10523

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བསྒོམས་པ་ལས་བྱུང་བའི་སའི་རྣམ་པར་གཏན་ལ་དབབ་པ་རྣམ་པ་བཅུ་དྲུག
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།

1.ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཡིད་ལ་བྱེད་པ་བསྒོམ་པ་ནི། འདི་ལྟར་འདི་ན་ཉན་ཐོས། ཉན་ཐོས་ཀྱི་ཆོས་ཉིད་ལ་གནས་པ། ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་ཞུགས་པའམ། ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་མ་ཞུགས་པ། སེམས་ཅན་གྱི་དོན་ལ་མི་ལྟ་བ། བདག་གི་དོན་ལ་ལྟ་བ་ལ་ལ་རྣམ་པར་རྣམ་པར་གཞག་པའི་བདེན་པ་ཡིད་ལ་བྱེད་པའི་སྒོ་ནས། དེ་བཞིན་ཉིད་ལ་རྗེས་སུ་ཞུགས་ནས་སོ་སོ་རང་གི་ཆོས་ཀྱི་དམིགས་པ་དཔག་ཏུ་ཡོད་ཅིང་ཡོངས་སུ་ཆད་པ་སྐྱོ་བ་དང་། འདོད་ཆགས་དང་བྲལ་བ་དང་། རྣམ་པར་གྲོལ་བའི་རྣམ་པ་ཡིད་ལ་བྱེད་པ་སྲེད་པ་ཟད་པར་བྱ་བའི་ཕྱིར་སྒོམ་པར་བྱེད་པ་དེ་ནི། ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཡིད་ལ་བྱེད་པ་བསྒོམ་པ་ཞེས་བྱའོ། ། 2.ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་བསྒོམ་པ་ནི། འདི་ལྟར་འདི་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཆོས་ཉིད་ལ་གནས་པ། ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་ཞུགས་པ་མ་ཞུགས་པའམ། ཡང་དག་པ་ཉིད་དུ་སྐྱོན་མེད་པ་ལ་ཞུགས་པ། བདག་གི་དོན་དང་། གཞན་གྱི་དོན་ལྟ་བ་ལ་ལ་རྣམ་པར་བཞག་པ་དང་། རྣམ་པར་མ་བཞག་པའི་བདེན་པ་ཡིད་ལ་བྱེད་པའི་སྒོ་ནས། དེ་བཞིན་ཉིད་ལ་རྗེས་སུ་ཞུགས་ནས། སོ་སོ་རང་གི་ཆོས་ཀྱི་དམིགས་པ་དཔག་ཏུ་མེད་ཅིང་ཡོངས་སུ་མ་ཆད་པ། སྙིང་རྗེའི་དབང་དུ་བྱས་ནས་སེམས་ཅན་གྱི་དོན་བྱ་བའི་ཐབས་ཀྱིས་ཡོངས་སུ་ཟིན་པའི་བླ་ན་མེད་པའི་གོ་འཕང་གནོན་པའི་རྒྱུར་གྱུར་པའི་ཡིད་ལ་བྱེད་པ། བདག་དང་གཞན་གྱི་སྲེད་པ་ཟད་པར་བྱ་པའི་ཕྱིར་བསྒོམ་པར་བྱེད་པ་དེ་ནི་ཐེག་པ་ཆེན་པོ་དང་ལྡན་པའི་ཡིད་ལ་བྱེད་པ་བསྒོམ་པ་ཞེས་བྱའོ། ། 3.གཟུགས་བརྙན་བསྒོམ་པ་ནི། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་རྣམ་པར་རྟོག་པ་དང་བཅས་པ། ལྷག་མཐོང་གི་ཕྱོགས་དང་མཐུན་པ་ཡིད་ལ་བྱེད་པའམ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ཤེས་བྱའི་དངོས་པོ་དང་ཆ་མཐུན་པ་རྣམ་པར་མི་རྟོག་པ་ཞི་གནས་ཀྱི་ཕྱོགས་དང་མཐུན་པ་ཡིད་ལ་བྱེད་པའི་བསྒོམ་པ་གང་ཡིན་པ་དེ་ནི་གཟུགས་བརྙན་བསྒོམ་པ་ཞེས་བྱའོ། ། 4.