10397

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚེ་བསྐྱང་བའི་སྤྱོད་ལམ་བསྟན་པ་བཅུ་བཞི།
Tibetan Alternate
Tibetan Definition 1.དགོས་ཆེད་བསྟན་པ་ནི། ཚེ་བསྐྱང་བ་སྟེ་ཚེ་ཡི་བར་ཆེད་ལས་བསྲུང་ཞིང་གནས་པའི་ཐབས་སམ་སྤྱོད་ལམ་དེས་ནི། འཇིག་རྟེན་འདིར་དུས་རྟག་ཏུ་ལུས་སེམས་གཉིས་ཆར་ན་ཚ་དང་སྡུག་བསྔལ་མེད་པའི་བདེ་བ་ལོངས་སུ་སྤྱོད་པའི་ངང་ལ་གནས་པར་འདོད་ཅིང་། ཚེ་ཡུན་རིང་དུ་བསྲིང་བར་བྱ་བའི་ཕྱིར་འོག་ནས་འཆད་འགྱུར་གྱི་བསྒྲུབ་པའི་བསླབ་བྱ་རྣམས་ཀྱང་བསྟེན་པར་བྱའོ། །

2.བསྲུང་བ་བཅང་བ་ནི། དེ་ཡང་བསྲུང་ཞིང་འགོག་པར་བྱ་བའི་དོན་དུ་སྨན་གྱི་མཆོག་དངུལ་ཆུ་རིལ་བུའི་སྦྱོར་བ་དང་། ཨ་རུ་ར་རྣམ་པར་རྒྱལ་བ། དབང་པོ་རིལ་བུ། གུ་གུལ། ཡུངས་ཀར། ཤུ་དག་ཀུ་བེ་ར། ཚ་གྲང་རིན་པོ་ཆེའི་སྦྱོར་བའི་རིལ་བུ་སོགས་ནད་དང་གནོད་པ་སྲུང་ཞིང་ལུས་འཚོ་བར་བྱེད་པའི་མཐུན་རྐྱེན་དེ་དག་དཔུང་པ་གཡོན་པ་ལ་བཏགས་ཤིང་རིན་པོ་ཆེ་ནི། རྡོ་རྗེ་ཕ་ལམ་དང་། དཀར་ཁྲ་མན། བཻཌཱུརྨ། པདྨ་ར་ག གཟི་ཆུ་མིག་དགུ་པ། གསེར་ས་བྱུང་མ། མུ་མེན་དང་བྱུ་རུ་སོགས་དར་གྱིས་དྲིལ་ནས་གསེར་གྱི་པ་ཏྲའི་ནང་དུ་བཅུག་ལ་སྤྱི་གཙུག་ཏུ་བཅིང་བ་དང་དངོས་སུ་གྲུབ་པར་གྲགས་ཤིང་ནུས་པ་དངོས་སུ་ཐོན་པའི་རིག་འཛིན་རྣམས་ཀྱིས་ཚུལ་བཞིན་དུ་བསྒྲུབས་པའི་གསང་སྔགས་ཟབ་མོའི་སྲུང་བའི་འཁོར་ལོ་སོགས་མགུལ་དུ་བཏགས་ནས་ནད་གདོན་སྔོན་འགོག་གི་ཐབས་ལ་འབད་པར་བྱའོ། ། 3.ནད་མི་འབྱུང་བའི་བྱ་ཐབས་ནི། དེ་ཡང་ནད་སློང་བའི་རྐྱེན་རྣམས་ཀྱི་ནང་ནས་གཙོ་བོར་གྱུར་པ་ནི། ཟས་མི་འཕྲོད་པ་དང་། སྤྱོད་ལམ་མི་མཐུན་པ་གཉིས་པོ་དྲན་པ་དང་ཤེས་བཞིན་གྱིས་ཟིན་པར་བྱས་ནས་རྟག་ཏུ་སྤང་བར་བྱའོ། ། སྤྱིར་ནད་སློང་བར་བྱེད་པ་ལ་དུས་གདོན་ཟས་སྤྱོད་བཞི་ཡོད་ཀྱང་གདོན་ནི་གློ་བུར་བ་ཡིན་པས་སྤོང་མི་ནུས། དུས་ནི་ལོ་ལྟར་རྒྱུན་དུ་འབྱུང་བ་ཞིག་ཡིན་པས་སྤོང་མི་ནུས། དེ་བས་ན་ནད་སློང་བར་བྱེད་པའི་རྐྱེན་ཡིན་ལ་རང་ཉིད་ཀྱིས་