98044

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྟག་སྣ་སྐུ་ཕྲེང་གཉིས་པ་བླ་མ་བཀྲ་ཤིས་བསྟན་འཕེལ་ (1)
Part of speech མིང་ཚིག
Definition ཁོང་གི་འཁྲུངས་ཡུལ། ལ་དྭགས་ཕྱོགས་སུ། ཡབ་ནོར་བུ་ཆོས་འཕེལ་དང༌། ཡུམ་ཨེམ་ཆི་ཆོས་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་ལུག་ ༡༨༡༡ ལོར་ཕྲུ་མ་ན་བཟར་མཛད་ནས་འཁྲུངས། ཆུང་ངུ་ནས་ཟངས་དཀར་རྫོང་ཁུལ་དགོན་པ་རུ་ངའི་མཆོད་རྫས་སོགས་ཡོད་གསུངས་ཏེ། ངོས་བཟུང་ཡང་ཡང་གནང་བས། ཀུན་གྱིས་བླ་མ་ཀརྨའི་རྣམ་སྤྲུལ་ཡིན་པར་ཐག་ཆོད། ཧེ་མི་དགོན་པར་ཆོས་སྒོར་ཞུགས་ཤིང༌། བཅུ་གསུམ་ལ་ཁྲི་གསོལ་མཛད། དེ་ནས་བོད་དུ་ཕེབས། སྐྱིད་སྦུག་སྤྲུལ་སྐུ་སོགས་བསྟེན་ནས་འབྲུག་པའི་གདམས་ཟབ་སྐོར་གྱི་བཀའ་ཁྲིད་གསན། སྐྱིད་སྦུག་ཏུ་ལོ་གསུམ་བཅད་རྒྱར་བཞུགས་པས་ཉམས་རྟོགས་འཁྲུངས། སྟག་སྣ་སྐུ་ཕྲེང་བཞི་པས་མཛད་པའི་ལོ་རྒྱུས་སུ། ཡོངས་འཛིན་དྲུག་པ་དང་། ཁམས་སྤྲུལ་དྲུག་པ་། འབྲུག་ཆེན་བདུན་པ་སོགས་ལ་བསྟེན་པར་གསུངས་པས། དུས་ཚོད་དང་བསྟུན་ན་རྒྱལ་དབང་བདུན་པ་ཕྲིན་ལས་ཤིང་རྟ་མིན་པར་འབྲུག་པ་དགུ་པ་དང་། ཡོངས་འཛིན་ལྔ་པ་ལའང་བསྟེན་པར་གསལ། འབྲུག་ཡུལ་སྤུངས་ཐང་བདེ་བ་ཅན་དུ་ལོ་བཞི་བཞུགས་ནས་མདོ་སྔགས་རིག་གནས་བཅས་གསན་སྦྱང་གནང༌། མཁན་ཆེན་དཔལ་ལྡན་སེང་གེ་ལས་བསྙེན་རྫོགས་སྒྲུབ་པར་གསུངས་ཀྱང་མཁན་སློབ་ཀྱི་དུས་མི་མཚུངས། ཞབས་དྲུང་རིན་པོ་ཆེས་གཙོས་པའི་འབྲུག་གཞུང་ནས། ལ་དྭགས་ཕྱོགས་སུ། ལྷོ་འབྲུག་པའི་དགོན་མ་ལག་ཡོངས་ཀྱི། བསྟན་པ་འཛིན་སྐྱོང་གི་ཁུར་གནང་དགོས་བཀའ་ཤོག་བསྩལ། ལ་དྭགས་སྟག་སྣ་དགོན་གྱི་གདན་འཛིན་གནང་། ཞེ་ལྔ་ཤིང་ཡོས་ ༡༨༥༥ ལོར་ལ་དྭགས་སླེ། སྤྱན་གཟིགས་གཙུག་ལག་ཉམས་གསོ་གནང༌། གར་ཞར་རྒྱུན་བཞུགས་མཛད་ནས། གནྡྷོ་ལ། ཤ་ཤུག། གཏིང་བརྣན། ལྟེ་ཡུལ། བསླབ་འཆང་། འབོག་མཁར་དགོན་པ་སོགས། དགོན་པ་བཅུ་ལྷག་ཙམ་ཉམས་གསོ་དང་གསར་རྒྱག་མཛད། དགེ་མུར་དགོན་པ་ལའང་ཉམས་གསོ་དང་། འདུས་སྡེ་དར་སྤེལ་གནང་ནས་གཤིན་རྗེ་ཚེ་བདག་གི་གར་འཆམས་གསར་འཛུགས་མཛད། གར་ཞའི་ཕྱོགས་སུ་ཕྱག་ཆེན་ཆོས་དྲུག་གི་ཞལ་སློབ་སྒྲུབ་པ་ལ་གཞོལ་བ་དུ་མ་བྱུང་ཞིང༌། རིག་གནས་ལ་ཤིན་ཏུ་མཁས་པས་སུམ་རྟགས་དག་གསུམ། རྩིས་སྨན་ལྷ་བྲིས། ལཉྩ་ཝརྟུ་སོགས་ཡིག་རིགས་སྣ་ཚོགས་བསླབས་པར་མཛད་པའི་སློབ་མའང་། ཁང་གསར་མཁར་གྱི་ཇོ་མི་རྗེ་འཆི་མེད་ཟླ་བ། ཁོང་གི་མཆེད་བཀྲ་ཤིས་ཟླ་བ། ངག་དབང་ཆོས་གྲགས། ཆུ་ཤོད་པ་མི་ཕམ། ཕྱི་གླིང་ཨེམ་ཆི། གར་ཞ་ཀ་རིང་དབོན་པོ་སོགས་བཅུ་ཕྲག་མང་པོ་ཐོན། ཤིང་བཟོ་དང་རྐོས་དང་རྩིག་བཟོ་སོགས་ཀྱི་སློབ་སྦྱོང་སྤྲད་དེ། གར་ཞའི་ཡུལ་གྲུར་རིག་གནས་དར་སྤེལ་གྱི་མཛད་རྗེས་ནི་བསུབ་ཐབས་མེད་པ་མི་རིགས་ཀྱི་བླ་སྲོག་ཅིག་ཏུ་གྱུར། རིན་ཆེན་བརྟག་པ་ལ་ཧ་ཅང་མཁས་པས། དཔལ་དར་ལ་ནས་ཨིནྡྲ་ནཱི་ལ་དང་མརྒད་ངོ་མཁྱེན། དེའི་དབང་གིས་ཇ་མུའི་རྒྱལ་པོས་བཀུར་སྟི་ཤིན་ཏུ་ཆེན་པོས་མཛད་པར་གྲགས། སྐུ་ཚེའི་སྨད་དུ་ལ་དྭགས་སུ་བཞུགས་ཏེ། ལ་དྭགས་ཆོས་རྒྱལ་གྱིས་སླེའི་མཁར་འོག་ཏུ་ས་གཞི་ཕུལ་བར་དགོན་པ་གསར་བཞེངས་མཛད་བཞིན་པའི་མུར། དགུང་ལོ་རེ་ལྔ་པ་ཤིང་ཕག་ ༡༨༧༥ ལོར་བདེ་བར་གཤེགས་སོ། །

{{#arraymap:སྟག་སྣ་སྐུ་ཕྲེང་གཉིས་པ་བླ་མ་བཀྲ་ཤིས་བསྟན་འཕེལ་

|; |@@@ | | }}