10364

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དམ་ཚིག་རྩ་བའི་ལྟུང་བ་བཅུ་བཞི།
Tibetan Alternate
Tibetan Definition 1.སློབ་དཔོན་ལ་བརྙས་པ་ནི། རྩ་ལྟུང་དང་པོའི་ཡུལ་རྡོ་རྗེ་སློབ་དཔོན་ལའང་། དམ་ཚིག་བཟླས་པ་སྦྱིན་པ་དང་། ། འཆད་བྱེད་མན་ངག་སྟོན་པ་དང་། ། དབང་བསྐུར་བ་དང་ལས་བྱེད་པ། ། སློབ་དཔོན་དྲུག་ཏུ་རབ་ཏུ་བརྗོད། །ཅེས་གསུངས་པ་ལས་གཙོ་བོར་གྱུར་པ་དབང་བསྐུར་རྒྱུད་བཤད་མན་ངག་ཕོག་པ་དང་། ཁྱད་པར་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མཚོན་པར་མཛད་པ་ནི་དཔལ་ལྡན་བླ་མ་ཞེས་བྱ་སྟེ་དེའི་ཐུགས་དཀྲུགས་སམ་དེ་ལ་རྡེག་འཚོག་སྐུར་འདེབས་ལོག་ལྟ་སོགས་སྒོ་གསུམ་གང་ཡང་རུང་བས་ཆོས་ཤིང་བརྙས་ན་རྩ་ལྟུང་དང་པོར་འགྱུར་ཏེ། དེའང་ཡུལ་བླ་མ་དམ་པ་ཡིན་པ། མི་དགེ་བ་སྤྱད་ན་དེ་མི་དགྱེས་པར་ཤེས་པ། ལས་ལུས་ངག་གི་རྣམ་པར་རིག་བྱེད་དུ་བླ་མའི་དངོས་སུ་ཐོན་པར་སྤྱད་པ། གཞན་དོན་དུ་འགྱུར་བ་སོགས་ཀྱི་དགོས་པ་མེད་པར་རང་དོན་ལྷུར་བླངས་པ། ཕྱི་ནས་སྦྱོང་སེམས་མེད་པ་སྟེ་ཡན་ལག་དྲུག་དང་ལྡན་ན་རྫོགས་པའོ། ། དབང་བསྐུར་བ་སོགས་གསུམ་ཀའམ་གཉིས་སམ་གཅིག་ལྡན་གྱིས་ལྷུང་བའི་ཡུལ་ལས་ལྕི་ཡང་གསུམ་ལ་སོགས་པའང་དབྱེ་ཡོད་དོ། །

2.བཀའ་ལས་འདས་པ་ནི། སྤྱིར་རྒྱལ་བའི་བཀའ་ལས་འདས་པར་བཤད་དེ། རང་གི་བློ་དང་མ་འཚམས་ཀྱང་སྨོད་ཅིང་སྤངས་ན་འདིར་འགྱུར་ཏེ། དེའང་ཐེག་ཆེན་གྱི་ ཆོས་སྤངས་ན་ཕམ་པ། རང་འདོད་ཀྱི་བཀའི་ཚིག་དང་མི་ མཚུངས་པའི་བཀའ་གཞན་ལ་སྡང་ན་སྤོམ་པོ། སྒྲོ་བསྐུར་ཆུང་ངུ་ནི་ཉེས་བྱས་སུ་འགྱུར་ལ། བྱེ་བྲག་ཏུ། བླ་མ་དེས་རང་ལ་མི་དགེ་བཅུ་སོགས་ལས་བཟློག་པར་ཆེད་དུ་གདམས་པ་ལས་ལྐོག་ཏུ་དེ་དག་སྤྱད་ནས་བཀའ་དེ་འགོངས་ན་རྩ་ལྟུང་དུ་འགྱུར་ཏེ། ཡན་ལག་བླ་མ་དམ་པ་ཡིན་པ། སྤྱད་ན་མི་དགྱེས་པར་ཤེས་པ། ལྐོག་ཏུ་ལུས་ངག་གིས་སྤྱད་པ། གོང་སྨོས་ཡན་ལག་ཕྱི་མ་གསུམ་མཚུངས་པ་ལས་རྫོགས་པའོ། ། 3.