སྤོང་ཡང་ནུས་པ་ནི། ཟས་དང་སྤྱོད་ལམ་གཉིས་ཡིན་པས་ནན་ཏན་གྱིས་སྤོང་བར་བྱའོ། ། མདོར་ན་དམན་ལྷག་ལོག་པའི་སྐྱོན་མེད་པ་ནི་རྐྱེན་སྤང་བའོ། ། དེ་བཞིན་དུ་ལུས་ཀྱི་ལས་འགྲོ་བ། ངག་གི་སྨྲ་བ། ཡིད་ཀྱི་བསམ་པ་བཅས་གསུམ་པོ་ཧ་ཅང་འགྲོ་ཆེས་པ། སྨྲ་མང་བ་རྟོག་དཔྱོད་ཐལ་དྲགས་པ་སོགས་རྩོལ་བ་ཤུགས་དྲག་གི་མཐར་ལྷུང་བ་སྤོང་ཞིང་ཧ་ཅང་མི་ངལ་བ་ཙམ་གྱི་ལས་ཡང་དག་པ་བསྟེན་པར་བྱའོ། ། ལྕེ་ལ་སོགས་པའི་དབང་པོ་རྣམས་རང་རང་གི་ཡུལ་ལ་ལོངས་མི་སྤྱོད་པའམ་ལུས་ངན་པའམ། ཡུལ་མ་རུངས་པར་ལོངས་སྤྱད་པས་ཡོངས་སུ་མནར་ཏེ་ཉམ་ཐག་པར་གྱུར་པའམ་དུབ་པ། ཡང་ན་རང་གི་ཡུལ་ཡིན་ཀྱང་ཉམས་གང་བདེར་ལོངས་སྤྱོད་དྲགས་པ་མ་ཡིན་པ་སྟེ་མཐའ་གཉིས་སུ་མ་ལྷུང་བར་རན་པར་སྤྱོད་པ་གནས་པར་བྱའོ། ། 4.འགྲོ་འདུག་བྱ་ཐབས་ནི། བདེ་ཞིང་ཚེ་རིང་བར་འདོད་པའི་གང་ཟག་གིས་འགྲོ་འདུག་གི་སྤྱོད་ལམ་ཉེས་པ་མེད་པ་ལ་བསླབ་པར་བྱ་སྟེ། དཔེར་ན་ཆུ་ལས་བརྒལ་བའི་ཚེ་ཆུར་མི་བྱིང་བའི་ཆེད་དུ། བློས་མི་འཁེལ་བ་ཐེ་ཚོམ་དང་བཅས་པའི་གྲུའམ། རྒྱུད་མི་བསྲུན་པའི་བཞོན་པ་སྟེ་མ་བརྟུལ་བའམ། མ་ཐུལ་བས་ཁ་ལོ་མ་ལོབས་པའི་བཞོན་པ་ཞོན་པ། གསོད་ས་སྟེ་རྐུན་ཇག་དང་གཅན་གཟན་གཏུམ་པོ་སོགས་ཀྱིས་སྲོག་འཕྲོག་པའི་ཉེན་ཡོད་པའི་སར་མི་འགྲོ། དེ་བཞིན་གཏིང་ཚད་མ་ལོན་པའི་ཆུ་བརྒལ་བ། རྦ་རླབས་དྲག་ཏུ་རྒྱུག་པའི་ཆུ་ཆེན་ལ་རྐྱལ་བ། ནགས་ཚལ་དང་། ཁང་ཆེན་སོགས་མེ་ཤུགས་དྲག་ཏུ་འབར་བའི་མེ་ཕུང་གི་དཀྱིལ་དུ་འགྲོ་བ། དབྱར་གད་པ་ཆུས་བཅད་ཀྱི་སྟེང་དང་གཡང་ས་མཐོན་པོའི་རྩེ། དགུན་ཤིང་སྡོང་སྐམ་པོ་ཆག་སླ་བའི་རྩེར་འཛེགས་པ་སོགས་ལྷུང་བའི་ཉེན་ཁ་ཡོད་པས་བདེ་འཇགས་མ་ཡིན་པའི་སར་འཛེགས་པ་དང་འགྲོ་བ་སྤང་བར་བྱའོ། ། མདོར་ན་གནས་མལ་གང་དུ་སྡོད་པའི་ཚེ། ས་དགྲ་ཆུ་སྐྱོན་མི་དང་མི་མིན་གྱི་ཉེར་འཚེ་ཡོད་མེད་སྐྱོན་ཡོན་བརྟགས་ལ་སྐྱོན་དང་ལྡན་པ་ལ་ནི་ལྟ་ཅི་ཐེ་ཚོམ་དང་བཅས་པ་ལའང་སྡོད་པར་མི་བྱ། དེ་བཞིན་འགྲོ་བའི་ཚེའང་ལམ་ལ་ཞིབ་ཏུ་བརྟགས་ནས། འཚེ་བ་ཡོང