10640

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan འདུལ་བའི་གཞི་བཅུ་བདུན།
Tibetan Alternate
Tibetan Definition དེ་ཡང་། ལུང་གཞི་ལས།

རབ་བྱུང་གསོ་སྦྱོང་གཞི་དང་ནི། ། དགག་དབྱེ་དབྱར་དང་ཀོ་ལྤགས་དང་། ། སྨན་དང་གོས་དང་སྲ་བརྐྱང་དང་། ། ཀོ་ཤམྦྷི་དང་ལས་ཀྱི་གཞི། ། དམར་སེར་ཅན་དང་གང་ཟག་དང་། ། སྤོ་དང་གསོ་སྦྱོང་བཞག་པ་དང་། ། གནས་མལ་དང་ནི་རྩོད་པ་སྟེ། ། དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། ། ཞེས་གསུངས་པའི་གཞི་བཅུ་བདུན་ནི། ཞིབ་པར་འཕྲལ་ན། 1.རབ་བྱུང་གི་གཞི། 2.གསོ་སྦྱོང་གི་གཞི། 3.དགག་དབྱེའི་གཞི། 4.དབྱར་གྱི་གཞི། 5.ཀོ་ལྤགས་ཀྱི་གཞི། 6.སྨན་གྱི་གཞི། 7.གོས་ཀྱི་གཞི། 8.སྲ་བརྐྱང་གི་གཞི། 9.ཀོ་ཤམྦྷིའི་གཞི། 10.ལས་ཀྱི་གཞི། 11.དམར་སེར་ཅན་གྱི་གཞི། 12.གང་ཟག་གི་གཞི། 13.སྤོ་བའི་གཞི། 14.གསོ་སྦྱོང་བཞག་པའི་གཞི། 15.གནས་མལ་གྱི་གཞི། 16.རྩོད་པའི་གཞི། 17.དགེ་འདུན་དབྱེན་གྱི་གཞི་དང་བཅུ་བདུན་ནོ། ། དེ་ཡང་། སྡོམ་པ་མ་ཐོབ་པ་འཐོབ་པར་བྱ་བ་རབ་བྱུང་གི་གཞི་དང་པོ། ། ཞི་གནས་ཀྱི་གསོ་སྦྱོང་དང་མཐུན་པའི་གསོ་སྦྱོང་གི་གཞི་གཉིས་པ། དབྱར་སྔ་ཕྱིའི་དགག་དབྱེའི་གཞི་གསུམ་པ། ཟླ་བ་གསུམ་དབྱར་ཁས་ལེན་པའི་གཞི་བཞི་པ། ས་ཚིགས་ཀྱིས་ཕྱེ་བའི་དབུས་དང་མཐའ་འཁོབ་ཀོ་ལྤགས་འཆང་རུང་མི་རུང་གི་གཞི་ལྔ་པ། ། དུས་རུང་གི་སྨན། ཐུན་ཚོད་ཀྱི་སྨན། ཞག་བདུན་པའི་སྨན། འཚོ་བཅང་གི་སྨན་གྱི་གཞི་དྲུག་པ། ། ཆོས་གོས་རྣམ་གསུམ་སོགས་འཚོ་བའི་ཡོ་བྱད། མཁོ་བའི་ཡོ་བྱད་ཕྲན་ཚེགས་ཏེ་གོས་ཀྱི་གཞི་བདུན་པ། དབྱར་གྲོལ་རྗེས་ལྗོངས་རྒྱུ་ཟླ་བ་ལྔའི་བར་ཆོས་གོས་འབྲལ་སྤང་སོགས་མི་དགོས་པ་བག་ཡང་དང་འབྲེལ་བ་བས་རྐྱང་གི་གཞི་བརྒྱུད་པ། ། མཚམས་ནང་གཅིག་ཏུ་ལས་ཐ་དད་དུ་ཕྱེ་བ་ཀོ་ཤམྦྷི་གཞི་དགུ་པ། གསོལ་བ་འབའ་ཞིག་པའི་ལས་ཉེར་བཞི། གསོལ་གཉིས་ཀྱི་ལས་ཞེ་བདུན། གསོལ་བཞིའི་ལས་སུམ་ཅུ་སྟེ་ལས་བརྒྱ་རྩ་གཅིག་གི་གཞི་བཅུ་པ། ལྟུང་བ་ཕྱིར་བཅོས། ནན་ཏུར་བཅོ་ལྔ་སོགས་ཏེ་དམར་སེར་ཅན་གྱི་གཞི་བཅུ་གཅིག་པ། ལྷག་མ་བཅུ་གསུམ་སོགས་བྱུང་བ་ལ་བསམ་སྦྱོར་མཐར་ཐུག་གང་རུང་གིས་སྦས་ནས་མ་བཤགས་པ། དུས་དང་དུས་མིན་བསྡུས་པ་གང་ཟག་གི་གཞི་བཅུ་གཉིས་པ། སྤོ་མགུ་དབྱུང་གསུམ་བྱ་ཚུལ་སྤོ་བའི་གཞི་བཅུ་གསུམ་པ། ལྟུང་བ་བྱུང་སོང་ཞེས་གླེང་བ་ལས་སྐབས་མི་འབྱེད་པ་དགག་དབྱེ་དང་གསོ་སྦྱོང་ལ་འོང་དུ་མ་བཅུག་པ་གསོ་སྦྱོང་བཞག་པའི་གཞི་བཅུ་བཞི་པ། ། དགེ་འདུན་གྱི་ཀུན་དགའ་ར་བ་ཆེ་ཆུང་བཟོ་བའི་ཚུལ་གནས་མལ་གྱི་གཞི་བཅོ་ལྔ་པ། ཆོས་ཀྱི་ཚིག་དོན་འབྱེད་ཕྱིར་རྩོད་པ། ཆོས་མི་འཆད་པ་མི་གདམས་ཕྱིར་རྩོད་པ། ལྟུང་བ་བྱུང་མ་བྱུང་གླེང་བ་ལྟུང་ཕྱིར་རྩོད་པ། ལས་བྱ་རིགས་མི་རིགས་བྱ་ཕྱིར་རྩོད་པའི་རྩོད་པ་ཕྱིར་བཅོས་ཀྱི་གཞི་བཅུ་དྲུག་པ། འཁོར་ལོའི་དབྱེན་གྱི་གཞི་བཅུ་བདུན་པའོ། ། (1)དེ་ལ་གཞི་དང་པོ་རབ་བྱུང་གི་སྐོར་ཞིབ་ཆ་ཚན་པ་སོ་སོར་བཤད་པས་སྐབས་འདིར་གླེང་མ་དགོས་པ་བྱས། (2)གཞི་གཉིས་པ་གསོ་སྦྱོང་ནི། ཞི་གནས་གྱི་གསོ་སྦྱོང་། མཐུན་པའི་གསོ་སྦྱོང་གཉིས། འདི་ལ་དབྱེ་ན་བཀྲ་ཤིས་ཀྱི་གསོ་སྦྱོང་། གནོད་པ་ཟློག་པའི་གསོ་སྦྱོང་། དབྱེན་ཟླུམ་པའི་གསོ་སྦྱོང་། དུས་འབྲེལ་གྱི་གསོ་སྦྱོང་ནི་ལོ་གཅིག་ལ་བཅོ་ལྔ་པ་བཅོ་བརྒྱད་དང་། བཅུ་བཞི་པ་དྲུག་བཅས་ཁག་བཞི་ཡོད། <1>ཞི་གནས་ཀྱི་གསོ་སྦྱོང་ནི་དབེན་ཞིང་བག་ཕེབས་པའི་གནས་སུ་སྤོང་བ་པའི་ཁང་པ་བརྩིགས་པ་དང་། སྒོམ་པའི་རྟེན་གྱི་གང་ཟག་ཚུལ་ཁྲིམས་དག་ཅིང་འདོད་པ་ཆུང་ཞིང་གདམས་ངག་དང་ལྡན་པས་སྒོམ་བྱ་བའོ། ། སྒོམ་ལ་ལས་དང་པོ་བས་མོས་པ་ཡིད་བྱེད། ཅུང་ཟད་