སྤུན་ལ་ཁྲོས་པ་ནི། ཡུལ་སྤུན་ལའང་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཞུགས་པ་ཐམས་ཅད། ཉེ་བ་ཐེག་ཆེན་སེམས་བསྐྱེད་དང་ལྡན་པ། ཁྱད་པར་སྔགས་ཀྱི་ཐེག་པར་ཞུགས་ཤིང་སྔགས་སྡོམ་དང་ལྡན་པ། དེ་ལས་ཀྱང་ཁྱད་པར་བླ་མ་གཅིག་གིས་དབང་བཞི་རྫོགས་པར་བསྐུར་བའི་རྡོ་རྗེའི་སྤུན་ཏེ། རྒན་ནམ་གཞོན་ཡང་རུང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཁྲོས་པས་མི་བསྔགས་པ་བརྗོད་པ་དང་རྡེག་བརྡུང་སོགས་བྱས་ན་རྩ་ལྟུང་དུ་འགྱུར་རོ། ། དེའི་ཡན་ལག་ཡུལ་དེར་ངེས་པ། དེ་ལ་ཁྲོས་ན་མི་དགའ་བར་ཤེས་པ། ལུས་ངག་གིས་ཐོན་པར་ཁྲོས་པ། ཡན་ལག་ཕྱི་མ་གསུམ་མཚུངས་པ་ལས་འགྱུར་རོ། ། སློབ་དཔོན་ཡེ་ཤེས་ཞབས་ཀྱིས་སྤུན་གྱི་དབྱེ་བ་ལྔར་བཤད་པ་དང་། དུས་འཁོར་ལས་ སྤྱིར་སེམས་ཅན་ཐམས་ཅད་རིང་བའི་སྤུན་སོགས་སྤུན་བདུན་གྱི་དབྱེ་བར་གསུངས་པ་ལས་ཕྱི་མ་རྣམས་རིམ་པར་ལྕི་བའོ། ། 4.བྱམས་པ་བཏང་བ་ནི། དེ་ལ་ཚུལ་བཞི་སྟེ། (1)ཆུ་ལ་རི་མོ་བྲིས་པ་ལྟ་བུ། (2)བྱེ་མ་ལ་རི་མོ་བྲིས་པ་ལྟ་བུ། (3)ས་གས་པ་ཆུས་བགས་ཀྱིས་སྦྱར་བ་ལྟ་བུ།། (4)རྡོ་ཆག་པའམ་ཤིང་ཐོག་ས་ལ་ལྷུང་བ་སླར་ལྷན་དུ་མེད་པ་ལྟ་བུའི་དུས་མྱུར་བུལ་རིམ་པས་བཏང་བ་ལས། འགའ་ཞིག་ཕྱི་མ་གཉིས་འདིའི་གཞིར་འཆད་ཀྱང་། དོན་ལ་ཕྱི་མ་སླར་བཅོས་སུ་མེད་པ་སེམས་ཅན་གཅིག་གི་ཡུལ་ལའང་འདི་ལ་ཕན་ནམ་དུའང་མི་འདོགས་སྙམ་དུ་བྱང་ཆུབ་ཏུ་འགོད་པར་འདོད་པའི་སེམས་བཏང་ན་རྩ་ལྟུང་དུ་འགྱུར་ཏེ། ཡན་ལག་ཡུལ་སེམས་ཅན། དེ་ལ་ནམ་ཡང་ཕན་པར་མི་སེམས་པ། སླར་སྦྱོར་སེམས་མེད་པ་སྟེ་གསུམ་གྱིས་རྫོགས་པའོ། ། 5.