་བའི་གཞི་ཐེ་ཚོམ་དང་བཅས་པའི་སར་མ་བརྟགས་པར་འགྲོ་བར་མི་བྱའོ། ། མཚན་མོ་ནི་ཉེས་དམིགས་དང་བྲལ་བའི་གནས་མལ་ལས་འདས་ཏེ་ཕྱོགས་གང་དུའང་འགྲོ་བར་མི་བྱའོ། ། གལ་ཏེ་དོན་ཆེན་པོ་དང་ལྡན་པས་ཅིས་ནས་ཀྱང་ཕྱི་རོལ་དུ་འགྲོ་དགོས་པ་བྱུང་ན། དེའི་ཚེའང་། ཆོམ་རྐུན་དང་གཅན་སྤྱང་ལ་སོགས་པའི་འཚེ་བ་དང་། དབང་པོ་དང་ཡན་ལག་བསྣད་པ་སོགས་མི་ཡོང་བའི་ཆེད་དུ་ལྷམ་སོགས་བགོ་བ་ལེགས་པར་བགོ་ཞིང་འཚེ་བ་ཟློག་ཕྱིར། དབྱུག་པ་སོགས་ལག་ཆ་དང་ལྡན་པའི་གྲོགས་བློས་ཐུབ་དང་དཔུང་བསྡེབས་ནས་འགྲོ་བར་བྱའོ། ། སྙིང་པོ་བསྡུས་པར། གསོད་ས་ཁང་སྟོང་འབྲོག་སྟོང་དང་། ། དུར་ཁྲོད་དུ་ནི་ཉིན་མོའང་མིན། ། ཅེས་གསུངས་པ་ལྟར་རོ། ། 5.གཉིད་ལོག་ཐབས་ནི། གལ་ཏེ་མི་གང་ཞིག་རྐྱེན་འགའ་ཞིག་གིས་མཚན་མོ་གཉིད་མ་ལོག་པར་གྱུར་པ་དེའི་ཚེ། གཉིད་ཆག་པ་དེ་ནི་ནུས་པ་རྩུབ་ཅིང་རླུང་སྐྱེད་པར་བྱེད་པས་སྡུག་བསྔལ་གྱི་ཚོར་བའི་རྒྱུར་འགྱུར་བའི་ཕྱིར་ཅིས་ནས་ཀྱང་གཉིད་བདེ་བར་ལོག་པར་བྱ་ཞིང་གལ་ཏེ་མཚན་མོ་གཉིད་ཆག་ན་དེའི་ཚེ་ནངས་པར་ཟས་མ་ཟོས་པར་སྨྱུང་བར་གནས་པར་བྱས་ཏེ། མདང་ནུབ་གཉིད་ཆག་པའི་ཡུན་དེའི་ཕྱེད་ཙམ་བར་དུ་གཉིད་ལོག་པར་བྱའོ། དེ་ནི་སྤྱིར་བཏང་བ་སྟེ་དམིགས་བསལ་དུ་ཆང་གིས་ར་རོ་བ་དང་། ལུས་ཀྱི་སྟོབས་ཟད་པ་མྱ་ངན་གྱིས་ནོན་པ་རྩོལ་བས་དུབ་པ་སྨྲ་བ་ཤིན་ཏུ་མང་བ། རྒས་པ་དང་། འཇིགས་ཤིང་སྐྲག་པའི་མི་རྣམས་ལ་ནི་ཟུངས་སྟོབས་ཉམས་པའི་འཇིགས་པས་མནར་ཞིང་ནམ་ཟླ་སོ་གའི་ཚེ་རྩུབ་ཅིང་ཡང་བའི་མཐུ་སྐྱེད་ཅིང་མཚན་མོའང་ཐུང་བ་ཡིན་པས་ན་དེས་ལུས་ཀྱི་སྟོབས་དང་གཟི་མདངས་འཕྲོག་ཅིང་རླུང་འཕེལ་བར་འགྱུར་བའི་ཕྱིར་ན་དེའི་སྐབས་སུ་ཉིན་པར་ཡང་གཉིད་ཅུང་ཟད་རེ་ལོག་ན་དེས་ནི་སྣུམ་ཞིང་ལྕི་བར་འགྱུར་བའི་ཡོན་ཏན་དང་ལྡན་པས་རླུང་འཇོམས་ཤིང་སྟོབས་དང་མདངས་ལ་ཕན་པའི་ཕྱིར་རོ། ། དེ་ལྟ་བུ་མ་ཡིན་པར་གཞན་དུ་ཉིན་པར་གཉིད་ལོག་ན་དེས་བད་ཀན་ལྷག་པར་དུ་སྐྱེད་ཅིང་སྐྱ་སོབ་ཏུ་སྐྲངས་པ་དང་མཁྲིས་པ་མང་བར་འགྱུར་ཞིང་། ཤེས་པ་རྨོངས་བག་ཏུ་འགྱུར་བས་མགོ་བོ་ན་ལ། སྐྱིད་པ་སྐྱུར་བ་དང་། ཆམ་པ་དང་རིམས་ལ་སོགས་པའི་ནད་ཀྱིས་འདེབས་པར་འགྱུར་བའི་ཕྱིར་སྤང་བར་བྱའོ། ། གལ་ཏེ་མི་གང་ཞིག་གཉིད་འཕེལ་ཏེ་གཉིད་ཆེ་དྲགས་པ་དེ་ཡི་ཚེ་ན་དེའི་རྒྱུ་བད་ཀན་ཟད་པར་བྱ་བར་ཕྱིར་དུ་སྐྱུག་གཏོང་བ་དང་སྨྱུང་བར་བྱ་བ་སྟེ་ཟས་འཕྲི་བ་དང་བུད་མེད་བསྟེན་པ་སོགས་བྱས་ན་གཉིད་སྲབ་པར་འགྱུར་རོ། ། ཡང་གཉིད་ཡེར་ཏེ་གཉིད་དུས་སུ་མི་འབྱུང་ཚེ་འོ་མ་དྲོན་མོ་དང་། ཤ་ཁུ་དྲོན་མོ་ཞོ་དང་ཆང་གར་མོ་སོགས། དྲོ་ཞིང་བཅུད་དང་ལྡན་པའི་བཏུང་བ་དང་ཏིལ་མར་ལ་སོགས་པའི་སྣུམ་གྱི་རིགས་མགོ་བོར་བསྐུ་ཞིང་། རྣ་བའང་སྣུམ་གྱིས་དགང་བར་བྱའོ། ། ། 6.ཉལ་པོ་བྱ་ཐབས་ནི། སྐྱེ་བོ་གང་ཞིག་ཉལ་པོ་སྤྱོད་པར་འདོད་པ་ན། རང་རང་དང་རིགས་མི་མཐུན་པའམ་སྐྱེ་གནས་མི་མཐུན་པ་དུད་འགྲོ་སོགས་དང་བུད་མེད་ཡིན་ཡང་གཞན་གྱིས་བདག་ཏུ་བཟུང་བས་ཁྱིམ་ཐབ་ཅན་ཡིན་ན་བདག་པོ་ཅན་ཞེས་བྱ་ལ་འོག་གི་དམ་པ་ལྷ་ཆོས་ཀྱི་སྐབས་སུ། ལོག་པར་གཡེམ་པ་ཞེས་པ་གཉིས་ཟློས་པ་མིན་ཏེ། ཕྱི་མས་ནི་མི་དགེ་བ་ཡིན། བདག་པོ་ཅན་གྱི་བུད་མེད་ལ་སྤྱོད་པས་བདག་པོ་དེས་རང་བསད་པ་དང་བརྡུང་བ་ལ་སོགས་པའི་ཉེན་ཡོད་པའི་ཕྱིར་དེ་བསྲུང་བའི་ཕྱིར་གསུངས་པའོ། ། གཟུགས་ངན་ཞིང་སྙིང་དུ་མི་སྡུག་པ་དང་། སྦྲུམ་མ་དང་། བྱིས་པ་རྒན་དང་ཤུགས་ཞན་ཉེན། །གསུངས་པ་ལྟར། མ་སྨིན་པ་དང་། ཧ་ཅང་རྒས་ཤིང་རྒུད་པ་ཤིན་ཏུ་རིད་པས་ཤུགས་ཞན་པ། ནད་དང་སྡུག་བསྔལ་དྲག་པོ་སོགས་ཀྱིས་ལུས་རབ་ཏུ་ཉེན་པའི་བུད་མེད་ལ་མི་སྤྱོད་པ་དང་། ཟླ་མཚན་དང་ལྡན་པའི་དུས་བཅས་སུ་བུད་མེད་ལ་བཀན་པར་བྱེད་པའམ་འཁྲིག་པ་ཡོངས་སུ་སྤང་དགོས་པ་ཡིན་ནོ། །ཟླ་ཟེར་ལས། ཉལ་པོའི་ཆོས་ནི་སྤང་བར་བྱ། ། བཀན་མིན་ཟླ་མཚན་ལྡན་པ་དང་། ། སོགས་ཀྱི་སྐབས་སུ། དེའི་འགྲེལ་པར། བཀན་མིན་ཞེས་བྱ་བ་ནི། བཀན་པ་མ་ཡིན་པ་སྤང་བ་སྟེ། དོན་གྱིས་ན་བཀན་ཏེ་བསྟེན་པར་ཉན་པ་མ་ཡིན་ནོ། ། ཞེས་གསུངས་པ་ལྟར་རོ། བཤད་མ་ཐག་པའི་སྤང་བར་བསྟན་པ་དེ་