བྱང་བ། ཡིད་བྱེད་རྫོགས་པའི་སྒོམ་ཚུལ་དང་གསུམ་མོ། ། <2> མཐུན་པའི་གསོ་སྦྱོང་ནི།། བློ་མཐུན་བྱས་པའི་གནས་དང་། དགེ་འདུན་གྱིས་ལས་ཀྱི་མཚམས་བཅད་པ་དང་། མཚམས་མེད་པ་གྲོང་གི་ནང་དུ་བྱེད་པ་དང་གསུམ་མོ། ། དེ་ལས། [1]བློ་མཐུན་ལ་ཉེ་འཁོར་འདོམ་གང་ཚད་ཡིན་ནོ། ། [2]ལས་ཀྱི་མཚམས་ལ་ཤར་མཐའ་ནས་ནུབ་མཐའི་བར་དཔག་ཚད་ལྔ་ཡོད་པ། ལྷོ་བྱང་ལའང་འདྲ་བ་མཚམས་པོ་ཆེ་དང་། དེ་ཡི་ནང་དུ་མཚམས་བུ་ཆུང་ངུ་དང་། གདིང་བ་བཞི་བཅུ་བཀྲམ་ནས་ཤོང་པ་དཀྱིལ་འཁོར་བའི་མཚམས་གསུམ། ཡང་དགེ་འདུན་གྱི་ལས་ཀྱི་མཚམས་ལ་བརྩེགས་པ་དང་། རིབ་མ་དང་། ར་བ་དང་། འོབས་དང་། སྟེང་འོག་ཡིན་ན་སྐས་གདངས་བཅུ་གཉིས་དང་། གྱེན་དཀན་ཡིན་ན་ཕྱག་དར་དོར་བའི་བོང་བར་རགས་པ་འབབ་ཚོད་དང་བཅས་པ་མཚམས་ཡིན་ནོ། ། [3]མཚམས་མེད་པ་གྲོང་དང་གྲོང་ཁྱེར་གྱི་ནང་དུ་བ་གླང་དྲུག་དང་ལྡན་པའི་ཤིང་རྟ་རྨིག་མ་ཅན་འདྲེན་པ་དང་། བྱ་གག་འཕུར་བའི་ཚོད་དང་། ར་ལུག་གི་རྐང་རྗེས་ཀྱི་རྡུལ་དང་། མི་ངོ་ཚ་དང་ལྡན་པ་བཤང་བའི་སར་འགྲོ་བའི་ཚོད་ཙམ་ཡིན་ནོ། ། གྲོང་མེད་པའི་དགོན་པ་ལ་ནི་རྒྱང་གྲགས་ཀྱི་མཐའ་ཚུན་ཆད་དུའོ། ། གཎྜི་ཆེ་བ་སོར་བརྒྱ་དང་བརྒྱད། གཎྜི་ཆུང་བ་སོར་བརྒྱུད་ཅུ་གྱ་བཞི། དེ་གཉིས་ཀྱི་བར་ནི་འབྲིང་ཚད་ཡིན། ཁ་ཞེང་སོར་དྲུག སྲབ་མཐུག་སོར་གཉིས། སྤོང་བ་པའི་གཎྜི་ཆུང་བ་སོར་ཉེར་བཞི། སྲབ་མཐུག་ཁ་ཞིང་དག་ཆེ་བ་དང་འདྲའོ། ། རྒྱུ་ནི། འོ་མ་སི། སྟར་ཀ སེང་ལྡེང་། གཎ་གཡོག་ཤིང་དེ་ལས་བྱུང་བའོ། ། དེ་ནི། གཙུག་ལག་ཁང་གི་སྒོ་ཁང་ངམ། དབུས་མའི་སྟེང་དུ་ཁྲི་ལ་འཇོག