བྱང་སེམས་སྤོང་བ་ནི། རྟེན་ཀུནྡ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཉམས་པ་སྟེ། འགྲེལ་ཆེན་དུ། དེ་ཁོ་ན་ཉིད་མི་ཤེས་པར་དབང་པོ་གཉིས་སྦྱོར་གྱི་བདེ་བས་སངས་རྒྱས་འཐོབ་པར་འདོད་པའི་བློས་ཁུ་བ་བཏང་ན་མདའ་སྟེ་རྩ་བའི་ལྟུང་བ་ལྔ་པར་འགྱུར་རོ།། ཞེས་འབྱུང་བས་རྩ་ལྟུང་གི་ངོ་ བོ་བསྟན་ཏེ། དེའང་ཆོས་ཐམས་ཅད་ཀྱི་རྩ་བ་ཀུན་རྫོབ་དང་དོན་དམ་གྱི་བྱང་ཆུབ་སེམས་གཉིས་ལས་སངས་རྒྱས་ཀྱི་སྐུ་གཉིས་འགྲུབ་པར་འགྱུར་བ་ལས་གཟུགས་སྐུའི་རྒྱུ་ཀུན་རྫོབ་ཀྱང་སེམས་ཀུནྡ་ལྟ་བུ་དེ་ཉིད་ཡིན་པས་དེ་ཉམས་པ་ལྟུང་བའི་ངོ་བོའོ། ། ཡན་ལག་ཤེས་རབ་ཆེན་པོས་དེ་ཁོ་ན་ཉིད་མི་འགྱུར་བའི་བདེ་བ་མི་ཤེས་པ། འགྱུར་བའི་བདེ་བ་འཆོར་བས་སངས་རྒྱས་འཐོབ་པར་འདོད་པ། གསང་སྔགས་དབང་གི་རྫས་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་གཞན་ལ་བསྐུར་བའི་བདེ་བའི་རྐྱེན་མིན་པ། བདུད་རྩི་རིལ་བུ་སོགས་ཀྱི་ཆེད་མ་ཡིན་པ་སྟེ་ཡན་ལག་ལྔས་རྩ་ལྟུང་དུ་འགྱུར་རོ། ། 6.ཆོས་ལ་སྨོད་པ་ནི། སྤྱིར་རྙེད་བཀུར་འདོད་པས་གྲུབ་མཐའ་གཞན་ལ་སྨོད་པ་སྟེ། ཐེག་ཆེན་གྱི་མདོ་སྡེ་སྨད་ན་སྦོམ་པོ། ཐེག་དམན་ལ་ཉེས་བྱས། ཕྱི་རོལ་པ་སོགས་ལ་ཕྲ་མོའི་ཉེས་བྱས། དེ་དག་འདུལ་བའི་བསམ་པས་སྨད་ན་ཉེས་པ་མེད་པའི་སྟེང་བསོད་ནམས་ཐོབ་པར་གསུངས་ལ། བྱེ་བྲག་ཏུ་ནང་པའི་གྲུབ་མཐའ་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་རྒྱུ་འབྲས་ཀྱི་འབྲེལ་པར་ཡོད་དེ། འཁོར་ལོ་རིམ་པ་གསུམ་ལས་དང་པོར་གང་ཟག་གི་བདག་མེད་དང་གཟུང་བ་དོན་སྤྱི་བདེན་མེད་དུ་རྟོགས་པར་བསྟན་ལ། བར་པར་ཆོས་ཐམས་ཅད་སྨྲ་བསམ་བརྗོད་པ་ལས་འདས་པའི་སྟོང་པ་ཉིད་དུ་རྟོགས་པར་བསྟན། ཕྱི་མར་ཉམས་ལེན་གྱི་ངོ་བོར་སོ་སོ་རང་རིག་དང་འཆད་པའི་སྒོར་སེམས་འོད་གསལ་བ་རྟོགས་པར་བསྟན་ལ། དེ་འདྲ་བ་དེ་རྒྱུད་སྡེ་བཞིའི་རིམ་པས་མཐར་བདེ་སྟོང་ཟུང་འཇུག་གི་ཨེ་ཝཾ་རོ་མཉམ་དུ་རྟོགས་པར་བསྟན་པའི་ཕྱིར་མཐར་ཐུག་དེ་ཁོ་ན་ཉིད་གཅིག་པ་ལ། སྔགས་ཀྱི་ངེས་དོན་གྱི་སྙིང་པོ་ཅན་གྱི་ཤེར་ཕྱིན་ཟབ་མོ་ལ་དམན་པར་བལྟས་ཏེ་སྨོད་ན་རྩ་ལྟུང་དྲུག་པར་འགྱུར་ཏེ། ཡན་ལག་ངེས་དོན་སྔགས་སུ་གནས་པའི་ཤེར་ཕྱིན་དང་སྔགས་མཆོག་དམན་དུ་བཟུང་ནས་སྨོད་ཚིག་དངོས་སུ་བརྗོད་པ། དེ་ལེགས་བཤད་དུ་འཛིན་པ། ཕར་ཕྱིན་ཐེག་པ་ཁོ་ནར་འཆེལ་བ་དྲང་བའི་ཆེད་སོགས་མ་ཡིན་པ་སྟེ་ཡན་ལག་གསུམ་གྱིས་རྫོགས་པའོ། ། 7.གསང་བ་སྒྲོགས་པ་ནི། མ་སྨིན་པའི་མི་ལ་གསང་བ་སྦྱིན་པ་སྟེ། དབང་གིས་མ་སྨིན་ཞིང་ཉན་ཐོས་སོགས་ཀྱི་ཐེག་པར་འཆེལ་བ། གསང་བའི་གཏམ་ཐོས་ན་སྐྲག་ཅིང་མ་གུས་པར་འགྱུར་བའི་རིགས་ཅན་བདེ་བ་ཆེན་པོའི་གསང་བ་བསྒྲགས་ན་བདུན་པར་འགྱུར་ཏེ། ཡན་ལག་མ་སྨིན་པའི་ཉན་རང་གི་རིགས་གསང་བ་ཐོས་ན་སྐྲག་ཅིང་མི་གུས་པར་འགྱུར་བའི་རིགས་ཅན་ཡིན་ལ། དེ་ལ་བདེ་བ་ཆེན་པོའི་གསང་བ་བསྒྲིགས་པ། ཡན་ལག་ཕྱི་མ་གཉིས་འདྲ་སྟེ་དེས་རྫོགས་སོ། ། དཱ་རི་ཀ་པས་བདེ་ཆེན་གྱི་གསང་བ་བསྒྲགས་ན་ཐུན་མོང་གི་དངོས་གྲུབ་ཀྱི་བར་ཆད་དུ་འགྱུར་བར་བཤད་དོ། ། འདིར་མ་སྨིན་པ་ལ་བཞི་སྟེ། ཆོས་ལ་ཁོང་ཁྲོ་བའི་ལོག་ལྟ་ཅན་རྒྱུད་མ་སྨིན་པ། བདག་ཏུ་ལྟ་བ། འཁོར་བ་ལ་སྐྱོ་བ། སེམས་ཅན་གྱི་དོན་མི་བྱེད་པ་གསུམ་རྐྱེན་གྱིས་མ་སྨིན་པ་སྟེ་འདོད་ཆེན་མུ་སྟེགས་ཉན་རང་གི་སྒྲིབ་པ་བཞིའོ། ། མ་སྨིན་པ་རིམ་པ་ལྟར་གོང་མ་རྣམས་གསང་དགོས་པར་གསུངས་སོ། ། 8.ཕུང་པོར་བརྙས་པ་ནི། སྤྱིར་རང་གཞན་གྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ལ་མི་བརྙས་ཏེ་གཟུགས་སྐུ་དྲི་བཅས་ཡིན་པས་སོ། ། བྱེ་བྲག་ཏུ། བུམ་དབང་གིས་ཕུང་སོགས་སངས་རྒྱས་ཀྱི་ངོ་བོར་ངོ་སྤྲད་པ་ཉིད་འདོད་ཡོན་གྱིས་མཉེས་པར་མཆོད་པ་ལས་རྟེན་བདེ་བ་འཕེལ། དེས་བརྟེན་པ་ཡེ་ཤེས་དེ་ཁོ་ན་ཉིད་མངོན་དུ་འགྱུར་བ་ཡིན་པ་ལ། ཕུང་པོ་ཀུན་འབྱུང་གི་གཙོ་བོར་བཟུང་སྟེ་མཚོན་གྱིས་བཅད་པ་དང་། མེར་སྲེག་པ་སོགས་ཀྱི་དཀའ་སྤྱད་དང་། སྨྱུང་གནས་ལ་སོགས་པའི་དཀའ་ཐུབ་ཀྱིས་ལུས་གདུང་བར་བྱེད་ན་རྩ་ལྟུང་དུ་འགྱུར་ཏེ། ཡན་ལག་ཕུང་སོགས་དེ་དག་ཏུ་ཤེས་པ་ཤེས་བཞིན་དུ་ལུས་གདུང་བར་བྱེད་པ། ཡན་ལག་ཕྱི་མ་གཉིས་སྔ་མ་དང་འདྲ་བ་སྟེ་བཞིས་རྫོགས་སོ། ། དེ་ལྟ་ན་རྒྱུད་སྡེ་མང་པོར་སྨྱུང་བར་གནས་པར་གསུངས་པ་དེ་དག་ཅི་ཞེ་ན། དེ་ནི་ལུས་གདུང་བར་བྱེད་པའི་ཆེད་དུ་མ་ཡིན་ཏེ། ལྷ་མཉེས་པར་བྱེད་པའི་གཙང་བྱེད་དམ། ནང་གི་ཁྲུས་ཀྱི་ཡན་ལག་ཡིན་པས་དེ་ལ་ནི་ཉེས་པ་མེད་ཀྱི་སྟེང་དུ་ཕན་ཡོན་ཆེའོ། ། 9.སོམ་ཉི་ཟ་བ་ནི། སྤྱི་ལྟར་ན། བདེན་པ་གཉིས་ལས་དོན་དམ་བདེན་པར་སོམ་ཉི་ཟ་བ་རྩ་ལྟུང་བཅུ་གཅིག་པར་བཤད་ཅིང་། འདིར་སྔ་མ་ཆོས་ཐམས་ཅད་ཆུ་ཟླ་ལྟ་བུར་རང་བཞིན་མེད་པར་སྣང་ཙམ་པ་ཀུན་རྫོབ་ཀྱི་བདེན་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ལོག་པར་རྟོག་པ་སྟེ། སེམས་ཅན་སངས་རྒྱས་སུ་འགྱུར་བ་དང་། སངས་རྒྱས་ལ་རྟོག་པ་མེད་ཅིང་མཁྱེན་པའི་ཡེ་ཤེས་མངའ་བ་འགལ་འདུར་བཟུང་བ་སོགས་ཡིན་པར་བཤད་ལ། བྱེ་བྲག་ཏུ། དག་པའི་ཆོས་ཀྱི་སྤྱི་དོན་སྟོང་པ་ཉིད་ལ་སོགས་པ་སྟོང་ཉིད་ལ་མི་མོས་ཤིང་ཡིད་གཉིས་ཟ་བ། སྤྲོས་བཅས་དང་དུ་ལེན་པས་རྩ་ལྟུང་དུ་ འགྱུར་རོ། ། ཡན་ལག་ཡུལ་དག་པའི་ཆོས་སྟོང་པ་ཉིད་ལ། བསམ་པ་མི་མོས་ཤིང་སྤྲོས་བཅས་དང་དུ་ལེན་པ། ཡན་ལག་ཕྱི་མ་གཉིས་མཚུངས་ཏེ་བཞིས་རྫོགས་སོ། ། 10.