དག་ལ་བསྟེན་ན། ལུས་དང་ཚེ་ལ་བར་དུ་གཅོད་ཅིང་བཀྲ་མི་ཤིས་པ་རྣམས་མང་དུ་འབྱུང་བའི་ཕྱིར་རོ། ། དེ་ལྟ་བུ་མ་ཡིན་པའི་བུད་མེད་ལ། དགུན་གྱི་དུས་སུ་སྐྱེས་པ་རོ་ཙ་བས་ཁུ་བ་ཆེར་འཕེལ་ཏེ་དྲེགས་པོ་དང་ལྡན་པའི་ཚེ་འཁྲིག་པ་ཡང་ཡང་སྤྱད་ཀྱང་བཀག་པ་མེད་ལ་བཀག་ཆེས་ན་ཁུ་བ་བཀག་པའི་ནད་དུ་འགྱུར་བས་སོ། ། སྟོན་དཔྱིད་གཉིས་ཉམས་སྟོབས་འབྲིང་གི་དུས་ཡིན་པས་ཞག་གཉིས་ལ་སྤྱད་དོ། ། དབྱར་སོས་གཉིས་ལ་ཉམས་ཆུང་བས་ཟླ་བ་ཕྱེད་ཕྱེད་ལ་སྤྱད། དེ་ལྟར་མ་ཡིན་པའི་གནས་སྐབས་གཞན་དུ་བུད་མེད་ལ་གང་བྱུང་དུ་ཞུགས་པ་ཡིན་ན། མིག་སོགས་དབང་པོ་ཉམས་ཤིང་མགོ་འཁོར་བ་སོགས་མི་བཟད་པའི་ནད་ཀྱིས་བཏབ་ནས་དུས་མིན་དུ་འཆི་བར་བྱེད་པ་ཡིན་པས་ན་སྤུང་བར་བྱའོ། ། 7.བསྐུ་བྱུག་བྱ་ཐབས་ནི། དུས་རྟག་ཏུ་ལུས་ལ་སྣུམ་བསྐུ་ཞིང་བྱུག་པ་དང་མཉེ་བའི་ཆོ་ག་ལེགས་པར་སྤྱོད་པར་བྱེད་པ་དེས་ནི། རྒས་ཀ་སྲ་ཞིང་ཚེ་འཕེལ་བ། གཉིད་ཁུག་ཅིང་དབང་པོ་གསལ་བ། སྟོབས་རྒྱས་ཤིང་པགས་པ་འཇམ་པ། ལུས་ངལ་བའི་ནད་དང་། རླུང་གི་ནད་ཀྱང་འཇོམས་པར་བྱེད་པ་བཅས་ཡིན་ཞིང་། རྒྱུ་མཚན་དེས་ན། མགོ་བོ་དང་། རྐང་ལག་གི་མཐིལ་བཞི་ལ་རྩའི་སྣེ་མོ་ཡོད་པས་བསྐུ་ཞིང་བྱུག་པ་དང་། རྣ་བ་ཡང་རླུང་གི་གནས་ཡིན་པས་འབྲུ་མར་གྱིས་དགང་བ་སོགས་སྣུམ་གྱི་ཆོ་ག་ཡང་ཡང་བྱའོ། ། 8.རྩོལ་བ་སྤྱད་ཐབས་ནི། རྩོལ་བས་རན་པར་བཅག་པར་བྱས་ན། དེས་ནི་ལུས་ཁམས་ཡང་ཞིང་ཚིལ་འབྲི་བ་དང་། ལུས་ཀྱི་སྐབས་ཕྱེད་དེ་ལུས་ཀྱི་སྟོད་སྨད་ལ་སོགས་པའི་སྦོམ་ཕྲའི་ཆ་སྙོམས་པ་སྟེ། ཆ་རྣམས་སོ་སོར་འབྱེད་པས་ན་སྐྱེ་མཆེད་གཙང་ཞིང་ལྷག་པར་ཕོ་བ་ལ་སོགས་པའི་མེ་དྲོད་ཀྱི་ཆ་ཤས་ཐམས་ཅད་རྒྱས་པ་དང་མཁྲེགས་ཞེས་ལུས་སྲ་ཞིང་གྲིམ་ལ་བརྟན་པས་སྒོ་གསུམ་གྱི་ལས་གང་ཡང་བྱེད་ནུས་པ་སོགས་ཀྱི་རྒྱུ་ནི་གང་ལས་བྱུང་བ་ཡིན་ཞེ་ན་ལུས་ཀྱི་རྩོལ་བ་ཡང་དག་ལས་འབྱུང་བར་འགྱུར་བ་ཡིན་ནོ། །རྩོལ་བ་ཡང་དག་ཅེས་པ་ནི། མི་རྔུལ་བཅག་པ་སྤྱོད་ལམ་མཆོག་ཡིན་ནོ། ། ཞེས་པའི་དོན་ནོ། །ཧ་ཅང་ཐལ་དྲགས་པ་ནི