སྐྱེ་འགགས་གནས་བ།སུམ་དང་བྲལ་བའི་ཆོས་སྐུ་ཡུམ་ཆེན་མོ་ཡིན་པར་མོས། ། རྡུང་མཁན་དགེ་སློང་དགེ་ཚུལ་དང་དགེ་བསྙེན་གྱིས་ཀྱང་བརྡུང་རུང་བར་གསུངས་སོ། ། རྡུང་ཚུལ་ཤང་ཚ་ལན་གསུམ་བྱས། ཆུང་སྐད་ནས་ཆེ་སྐད་ཀྱི་བར་བཅོ་བརྒྱད། ཆེ་སྐད་ནས་ཆུང་སྐད་བར་བཅུ་བདུན་རྒྱུད་གཅིག་ཡིན་པས། རྒྱུད་གསུམ་ཏོག་སྒྲ་གསུམ་སྟེ་བརྒྱུད་དང་བརྒྱད་དམ། རྒྱུད་གཉིས་ཏོག་གསུམ་གང་རུང་བྱའོ། ཤི་བའི་ཕུང་པོ་དུར་ཁྲོད་དུ་བསྐྱེལ་ན་ཏོག་སྒྲ་མེད་པའི་བྱི་བོ་བྱའོ། ། སེར་བ་སོགས་བསྲུང་ན་གང་དགོས་བར་དུ་བརྡུང་ངོ་། ། འདུས་པ་ཤིན་ཏུ་རྒྱ་ཆེ་ན་དུང་སྒྲིལ་མ་དང་། རྔ་བོ་ཆེ་དག་བྱའོ། ། གསོ་སྦྱོང་སྐབས་དངོས་གཞི་སྟོན་པའི་སྐུ་བཤམས། མཆོད་པ་དང་། དཀར་གཏོར་ཆེ་བཞི་སོགས་བྱའོ། ། དགེ་སློང་འདུས་པ་རྣམས་ཀྱིས་བཤག་པར་འོས་པ་བཤགས། བསྡམ་པར་འོས་པ་རྣམས་བསྡམས། བྱིན་གྱིས་བརླབ་པར་འོས་པ་རྣམས་བྱིན་གྱིས་བརླབས་ཏེ། རྒྱུད་ཆགས་གསུམ་པ་ཆོས་བསྒྲགས་པའི་མདོ་སོགས་བྱའོ། ། དེ་ནི་དང་པོར་ཕྱག་འཚལ། བར་དུ་མདོ་འདོན་པ། ཐ་མ་ཀླུ་རྣམ་པ་གཉིས་ཀྱི་མིང་ནས་སྨོས་ཏེ་བསྔོ་བ་བྱ་བ་ལ་ཟེར་རོ། ། དགེ་སློང་སོ་ཐར་མདོ་འདོན་པ་ལ་མཚམས་ལྔ་སྟེ། <1>གླེང་གཞི་དང་། <2>ཕམ་པ། <3>ལྷག་མ། <4>མ་ངེས་པ། <5>རིལ་གྱི་འདོན་པའོ། ། དུས་བརྗོད་ཚུལ། ཁྱིམ་ཞག་རིང་། ཚེས་ཞག་ཐུང་བ་དགུང་མཚམས་སྦྲེལ་ཏེ་གསོ་སྦྱོང་བཅུ་བཞི་པ་ཡོང་བ་ཡིན་ནོ། ། ཟླ་བ་ཤོལ་བྱུང་ཚེ་གང་བྱུང་དེ་ཡི་ཤོལ་གྱི་ཟླ་བའི་ཟེར་བ་ཙམ་མ་གཏོགས་སྔ་མའི་ཟླ་བ་བཞིན་བརྗོད་དོ། ། སོ་ཐར་མདོ་ཡི་གོང་ཙམ་དང་། ཕྱེད་ཙམ་ལ་སླེབས་ཀྱང་གསོ་སྦྱོང་གི་གོ་ཆོད། ནད་པ་དང་མཚམས་པ་ཡིན་ན་ཡོང་དག་ལེན་པ་ཕར་འགྲོ་བ་དང་། གཞན་མཚམས་གཅོད་པའི་ལས་མ་གཏོགས་ཐམས་ཅད་འདུན་པ་འབུལ་ཆོག་གོ། ། (3)གཞི་གསུམ་པ་དབྱར་ཁས་ལེན་ནི།། དགོས་པ་ནི་ཁས་མ་བླང་བའི་ཉེས་པ་ཁེགས་པ། འགྲོ་འདུག་ཉུང་བས་སྲོག་ཆགས་ལ་མི་གནོད་པ། དོན་ཉུང་བ་བྱ་བ་ཉུང་བ་ཐོས་བསམ་འཕེལ་བ་སོགས་དགུ་གསུངས་སོ། ། དགེ་སློང་མ་ཐའང་ལྔ་མེད་པར་གཞི་གསུམ་གྱི་ཕྱག་ལེན་བྱ་མི་རུང་ངོ་། ། རྟེན་ནི་རབ་བྱུང་སྡེ་ལྔ་ཀས་བྱེད་དགོས་པས། ཧོར་ཟླ་དྲུག་པའི་ཚེས་བཅུ་དྲུག དབྱར་ཟླ་འབྲིང་པོའི་ཉ་ཡི་ཕྱི་དེ་ཉིན་གྲོ་བཞིན་ཟླ་བའི་ཚེས་གཅིག་ལ་དབྱར་སྔ་མ་ཟླ་བ་གསུམ་དང་། ཧོར་ཟླ་བདུན་པའི་ཚེས་བཅུ་དྲུག་དབྱར་ཐ་ཆུང་གི་ཉ་ཡི་ཕྱི་དེ་ཉིན་ཁྲུམས་སྟོད་ཟླ་བའི་ཚེས་གཅིག་ལ་དབྱར་ཕྱི་མ་ཟླ་བ་ཧྲིལ་པོ་གསུམ་ཁས་ལེན་པ་ཡིན། ཟླ་བ་གསུམ་ཁས་བླངས་ཀྱང་། ཟླ་བ་གཅིག་དང་ཕྱེད་དང་གཉིས་སོགས་ནས་གློ་བུར་དགག་དབྱེ་རུང་ངོ་། ། དབྱར་བྱིན་བརླབས། ཉིན་གཅིག་ལ་ཞག་གཅིག་དང་། ཞག་དྲུག་ལ་བདུན་སྦྱོར་དགོས་ལ། ཆོས་ལྡན་གྱི་བྱ་བ་དོ་གལ་ཆེ་ན་ཞག་བཞི་བཅུ་ཡང་རུང་ཡང་དགེ་འདུན་ལ་གསོལ་གཉིས་ཀྱི་ལས་ཀྱིས་གནང་བ་ཞུ་དགོས་སོ། ། (4)གཞི་བཞི་པ་དགག་དབྱེ་ནི། ཡུལ་ནི་ཕྱོགས་བཅུའི་དགེ་འདུན་ནོ། ། གང་ཟག་དམིགས་བསལ་དང་ལྟུང་བ་དམིགས་བསལ་འགའ་ཞིག་བཞག་དགོས་བྱུང་ན་མ་གཏོགས་ཕན་ཚུན་ལྟུང་བ་གླེང་བ་མཚོན་བྱེད་རྩྭ་དུར་པ་མདུད་པས་ལྟུང་བའི་དགག་དབྱེ་བྱའོ། ། དགེ་འདུན་སྤྱི་ཐོག་ཏུ་འབུལ་བ་གང་བྱུང་། དབྱར་གྲོལ་བའི་ཕྱི་དེ་ཉིན་དགེ་སློང་ཕ་མ་དང་དགེ་སློབ་མ། མྱུར་དུ་བསྙེན་པར་རྫོགས་མཁན་དགེ་ཚུལ་རྣམས་ཆ་མཉམ་དུ་བགོ། དགེ་ཚུལ་རྣམས་ལ་ཆ་གསུམ་གྱི་ཆ་གཅིག་བྱིན་པ་རྗེས་ཀྱི་དགག་དབྱེ་ཡིན། འབུལ་བ་མ་བྱུང་ན་ཁབ་དང་སྐུད་པས་ཀྱང་རུང་ངོ་། ། (5)གཞི་ལྔ་པ་ཀོ་ལྤགས་ཀྱི་གཞི་ནི། ཆུ་ལ་འཁྱགས་རྒྱུག་པའི་ཡུལ་སོགས་ལ་ཀོ་བའི་ཡུ་བ་མཆིལ་ལྷམ་དང་མིག་ནད་ཅན་ལ་དོམ་ལྤགས་ཀྱི་གདན་ལ་སོགས་པ་གནང་བའོ། ། (6)གཞི་དྲུག་པ་སྨན་གྱི་གཞི་ནི།། རབ་བྱུང་སྡེ་ལྔས་སྔ་དྲོ་ཁོ་ན་སྤྱད་དུ་རུང་བ་འབྲས་ཆན་ཤ་ཕྱེ་ཁུར་བ་སོགས་དུས་རུང་གི་བཟའ་བའོ། ། ཞོ་འོ་མ་ཐུག་པ་ལྡེ་གུ། པདྨའི་རྩ་བའི་ཁུ་བ་སོགས་དུས་རུང་གི་བཏུང་བའོ། ། སྔ་དྲོ་ཕྱི་དྲོ་གཉིས་ཀ་སྤྱད་དུ་རུང་བ་རྩམ་ཐུག་ཤིན་ཏུ་སླ་བ། རུས་ཐང་། ཀ་ར་བུ་རམ་གྱི་ཁུ་བ། དར་བ་ཤིན་ཏུ་སླ་བ། ཇ་ཐང་། ཇ་སོགས་ཐུན་ཚོད་ཀྱི་སྨན་ནོ། ། ཀ་ར། བུ་རམ། འབྲུ་མར། རྩི་མར། ཞུན་མར་འདི་མར་ཁུ་མཁྲེག་པ་ལ་ཟེར་ཞག་བདུན་པའི་སྨན་ནོ། ། སྨན་པས་བྱིན་པ་རླུང་མཁྲིས་བད་ཀན་སེལ་བྱེད་ནི་ཇི་སྲིད་འཚོ་བཅང་གི་སྨན་ནོ། ། ཐུན་ཚོད་ཀྱི་སྨན་ཡིན་ཀྱང་སྲོད་རྒྱུ་སྐར་ཤར་ནས་ཐོ་རངས་རྒྱུ་སྐར་གྱི་བཀྲག་མདངས་མ་ཉམས་བར་དུ་སྤྱད་མི་རུང་ངོ་། ། བྱིན་ལེན་ཁྱིམ་པ། དགེ་ཚུལ། བསླབ་བྱིན་སོགས་ཀྱིས་བྱས་ན་ཆགས་ལ་རྒྱལ་བ་ལྔ་པས་ལོས་ཆོག་གསེར་མདོག་རྣམ་རྒྱལ་དུ་བསླབ་པ་གཡེལ་བས་བསླབ་པ་ལ་མཆོག་ཏུ་བརྩོན་པ་ལ་ཆགས་པར་གསུངས་སོ། ། གླེང་འབུམ་གཤམ་དུ་གླེང་གཞི་ཟུར་ཙམ་ཡོད་དོ། ། བྱིན་ལེན་འཇིག་པའི་རྒྱུ་བཅུ་ཡོད་དེ། དུས་ཀྱི་འཕེན་ཟད་སྔགས་ཚིག་དབྱུང་དང་དོར། ། གཞན་བསྔོས་འཕྲོག་པ་གཡང་འདྲིལ་དངོས་པོ་འགྱུར། ། དགེ་ཚུལ་ཁྱིམ་པས་རེག་དང་དགེ་ སློང་འགྱུར། ། ཞེས་འཇིག་རྒྱུ་བཅུ་དང་། སྤྱིར་ཡོ་བྱད་ཀྱི་བྱིན་བརླབས་འཇིག་པའི་རྒྱུ་བཅུ་ཡོད་དེ། རྟེན་ཉམས་དབྱུང་དང་བརྗོད་དང་བསྔོས། ། བརླག་དང་པང་ལྷུང་བྱུང་བ་དང་། ། བར་པ་གཉིས་ལ་རང་གཞན་སྐྱེས། ། ཡིད་བརྟེན་ཡུལ་ནི་ཤི་བར་ངེས། ། འདི་རྣམས་བྱིན་བརླབས་འཇིག་རྒྱུ་ཡིན། ། ཞེས་གསུངས། ། ཞར་བྱུང་རུང་ཁང་ལྔ་ནི། [1]རྡོ་བཏེགས་པ། ། [2]སེམས་བསྡུས་པ། [3]ལས་ཀྱི་མཐའ། [4]འཕྲུལ་གྱི་རུང་ཁང་། [5]ཤེས་པ་ཆུང་ངུས་བྱིན་གྱིས་བརླབས་པའི་རུང་ཁང་དང་ལྔའོ། ། རུང་ཁང་ནི་དགེ་འདུན་གྱི་ཟས་ཐམས་ཅད་འཇོག་ས་ལ་ཟེར་ཞིང་། མེ་ཁང་ཡིན་མི་དགོས་སོ། ། བསྲོ་ཁང་ངམ་བདུག་ཁང་ནི། དགུན་མལ་གྱི་འོག་ཏུ་སོལ་མེ་བཞག་པའམ། དུ་བ་ཡོད་པ་ལ་ཟེར། ཕན་ཡོན་ནི། རྔུལ་བའི་དྲི་མ་དག་པ། པགས་པའི་མདངས་གསལ་བ། པགས་ནད་སེལ་བ། རླུང་དང་བད་ཀན་སེལ་བ། ནད་མེད་པ། སྐྱོ་ཤས་ཆེ་བ་རྣམས་སོ། ། ཁྲུས་ཁང་ནི་སོ་ཕག་གི་ཁྲུས་དོང་། ཁྲུས་ཚར་རིམ་བཞིན་ཁྲུས་ཆུ་འབོ་བའི་གཏོར་ཁུངས་སོ། ། ཁྲུས་ལ་ལེགས་སྦྱར་གྱི་ཁྲུས་དྲི་མ་འདག་རྫས་མང་པོ་དགོས་པ་དང་། ཁྲུས་རང་ག་བ་གཉིས་སོ། ། རྒྱུ་མཐུན་ཟག་པ་དོར་བའི་སྣབས་ཕྱིས་ཁང་ནི། གཙུག་ལག་ཁང་གི་རྒྱབ་དང་། ནུབ་ཕྱོགས་སུ་གཙུག་ལག་ཁང་ལ་མ་འབྱར་བ་དང་། ཉེ་འཁོར་ཤིང་ཚེར་མ་ཅན་མང་དུ་བཙུག་པ་དགོས་གསུངས་སོ། ། ལྷུང་བཟེད་ནི། རྒྱུ་རུང་བ་ས་རྡོ་ལྕགས་གང་རུང་། ཁ་དོག་བྱ་རོག་མིག་བཞིན། དབྱིབས་སྒོ་ང་ཕྱེད་བཀས་པ་ལྟ་བུ། ཆེ་ཚད་འབྲས་ཡ་འཁྱོར་རེ་གསུམ། ཆུང་ཚད་ཡ་འཁྱོར་ཕྱེད་སོ་གཉིས། དེ་ཡི་བར་གང་རུང་ནི་འབྲིང་ཚད། ཆུང་ཚད་འདི་དགེ་སློང་མ་རྣམས་ཀྱི་ཡང་ལྷུང་བཟེད་ཡིན་ནོ། ། འཁར་གསིལ་ནི། ཡས་མན་ལྕགས། བར་ཤིང་སྟེ་བསླབ་པ་གསུམ་མཚོན། སྟོད་ཟུར་བརྒྱད་འཕགས་ལམ་ཡན་ལག་བརྒྱུད། སྨན་ཟུར་བདུན་བྱང་ཆུབ་ཡན་ལག་བདུན། རྭ་བཞི་བདེན་པ་བཞི། རྭ་རེ་ལ་ཨ་ལོང་གསུམ་གསུམ་གསུང་རབ་ཡན་ལག་བཅུ་གཉིས། རྭ་ནང་རྩེ་མོའི་མཆོད་རྟེན་གཉིས་ཀྱིས་ཆོས་སྐུ་གཟུགས་སྐུ། ཞིང་པའི་རྒྱ་མདུད་ངན་སོང་སྒོ་འགེགས། བར་གྱི་ལྕགས་ཀྱུས་ངན་སོང་གནས་ནས་འདྲེན་པ་མཚོན་པར་གསུངས། དབྱེ་བ་ནི་འདས་པའི་སངས་རྒྱས་འོད་སྲུང་གི་རྭ་གཅིག་མ། མ་བྱོན་སངས་རྒྱས་བྱམས་པ་མགོན་པོའི་རྭ་གཉིས་མ། ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པའི་རྭ་བཞི་མ་རྣམས་སོ། ། གསེག་ཤང་། བསོད་སྙོམས་བསླབ་བའི་བརྡ་གོ་བྱེད། གསིལ་བྱེད། འཁར་གསིལ་རྣམས་དོན་གཅིག