གདུག་ལ་བྱམས་པ་ནི། སྤྱི་ལྟར་ན། བདུད་དང་མུ་སྟེགས་ཕྱིར་རྒོལ་དྲེགས་པ་ཅན་བྱམས་པས་མི་འདུལ་བའི་གདུག་པ་ཅན་ལ་བྱམས་པར་བྱེད་པ་ཡིན་ལ། བྱེ་བྲག་ཏུ། ལས་རྒྱ་གཙོ་བོར་གྱུར་པའི་སེམས་ཅན་ལ་ཁ་ཞེ་མི་མཐུན་པའི་གཡོ་སྒྱུའི་བྱམས་པ་བྱས་པ་ལས་ལྟུང་བར་འགྱུར་ཏེ། ཡན་ལག་ཡུལ་ཕྱག་རྒྱུ་གཙོ་བོར་གྱུར་པའི་སེམས་ཅན་ལ། བསམ་པ་ཞེ་གཞག་ཅིང་ཁ་འཇམ་པའི་སྒྱུའི་བྱམས་པ་བྱེད་པ། ཕྱི་མ་གཉིས་མཚུངས་པའི་ཡན་ལག་བཞིས་རྫོགས་སོ། ། གཞན་དུ་གོང་སྨོས་ལྟར་གདུག་པའི་སེམས་ཅན་ཕྲིན་ལས་དྲག་པོས་ཚར་བཅད་བྱ་ཡིན་པ་ལ། དེ་ལྟར་མ་བྱས་ན་ལྟུང་བར་བཤད་མོད། འདིར་ནི་དབང་གསུམ་པའི་མི་མཐུན་ཕྱོགས་ལ་བཞག་དགོས་པས་འདི་ཉིད་དོ། ། 11.རྟོག་སེམས་ནི། སྤྱིར་ཐ་སྙད་ལས་འདས་པའི་ཡུལ་ལ་སྒྲོ་བསྐུར་བྱེད་པ་སྟེ་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་དང་། ཆོས་ཉིད་ཁོ་ན་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་པ་དེ་ལྟར་མ་རྟོགས་ཏེ་ཡོད་མེད་ཡིན་མིན་སོགས་རྟོག་གེའི་བློས་ཁ་ཚོན་གཅོད་པ་དང་། བྱེ་བྲག་ཏུ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཉིད་མི་འགྱུར་བའི་བདེ་བ་འཇིག་རྟེན་ན་དཔེར་བྱ་བ་ཐམས་ཅད་ལས་འདས་པ་མིང་སོགས་དང་བྲལ་བ་དང་། བདེ་བ་དེ་སྦྱིན་པ་མོ་དེ་ཉིད་ཀྱི་སྣང་ཆ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ལ་རྟོག་ཅིང་ཐེ་ཚོམ་ཟ་བར་གྱུར་ཏེ། ཡན་ལག་ཡུལ་འགྱུར་བ་དེ་གཏན་མ་ཡིན་པའི་འགྱུར་མེད་ཀྱི་བདེ་བ་ལ། དེ་ལས་གཞན་དུ་དེ་ཁོ་ན་ཉིད་རྟོགས་པ། ཕྱི་མ་གཉིས་མཚུངས་ཏེ་ཡན་ལག་བཞིས་རྫོགས་སོ། ། 12.སུན་འབྱིན་པ་ནི། སྤྱིར་དད་ལྡན་སེམས་ཅན་སུན་མི་འབྱིན་པ་སྟེ། དད་ལྡན་སྔགས་ལས་ལྡོག་ན་ཕམ་པ། མདོ་དང་ཉན་ཐོས་ལས་ལོག་ན་སྦོམ་པོ། རེ་ཞིག་ལྡོག་ན་ཉེས་བྱས་སུ་བཤད་ཅིང་། བྱེ་བྲག་ཏུ། དག་པའི་སེམས་ཅན་ནི་ནང་དུ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ལ་གནས་ཤིང་ཕྱིའི་སྤྱོད་པ་མ་ངེས་སྟེ། དེ་ལ་ཕྲག་དོག་གིས་སྨོད་ཅིང་སུན་འབྱིན་པར་བྱེད་ན་རྩ་བའི་ལྟུང་བར་འགྱུར་ཏེ། ཡན་ལག་ཡུལ་དག་པའི་སེམས་ཅན་ལ། བསམ་པ་ཕྲག་དོག་གི་བློས་སུན་འབྱིན་བརྗོད་པ། ཡན་ལག་ཕྱི་མ་གཉིས་མཚུངས་པ་སྟེ་བཞིས་རྫོགས་སོ། ། 13.