་མ་ཡིན་པའོ། ། ཧ་ཅང་ཐལ་དྲགས་ན་ལོག་པའི་སྐྱོན་དུ་འགྱུར་བས་གོང་གི་ཡོན་ཏན་དེ་རྣམས་ལས་གཞན་དུ་གྱུར་ཏེ། ལུས་ཟུངས་ཟད་པ་དང་། ལོག་པའི་རྩོལ་བས་བརྡབ་ཆག་གམ་འགྲམས་འཁྲུགས་སྐྱེད་པས་ན་དེའི་ལུས་མ་རུངས་པར་འགྱུར་རོ། ། དམིགས་བསལ་དུ་རྒན་པོ་དང་བྱིས་པ་དང་། རླུང་གི་ནད་དང་། མཁྲིས་པའི་ནད་དང་། དེ་གཉིས་ཀ་ལྡན་པའི་ནད་ཅན་གྱི་མི་རྣམས་ཀྱིས། རྩོལ་བཅག་ཐལ་དྲགས་པ་དེ་སྤང་བར་བྱའོ། ། དེ་ལྟར་བྱིས་པ་སོགས་མ་ཡིན་པའི་མི་སྟོབས་དང་ལྡན་ཞིང་ཁ་ཟས་སྣུམ་བག་ཤས་ཆེར་ཟ་བ་རྣམས་གཞན་དགུན་དང་དཔྱིད་ཀའི་དུས་སུ་རྩོལ་བཅག་འབད་པས་བསྟེན་པར་བྱ་ཞིང་། ལྷག་པར་དུ་ནད་ཁམས་བད་ཀན་ཅན་གྱི་མིས་ནི་རྩོལ་བཅག་འབད་པ་ཆེན་པོས་བསྟེན་པར་བྱའོ། ། 9.དྲིལ་ཕྱིས་བྱ་ཐབས་ནི། དེ་ལྟར་བསྐུ་བྱུག་དང་། རྩོལ་བཅག་བྱས་པའི་རྗེས་སུ། སྲན་ཕྱེ་སོགས་ཀྱིས་འཕུར་ཏེ་དྲིལ་ཞིང་ཕྱིས་པས་བད་ཀན་སེལ་ཞིང་ཚིལ་འཇུ་བར་བྱེད་པ་དང་། པགས་པའི་མདོག་ཀྱང་དྭངས་ཤིང་གསལ་བ་ཡན་ལག་རྣམས་ཀྱང་བརྟན་ཞིང་མཉེན་པར་བྱེད་པའི་མཆོག་ཡིན་པས་ན་དེ་ལྟར་བསྟེན་པར་བྱའོ། ། 10.ཁྲུས་བྱ་ཐབས་ནི། ཆུ་གཙང་དྲོ་འཇམ་དུ་ཞུགས་ཏེ་ལུས་ཡང་ནས་ཡང་དུ་འཁྲུས་ཤིང་དག་པར་བྱེད་པ་དང་། ལྷག་པར་སྟོན་ཟླ་བརྒྱད་པ། སྐར་མ་རི་ཥི་འཆར་ནས་ཆུ་ཀླུང་ནུས་པ་ཅན་དུ་གྱུར་པའི་ཚེ་ན་ཁྲུས་བྱས་པས་རོ་ཙ་བ་དང་། ལུས་ཕྱི་ནང་གི་དྲོད་སྐྱེད་པ་དང་སྟོབས་ཆེ་ཞིང་། ཚེ་དང་གཟི་མདངས་སྐྱེད་པར་འགྱུར་ལ། པགས་པ་བད་ཀན་གྱིས་གཡའ་ཞིང་མཁྲིས་པས་རྡུལ་བས་ལུས་ལས་དྲི་ང་བ་བྲོ་བ་དང་། གཞན་ཡང་རླུང་གིས་དྲི་མ་ཆགས་ཤིང་ལུས་སྙོམས་པ་སྟེ་སྐྱིད་པ་སྐྱུར་ཏེ་ལུས་འགུལ་སྐྱོད་བྱེད་སྙིང་མི་འདོད་པ། ཁྲག་གིས་ཁ་སྐོམ་པ་དང་ལུས་ཀྱི་ཚ་བ་རྣམས་ཁྲུས་བྱས་པས་སེལ་བར་ནུས་པ་ཡིན་ནོ། ། འོན་ཀྱང་ཆུ་དྲོན་གྱིས་མགོ་བོ་བཀྲུས་པ་ཡིན་ན། སྐྲ་དང་མིག་གི་སྟོབས་འཕྲོག་པ་སྟེ། སྐྲ་བྱི་བ་དང་། མིག་གི་རྒྱལ་མོའི་མདངས་ཉམས་པ། འདིར་བཤད་པའི་ཆུ་དྲོན་ནི། གཙོ་བོ་རང་བྱུང་ཆུ་ཚན་གྱི་ནང