཅིའི་ཕྱིར་མ་བཞག་ཅེ་ན། རང་གི་སྤང་བྱ་གཉིས་པའི་ཁ་དོག་གི་འདོད་ཆགས་མེད་པས་མི་སྡུག་པའི་རྣམ་ཐར་མེད་ལ། ) བསམ་གཏན་གཉིས་པ་ལ་སོགས་པ་ནའང་མིག་ཤེས་མེད་པས་ཁ་དོག་གི་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་ཊཱི་ཀར་བཤད་པས་གོ་རིམ་བཞིན་དུ་འདོད་པ་དང་བསམ་གཏན་དང་པོའི་ས་པའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོ་ཡིན་པས་བསམ་གཏན་སྔ་མ་གཉིས་ཁོ་ན་ན་ཡོད་དོ། །ཞེས་དང་། སེར་སྨད་རྒྱལ་དབང་མཛོོད་ལས། རྣམ་ཐར་དང་པོ་གསུམ་པོ་གང་རུང་གི་ཡུལ་ལ་འདོད་པའི་སས་བསྡུས་ཀྱིས་ཁྱབ་པར་ཐལ། ཁྱོད་ཀྱིས་དང་པོ་འདོད་གཏོགས་སྣང་ཡུལ་ཅན། །ཞེས་པའི་དོན་འགྲེལ་ཚུལ་འཐད་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། རྣམ་ཐར་གསུམ་པོ་དེ་ཐོག་མར་གསར་དུ་སྒྲུབ་པའི་ཚེ་དམིགས་ཡུལ་འདོད་པའི་གཟུགས་ཀྱི་སྐྱེ་མཆེད་ཁོ་ན་ལ་དམིགས་ནས་བསྒྲུབ་དགོས་པས་དེ་གསུམ་གཙོ་བོར་འདོད་པར་གཏོགས་པའི་གཟུགས་ཀྱི་སྐྱེ་མཆེད་ཀྱི་སྤྱོད་ཡུལ་ཅན་ཡིན་པའི་དོན་ཡིན་གྱི། ཕྱིས་ནས་བསམ་གཏན་དང་པོའི་ཁ་དོག་ལ་ཆགས་པའི་དབང་ཤེས་འདོད་ཆགས་ཀྱི་གཉེན་པོར་དང་པོའི་གཟུགས་ཀྱི་སྐྱེ་མཆེད་ལ་དམིགས་པའི་གཉིས་པའི་སས་བསྡུས་ཀྱི་མི་སྡུག་པའི་རྣམ་ཐར་གཉིས་དང༌། དེ་གཉིས་འགྲུབ་མི་འགྲུབ་བརྟགས་ཕྱིར་དུ་དང་པོའི་སས་བསྡུས་ཀྱི་གཟུགས་ཡིད་དུ་འོང་བ་སྤྲུལ་ནས་སྡུག་པར་བལྟ་བའི་བཞི་པའི་སས་བསྡུས་ཀྱི་སྡུག་པའི་རྣམ་ཐར་བསྒོམ་པ་ཡོད་པའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།
Synonyms གཟུགས་མེད་གཟུགས་ལ་བལྟ་བའི་རྣམ་ཐར། གཟུགས་ཅན་མ་ཡིན་པ་གཟུགས་ལ་བལྟ་བའི་རྣམ་ཐར།

{{#arraymap:གཟུགས་ཅན་མ་ཡིན་པ་གཟུགས་ལ་བལྟ་བའི་རྣམ་ཐར་

|; |@@@ | | }}