དངོས་པོའི་མཐའ་བསྒོམ་པ་ནི། ནང་དང་ཕྱི་རོལ་གྱི་ཆོས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་རགས་པ་དང་། ཆ་ཕྲ་བ་ཉིད་དང་ངན་པ་དང་། གྱ་ནོམ་པ་དང་། རྒྱང་རིང་བ་དང་། ཐག་ཉེ་བ་ཉིད་དམ། དེ་བཞིན་ཉིད་ལ་ཇི་སྙེད་ཡོད་པ་ཉིད་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱིས་ཡིད་ལ་བྱེད་པ་བསྒོམ་པ་གང་ཡིན་པ་དེ་ནི་དངོས་པོའི་མཐའ་བསྒོམ་པ་ཞེས་བྱའོ། ། 5.དགོས་པ་ཡོངས་སུ་གྲུབ་པ་བསྒོམ་པ་ནི། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་ནམ། སྙོམས་པར་འཇུག་པའི་དངོས་གཞི་ལ་སྙོམས་པར་ཞུགས་པའི་བསྒོམ་པ་གང་ཡིན་པ་དེ་ནི་དགོས་པ་ཡོངས་སུ་གྲུབ་པ་བསྒོམ་པ་ཞེས་བྱའོ། ། 6.འཐོབ་པ་བསྒོམ་པ་ནི། འདི་ལྟར་འདི་ན་ལ་ལ་བསམ་གཏན་དང་པོ་ལ་བརྟེན་ནས། གལ་ཏེ་མི་རྟག་པའི་འདུ་ཤེས་སྒོམ་པར་བྱེད་དམ། གལ་ཏེ་འཆི་བའི་འདུ་ཤེས་ཀྱི་བར་དུ་སྒོམ་པར་བྱེད་པ་དེ། དེ་ལས་གཞན་པ་རང་གི་ས་པའམ། ས་འོག་མ་པའི་འདུ་ཤེས་མངོན་དུ་མ་གྱུར་པ་དག་གམ། དེས་དྲངས་པ་འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའི་ཡོན་ཏན་དེ་ལས་གཞན་པ་དག་གསལ་བ་དང་། ཆེས་འོད་གསལ་བར་བསྐྱེད་པར་བྱ་བའི་ཕྱིར་སྒོམ་པར་བྱེད་ཅི་། དེ་དག་ལ་ཡང་དབང་དང་ལྡན་པ་འཐོབ་པར་འགྱུར་བ་གང་ཡིན་པ་དེ་ནི་འཐོབ་པ་བསྒོམ་པ་ཞེས་བྱའོ། ། 7.བསྟེན་པ་བསྒོམ་པ་ནི། འདི་ལྟར་འདི་ན་ལ་ལ་མི་རྟག་པ་ལ་སོགས་པ་དགེ་བའི་འདུ་ཤེས་སམ། དགེ་བའི་ཆོས་ཀྱི་གང་དང་གང་ཡིད་ལ་བྱེད་པ་དེའི་བསྟེན་པའི་བསྒོམ་པས་སྒོམ་པར་བྱེད་པ་གང་ཡིན་པ་དེ་ནི་བསྟེན་པ་བསྒོམ་པ་ཞེས་བྱའོ། ། 8.སྤང་བ་བསྒོམ་པ་ནི། འདི་ལྟར་འདི་ན་ལ་ལ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་གྱི་མཚན་མ་ཡིད་ལ་བྱེད་པས། རང་བཞིན་གྱི་མཚན་མ་ཁྱིའུས་ཁྱེའུ་ད་བྱུང་བའི་ཚུལ་གྱིས་མངོན་པར་འབྱིན་པར་བྱེད། མངོན་པར་སེལ་བར་བྱེད། མངོན་པར་སྤྱོད་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་ལ་ལ་ཞིག་གི་ཁྱིའུ་ཆེས་ཕྲ་བས་ཁྱིའུ་ཆེས་སྦོམ་པ་འབྱིན་པར་བྱེད་པ་དེ་བཞིན་དུ། ཤིན་ཏུ་སྦྱངས་པའི་ཚོགས་ཀྱིས་གནས་ངན་ལེན་གྱི་ཚོགས་མངོན་པར་འབྱིན་པར་བྱེད།མངོན་པར་སེལ་བར་བྱེད། མངོན་པར་སྤོང་བར་བྱེད་པ་གང་ཡིན་པ་དེ་ནི་སྤོང་བ་བསྒོམ་པ་ཞེས་བྱའོ། ། 9.