་ལ། སྐུ་དང་མིག་གཉིས་བཀྲུ་མི་ཉན་པར་མ་ཟད། སྤྱིར་བཏང་གི་ཆུ་ཚ་བོས་ཀྱང་བཀྲུ་མི་ཉན་པར་བསྟན་པ་ཡིན། ཁྱད་པར་ཚད་པས་འཁྲུ་བ་དང་ལྟོ་བ་སྦོས་པའི་སྐབས་སུ་ཆུ་ཚ་གྲང་གང་གིས་ཀྱང་བཀྲུ་མི་རུང་། གཞན་ཡང་ཆམ་པ་ཕོག་པ། མ་ཞུ་བས་བཏབ་པ། སྣ་ནད་ཅན་དང་། མིག་ནད་ཅན་ཟས་ཟོས་མ་ཐག་པ་བཅས་ལ་ནི། མགོ་ཙམ་དུ་མ་ཟད་ལུས་ཀུན་ལ་ཁྲུས་བྱ་བ་སྤངས་དགོས་པར་བསྟན་པ་ཡིན་ནོ། ། 11.མིག་ནད་སྦྱོང་ཐབས་ནི། མིག་ནི་མཆིན་པ་དང་འབྲེལ་འབྱོར་རམ་མེ་ཏོག་ཡིན་པའི་དོན་གྱིས་མེ་ཡི་ཁམས་སམ་རང་བཞིན་ཡིན་པས་དེས་གསལ་ཞིང་མཐོང་བའི་བྱ་བ་བྱེད་པ་ཡིན་མོད། མེའི་སྟོབས་ལྷག་པར་འཕེལ་དྲགས་པ་ཡིན་ན། དེས་བད་ཀན་ཚིམ་བྱེད་ས་ཆུའི་རང་བཞིན་དེ་འཇིག་ནས་སྐེམ་པར་བྱས་ཏེ། མིག་གི་སྐམ་ཚག་དང་གཉན་ཚད་རྒྱས་པར་བྱེད་པས་ན་མིག་གི་ནང་དུ་མཆི་མ་སྐྱེ་ཞིང་འཛག་ནས་མིག་གི་གཉན་ཚད་དང་སྐམ་ཚག་མི་སྐྱེ་བའི་ཕྱིར་དུ། མིག་སྨན་སྐྱེར་པའི་ཁཎྜ་ཆུ་གཙང་དུ་སྦྱངས་ནས་རྟག་ཏུ་ཞག་བདུན་རེ་ལོན་ཚེ་ཉིན་རེ་ཐེངས་རེ་བླུགས་ཏེ་མིག་གི་ནང་སྐམ་ཚག་དང་གཉན་ཚད་མི་ཡོང་བའི་སྔོན་འགོག་དང་། མིག་གི་བཅུད་ལེན་དུ་འགྱུར་བའི་ཐབས་ལ་འབད་པར་བྱའོ། ། དེའང་བསྡུས་པར། དེ་ནི་མེ་ཡི་རང་བཞིན་ཏེ། ལྷག་པར་བད་ཀན་ལ་འཇིགས་པས་(འདི་བོད་ཀན་ས་ཆུའི་རང་བཞིན་ལ་གནོད་པས། ཞེས་པའི་དོན་ཡིན་ནམ་སྙམ)། མཆི་མ་འཛགས་ཕྱིར་སྐྱེར་ཁཎྜ། ། ཞག་བདུན་རེ་ནི་བླུགས་པར་བྱ། ། ཞེས་གསུངས་པ་ལྟར་རོ། ། ཡང་གོ་བ་ལེན་ཚུལ་གཞན་ཞིག་དུ་མིག་ནི་མེ་ཡི་རང་བཞིན་ཅན་ཡིན་པས། དེ་དང་ཆོས་མི་མཐུན་པས། བད་ཀན་ས་ཆུའི་རང་བཞིན་ཅན་དེ་འཇིག་ཅིང་གནོད་པར་བྱེད་པས་བད་ཀན་དེ་མཆི་མའི་རྣམ་པས་ཕྱིར་འཛགས་པར་བྱེད་པའི་ཆེད་དུ་མིག་སྨན་སྐྱེར་པའི་ཁཎྜ་ཞག་བདུན་རེ་བཞིན་བླུགས་པར་བྱའོ། ། ཞེས་བཤད་པའང་ཡོད་དོ། ། 12.