98043

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་སྣ་བཞི་པ་ངག་དབང་དོན་ཡོད་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཁོང་ནི། ལ་དྭགས་ཆུང་དམར་རྩེ་ལང་ཞེས་པར། སྒང་པ་ཚང་དུ་ཡབ་པདྨ་དགྲ་འདུལ་དང༌། ཡུམ་ཡིད་འཛིན་དབང་མོའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་ ༡༩༢༠ ལོར་འཁྲུངས། མཚན་ངག་དབང་དོན་ལྡན་དུ་བཏགས། ཀརྨ་པ་མཁའ་ཁྱབ་རྡོ་རྗེ་དང༌། སྟག་ཚང་འཆི་མེད་པདྨ་འགྲོ་འདུལ། འབྲུག་ཞབས་དྲུང་འཇིགས་མེད་རྡོ་རྗེ་གསུམ་གྱི། དགོངས་བརྟགས་གཅིག་མཐུན་དུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། སྟག་ཚང་རིན་པོ་ཆེ་ལ་གཙུག་ཕུད་ཕུལ་ཏེ། མཚན་ངག་དབང་དོན་ཡོད་རྡོ་རྗེར་གསོལ། དགུང་ལོ་ལྔ་པར་སྟག་སྣ་དགོན་དུ་ཁྲི་གསོལ་ཞུས། བདུན་པ་ནས་བཟུང་ཧེ་མི་དགོན་དུ་སྟག་ཚང་རིན་པོ་ཆེ་འབྲལ་མེད་དུ་བསྟེན་ཏེ། འབྲི་ཀློག་ནས་རྒྱུགས་ཆེན་མ་ཐོན་བར་གསན་སྦྱང་མཛད། ཧེ་མི་དགོན་དུ་ཁྲི་སྟོན་རྒྱས་པ་མཛད། ལྷོ་འབྲུག་ཏུ་ཕེབས་བཞེད་ཆེན་པོ་བྱུང་ཡང༌། ཞབས་དྲུང་དྲུག་པ་དང་འབྲུག་གཞུང་བར་གྱི་ཟིང་ཆས། སྤ་གྲོའི་བླ་མ་མཁན་ཟུར་དཔལ་ལྡན་སེང་གེའི་དྲུང་ནས་དགེ་ཚུལ་དང་བཀའ་ཆོས་ཞུས་པ་ཙམ་ལས། འབྲུག་གཞུང་དུ་འབྱོན་མ་ནུས། སྟག་ཚང་རིན་པོ་ཆེ་ཞབས་པད་སྤྱི་བོར་བསྙེན་ཏེ། སྔོན་འགྲོ་ནས་དབང་ཆོས་ཡོངས་རྫོགས་གསན་སྦྱང་མཛད། ཉེར་ལྔ་ལ་བླ་མས་ཁྱོད་ཆོས་འགོ་ཐོན་ཙམ་སོང་འདུག་པས། བསྟན་འགྲོའི་དོན་བསྒྲུབ་དགོས་པའི་བཀའ་བཅས། གདན་ས་སྟག་སྣ་དགོན་དུ་ཕེབས་རྗེས་ཉིན་བཅུའི་རྗེས་བླ་མ་ཞི་བར་གཤེགས། འདས་རྗེས་ཀྱི་བྱ་བ་རྒྱས་པ་བསྒྲུབས། གར་ཞའི་རྟོགས་ལྡན་མདུན་ནས། ཕྱག་ཆེན་ཉམས་ཁྲིད་རྒྱས་པ་དང་ཆོས་དྲུག་གི་ཁྲིད་བསྡུས་གསན། སོ་གཉིས་ལ་བོད་དུ་ཕེབས། ལ་སྟོད་རྒྱལ་གྱི་ཤྲཱི་འཆི་མེད་ཀེའུ་ཚང་དུ། འཁྲུལ་ཞིག་ངག་དབང་པདྨ་ཆོས་རྒྱལ་གྱི་སྤྱན་སྔར་བཅར་ཏེ། བཀའ་རྒྱ་ཅན་ལྔ་དང་འབྲེལ་བའི། སྨིན་གྲོལ་མང་པོ་གསན་ཞིང༌རྩ་བའི་བླ་མར་གྱུར། རྩིབས་རིར་ལོ་གསུམ་བཅད་རྒྱར་བཞུགས། འབྲུག་པ་བཅུ་གཅིག་པ། འཛི་སྒར་ཐུགས་སྲས་རིན་པོ་ཆེ། ཨ་བོ་རིན་པོ་ཆེ། བྲག་དཀར་བཀའ་བརྒྱུད་རིན་པོ་ཆེ་སོགས་ལས་ཀྱང་དབང་ལུང་ཁྲིད་ཅི་རིགས་གསན། ལོ་ལྔ་ཙམ་རིང་བོད་དུ་བཞུགས་ནས། མེ་སྤྲེལ་ལོར་ལ་དྭགས་སུ་ཕེབས། རྒྱ་གར་ཀ་ལོན་སྦུག་ཏུ། བདུད་འཇོམས་རིན་པོ་ཆེ་ལས། གཏེར་མཛོད་སོགས་ཞུས། ཟངས་དཀར་ཀ་ནི་ཀའི། གར་ཞ་གནྡྷོ་ལ། བྱང་ཐང་རྨུགས་དགོན་པ་རྣམས་ཉམས་གསོ་མཛད། ཁྱད་པར་གདན་ས་སྟག་སྣ་ཕྱི་ནང་བར་གསུམ་གྱི་ཉམས་གསོ་དང༌། བསྟན་འགྱུར་ལྷ་ཁང༌། སྒྲོལ་མ་ལྷ་ཁང་སོགས་གསར་བཞེངས་གནང་། ཀུན་ལ་ཤེས་ཡོན་གལ་ཆེན་དུ་བཟུང་ནས། བཤད་སྒྲུབ་གཉིས་ལྡན་ཡོང་བའི་ཐུགས་རེ་ཆེན་པོ་གནང༌། རྒྱ་གར་དབུས་གཞུང་ལ། དགོན་ས་རང་འཇགས་འཇོག་ཆེད་སྙན་ཞུ་ཐེངས་མང་ཕུལ་བར་ཕེབས་ཤིང༌། ལ་དྭགས་ནང་ཚོགས་ཀྱི་དབུ་སྐྱོང་ལོ་དགུ་ཙམ་མཛད། དགུང་ལོ་གོ་གཅིག་པ་ལྕགས་སྟག་ ༢༠༡༠ ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་ལ་ཞི་བར་གཤེགས་སོ། །རྗེ་འདིས་མཛད་པའི་སྟག་སྣ་དགོན་མ་ལག་བཅས་པའི་ཆགས་རབས་བདེན་གཏམ་རྣ་བའི་བདུད་རྩི་ཞེས་པ་ཞིག་ཀྱང་བཞུགས་སོ། །

{{#arraymap:སྟག་སྣ་བཞི་པ་ངག་དབང་དོན་ཡོད་རྡོ་རྗེ་

|; |@@@ | | }}