དམ་ཚིག་རྙེད་པ་འདོར་བ་ནི། སྤྱོད་པའི་དུས་ལ་སོགས་པར་ཚོགས་འཁོར་རམ་དཔའ་བོ་དཔའ་མོའི་སྟོན་མོ་གང་ཡིན་ཀྱང་རུང་། ཕྱི་ནང་གི་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པའི་བསྟན་བྱའི་དམ་ཚིག་རྣམས་ལ་ཉན་ཐོས་ཀྱི་བརྟུལ་ཞུགས་ཁོ་ནར་འཆེལ་བ་ལ་སོགས་པས་ཐེ་ཚོམ་ཟ་ཞིང་སྤོང་བར་བྱེད་ན་རྩ་བའི་ལྟུང་བར་འགྱུར་རོ། ། ཡན་ལག་དམ་ཚིག་སྤྱོད་པའི་དུས་ཡིན་པ། བསྟེན་བྱའི་དམ་ཚིག་སྤངས་པ། ཡན་ལག་ཕྱི་མ་གཉིས་སྔར་ལྟ་བུ་བཞིས་རྫོགས་སོ། ། 14.བུད་མེད་ལ་སྨོད་པ་ནི། ཡུལ་བུད་མེད་སྤྱི་ལ་ཞེ་ནས་སྨོད་པའི་བསྟིང་ཚིག་བརྗོད་ན་ལྟུང་བར་འགྱུར་ཏེ། ཡན་ལག་ཡུལ་བུད་མེད་ལ་བསམ་པ་ཞེ་ནས་སྨོད་ཚིག་བརྗོད་པ། ཡན་ལག་ཕྱི་མ་གཉིས་འདྲ་བའི་བཞིས་རྫོགས་སོ། ། འདིར་སྤྱིར་བཤད་པ་རྣམས་ནི་བླ་མེད་ཀྱི་འཆད་ཚུལ་སྤྱི་ལ་གྲགས་པ་ལྟར་དང་། བྱེ་བྲག་ཏུ་སྨོས་པ་རྣམས་ནི་དུས་འཁོར་ལས་ཇི་ལྟར་གསུངས་པ་ལྟརཏེ། རྡོ་རྗེ་སྙིང་རྒྱན། གཤིན་རྗེ་གཤེད་དམར་ནག་གི་རྒྱུད་ལས་གྲངས་དེ་དང་མཚུངས་པར་འབྱུང་ཞིང་། རྡོ་རྗེ་གུར་ལས་བཅུ་གསུམ་དུ་བཤད་དོ། །རྩ་ལྟུང་བཅུ་བཞི་པོ་དེ་ལ། ཡུལ། བསམ་པ། སྦྱོར་བ། དུས། ཉེས་པ། ལན་གྲངས་ཀྱི་བྱེ་བྲག་སྟེ་སྒོ་དྲུག་གི་དབྱེ་བས་བརྒྱད་ཅུ་རྩ་བཞི། དེའང་ལྕི་བ་དང་འབྲིང་དང་། ཡང་བ་གསུམ་གྱིས་བསྒྱུར་བས་རིག་པ་འཛིན་པའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གཉིས་སུ་འགྱུར་བ་སློབ་དཔོན་འཇམ་དཔལ་གྲགས་པས་བཤད་དོ། །

Tibetan Source 《ཤེས་བྱ་ཀུན་ཁྱབ་》དེབ་བར་ཆ་ཤ་164.3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number