ནད་ཀྱི་ཇག་པ་སྲུང་ཐབས་ནི། རྒྱུན་བསྲིངས་ནས་བཅོས་ལོང་མེད་ཅིང་། སྲོག་ལ་གློ་བུར་དུ་རྒོལ་བའི་དགྲ་བོ་མི་བཟད་པ་སྟེ། རྒྱུད་ཆུང་དུ། ཕོ་ལོག ཞྭ་ལོག གག་པ། ལྷོག་པ། སྣ་ཁྲག་མང་དུ་ཤོར་བ་ལྔ། བྱང་པས། ཐ་མའི་ཚབ་ཏུ། གཟའ་ནད། ཅེས་པ། གང་ལྟར་དེ་ལྟ་བུའི་ནད་ཀྱི་ཇག་པ་དགྲ་བོ་མི་བཟད་པ་ལྔ་པོ་དེ་སྲོག་གི་གཤེད་དུ་ནམ་འོང་ཆ་མེད་ཡིན་པས། དེ་རྣམས་སོ་སོའི་གཉེན་པོ་འགོག་བཅོས་ཀྱི་ཐབས་གཞུང་དང་མན་ངག་ཟབ་མོ་ལས་ཇི་ལྟར་བྱུང་བ་རྣམས་(སྨན་སྔགས་དཔྱད་ཆས་)དགྲ་བོ་ལ་འགོག་སྲུང་སྐྱེལ་མའི་ཚུལ་དུ་ལུས་ལ་བཅང་ཞིང་དུས་རྒྱུན་དུ་བསྟེན་པར་བྱའོ། ། ཡང་། སྙིང་པོ་བསྡུས་པར། འབྱུང་པོ་དུག་དང་རླུང་ དང་མེ། ། མཚོན་རྒྱས་ཆག་གྲུམ་བཙོག་འབྱུང་དང་། ། འདོད་ཆགས་ཞེ་སྡང་འཇིགས་སོགས་གང་། །གློ་བུར་ནད་ཡིན་འཛེམས་པར་བྱ། ། ཞེས་གསུངས་པའང་ཡོད། ། 13.ཆ་མཉམ་སྤྱད་པར་གདམས་པ་ནི། དེ་ལྟར་བཤད་ཟིན་པའམ། འཆད་འགྱུར་གྱི་བྱ་བ་ཀུན་ཀྱང་། སྣེ་གཅིག་གམ། ཉི་མ་གཅིག་གཉིས་ཙམ་མ་ཡིན་པར། དུས་དང་རྣམ་པ་ཀུན་ཏུ་སྤང་བླང་གི་བྱ་བ་མ་འཛོལ་བར་སྙོམས་པར་ཏེ་ཕྱོགས་རིས་མེད་པར་སྤྱད་པར་བྱའོ། ། 14.དེ་རྣམས་ཀྱི་ཕན་ཡོན་བསྟན་པ་ནི། དེ་ལྟར་བསྟན་པའི་སྤྱོད་ལམ་རྣམས་མ་འཛོལ་བར་ཇི་ལྟ་བ་བཞིན་དུ་བདག་རང་ཉིད་ཀྱིས་ནི་དུས་ཉིན་མོའམ་མཚན་མོ་སྤྱོད་ལམ་འགྲོ་བའམ་འདུག་པ་གང་བྱེད་ཀྱང་། ཐང་རེ་བ་མ་ཡིན་པར་རྟག་ཏུ་སྤང་བླང་གི་གནས་མི་བརྗེད་པའི་དྲན་པ་ལ་ཡིད་ཉེ་བར་འཇོག་ཐུབ་པ་བྱུང་ན། ནད་སོགས་སྡུག་བསྔལ་མཐའ་དག་རྒྱང་རིང་དུ་བསྲིང་བའི་བདེ་བའི་རང་བཞིན་ལ་ལོངས་སྤྱོད་པར་འགྱུར་རོ། ། གལ་ཏེ་དེ་དག་ལས་ཉམས་ན་སྐྱོན་ཐམས་ཅད་འབྱུང་བའི་ཚུལ། བཤེས་སྤྲིངས་ལས། དབང་ཕྱུག་ལུས་རྟོག་དྲན་པ་བདེ་གཤེགས་ཀྱིས། ། བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན། ། དེ་ནི་བསྒྲིམས་ནས་མངོན་པར་བསྲུང་བགྱི་སྟེ། ། དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། ། ཞེས་གསུངས་པ་ལྟར་རོ། །

Tibetan Source 《རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་》དེབ་དང་པོ་ཤ་297.12ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number