གཉེན་པོ་བསྒོམ་པ་ནི། རྣམ་པར་སུན་འབྱིན་པ་གཉེན་པོའམ། སྤོང་བ་གཉེན་པོའམ། ཀུན་ཏུ་འཛིན་པ་གཉེན་པོའམ། ཐག་བསྲིང་བ་གཉེན་པོ་ཡིད་ལ་བྱེད་པའི་བསྒོམ་པ་གང་ཡིན་པ་དེ་ནི་གཉེན་པོ་བསྒོམ་པ་ཞེས་བྱའོ། ། དེ་ལ་རྣམ་པར་སུན་འབྱིན་པའི་གཉེན་པོ་ནི་ཚད་མེད་པ་དག་མ་གཏོགས་པ་འཇིག་རྟེན་པའི་དགེ་བའི་ལམ་ཐམས་ཅད་དང་། རྣལ་འབྱོར་པ་རྣམས་ཀྱི་རྣམ་པར་འཕྲུལ་པ་དང་ལྡན་པའི་ཡིད་ལ་བྱེད་པ་གཞན་གང་ཡིན་པའོ། ། དེ་ལ་སྤོང་བའི་གཉེན་པོ་ནི་དེ་བཞིན་ཉིད་ལ་དམིགས་པ་ཡིད་ལ་བྱེད་པའོ། ། དེ་ལ་ཀུན་ཏུ་འཛིན་པ་གཉེན་པོ་ནི། དེའི་རྗེས་ལས་ཐོབ་པ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལམ་ དང་། རྣམ་པར་གྲོལ་བའི་ལམ་མོ། ། དེ་ལ་ཐག་བསྲིང་བའི་གཉེན་པོ་ནི་ཉོན་མོངས་པ་རྣམས་སྤངས་པའི་དེའི་གཉེན་པོའི་ལམ་ལན་མང་དུ་བྱེད་པ་དང་། ས་གོང་མ་པའི་ལམ་ལན་མང་དུ་བྱེད་པ་གང་ཡིན་པའོ། ། གཞན་ཡང་ཐོས་པ་བསམ་པ་ལས་བྱུང་བའི་ལམ་ནི་སུན་འབྱིན་པའི་གཉེན་པོའོ། །འཇིག་རྟེན་ལས་འདས་པའི་ལམ་ནི་སྤོང་བའི་གཉེན་པོའོ། ། འདིའི་འབྲས་བུ་གནས་གྱུར་པ་ནི་ཀུན་ཏུ་འཛིན་པའི་གཉེན་པོའོ། །འཇིག་རྟེན་པའི་བསྒོམ་པའི་ལམ་ནི་ཐག་བསྲིང་བའི་གཉེན་པོའོ། ། 10.ཉི་ཚེ་བསྒོམ་པ་ནི། མི་རྟག་པའི་འདུ་ཤེས་ལ་སོགས་པ་དགེ་བའི་ཆོས་རྣམས་གང་ཡང་རུང་བ་ཡིད་ལ་བྱེད་པའི་བསྒོམ་པ་གང་ཡིན་པ་དེ་ནི་ཉི་ཚེ་བསྒོམ་པ་ཞེས་བྱའོ། ། 11.ཀུན་དུ་འགྲོ་བ་བསྒོམ་པ་ནི། ཆོས་ཐམས་ཅད་ལ་དེ་བཞིན་ཉིད་རོ་གཅིག་པར་ཡིད་ལ་བྱེད་པའི་བསྒོམ་པ་གང་ཡིན་པ་དེ་ནི་ཀུན་དུ་འགྲོ་བ་བསྒོམ་པ་ཞེས་བྱའོ། ། 12.གཡོ་བ་ཡོད་པའི་བསྒོམ་པ་ནི། མཚན་མ་མེད་པ་བསྒོམ་པ་ལ་ཞུགས་པའི་མཚན་མས་སྐབས་སྐབས་སུ་རྒྱུན་ཆད་པ་དང་བཅས་པའི་བསྒོམ་པ་གང་ཡིན་པ་དེ་ནི་གཡོ་བ་ཡོད་པའི་བསྒོམ་པ་ཞེས་བྱའོ། ། 13.མངོན་པར་འདུ་བྱེད་པ་དང་བཅས་པ་བསྒོམ་པ་ནི། དེ་ཉིད་ལ་ཞུགས་པའི་མངོན་པར་འདུ་བྱེད་པ་ལས་མཚན་མས་རྒྱུན་ཆད་པ་མེད་པར་བསྒོམ་པ་གང་ཡིན་པ་དེ་ནི་གཡོ་བ་ཡོད་པའི་བསྒོམ་པ་ཞེས་བྱའོ། ། 14.གྲུབ་པ་བསྒོམ་པ་ནི། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོས་ཐམས་ཅད་ཀྱི་ཐམས་ཅད་དུ་གནས་གྱུར་པ་ཆོས་ཐམས་ཅད་ལ་དབང་ཐོབ་པའི་བསྒོམ་པ་གང་ཡིན་པ་དེ་ནི་གྲུབ་པ་བསྒོམ་པ་ཞེས་བྱའོ། ། 15.བསྒོམས་པ་ལས་བྱུང་བ་མ་ཡིན་པའི་ཆོས་བསྒོམ་པ་ནི། མཉམ་པར་མ་བཞག་པའི་ས་པ་རྣམས་ཀྱི་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་དགེ་བའི་ཆོས་རྣམས་ཀྱི་བསྒོམ་པ་གང་ཡིན་པ་དེ་ནི་བསྒོམས་པ་ལས་བྱུང་བ་མ་ཡིན་པའི་ཆོས་བསྒོམ་པ་ཞེས་བྱའོ། ། 16.བསྒོམས་པ་ལས་བྱུང་བའི་ཆོས་བསྒོམ་པ་ནི། མཉམ་པར་བཞག་པའི་ས་པ་རྣམས་ཀྱི་དགེ་བའི་ཆོས་རྣམས་ཀྱི་བསྒོམ་པ་གང་ཡིན་པ་དེ་ནི་བསྒོམས་པ་ལས་བྱུང་བའི་ཆོས་བསྒོམ་པ་ཞེས་བྱའོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཞི་པ་》ཤ་223ན་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number