རྒྱུ་བཟང་པོ་མ་ཡིན་པའི་ཁབ་རལ། ཁབ་ཤུབས། ཁ་གཟར་ནི་ལྕགས་ཁེམ་མམ་ཐུར་མའོ། ། ལྕགས་ཀྱི་འཕྲུག་བྱེད་ནི་ཤིག་ཟ་བ་འཕྲུག་པ་ལ་ཟེར་རོ། ། (7)གཞི་བདུན་པ་གོས་ཀྱི་གཞི་ནི། སྣམ་སྦྱར། བླ་གོས། རྡུལ་གཟན། རྡུལ་གཟན་གྱི་གཟན་ཡར་མར་ཁྲུ་གསུམ། ས་ཕན་ཚུན་དཀྱུས་སུ་ཁྲུ་ལྔའོ། ། བ་མཐང་གོས། ཤམ་ཐམས། ཤམ་ཐབས་ཀྱི་གཟན་ཡར་མར་ཁྲུ་དོ་དཀྱུས་སུ་ཁྲུ་ལྔའོ། ། ལུས་ཧ་ཅང་སྦོམ་པར་ཁ་དཔུང་ཚད་ཁྲུ་དོ་བསྣན་སྒྲོག་གིས་སྦྲེལ་བའོ། ། གདོང་ཕྱིས་གྲུ་བཞི་ཁྲུ་གང་། རྣག་གཟིན། རྣག་ནད་ཅན་གྱིས་གང་འདོད་བྱེད། ། གཡན་པ་དགབ་པ་ཁྲུ་དྲུག་ཡར་མར་ཁྲུ་དོ། སྐྲ་བཟེད་ཁྲུ་ཕྱེད་དཀྱུས་ཁྲུ་གསུམ། དབྱར་གྱི་གོས་རས་ཆེན་དཔངས་སུ་ཁྲུ་གསུམ་སོར་བཅོ་བརྒྱད། དཀྱུས་ཁྲུ་དགུའོ། །གདིང་བ་ཁ་ཞེང་ཁྲུ་དོ་སོར་དྲུག ཡས་མན་ཁྲུ་གསུམ། གཟུགས་ཧ་ཅང་རིང་ན་ཁྲུ་ཕྱེད་དང་དོ་བསྣན་པར་གནང་བའོ། ། བའོ། ། བླ་གོས་སྣམ་ཕྲན་བདུན་གླེགས་བུ་ཕྱེད་དང་གསུམ། མཐང་གོས་སྣམ་ཕྲན་ལྔ་གླེགས་བུ་ཕྱེད་དང་གཉིས། སྣམ་སྦྱར་རབ་འབྲིང་དགུའོ། ། སྣམ་ཕྲན་རབ་ཉེར་ལྔ་པ། འབྲིང་བཅོ་ལྔ་པ། ཐ་མ་དགུ་པ་སོགས་མང་ངོ་། །གླེགས་བུ་རབ་གསུམ་ལ་ཕྱེད་དང་ལྔ། འབྲིང་གསུམ་ལ་ཕྱེད་དང་བཞི། ཐ་མ་གསུམ་ལ་ཕྱེད་དང་གསུམ་པའོ། ། གླེགས་བུའི་ཚད་ནི་བྱ་རོག་གི་མཐོའམ་ཐ་ན་སོར་གཅིག་གཉིས་ཀྱིས་ཀྱང་རུང་གསུངས་སོ། ། དཔག་བསམ་ཤིང་ལས་བྱུང་བ་ར་བལ་རྔ་བལ་མི་རུང་། ཚོས་ཆེན་བརྒྱད་མི་རུང་། བལ་ད་། རས་དང་། རྩྭ་དང་། ཟར་མའི་ཡུ་བ་ལས་བྱུང་བ་རུང་ངོ་། །སྔོན་པོ་དང་། བཙག་དང་། ངུར་སྨྲིག་རྣམས་རུང་ངོ་། ། རྒྱ་གར་ན་སྔོན་པོ་རུང་། བོད་ན་དམར་པོ་རུང་བ་ཡུལ་དུས་ཀྱིས་འགྱུར་བའོ། ། དེ་དག་མཁོ་བའི་ཡོ་བྱད་དམ་འཚོ་བའི་ཡོ་བྱད་ཟེར་རོ། ། འཚོ་བའི་ཡོ་བྱད་ཕྲན་ཚེགས་ནི། ཞྭ་སྐེ་རགས། ལྷམ་དང་ལྷམ་སྒྲོག སྤོང་བ་བསམ་གཏན་པའི་པུས་འཁྱུད། གཏུར་བུ་ཞེས་པ་ཆོས་གོས་ཀྱི་ཤུབས་སམ་ཡོ་བྱད་རྣམས་འཇུག་ས་རྣམས་སོ། ། མཁོ་བའི་ཡོ་བྱད་ཕྲན་ཚེགས་ནི། ཆོས་གོས་སོགས་ཀྱི་རྒྱུ། སྣམ་རས་གང་ཡོད། རིང་འགག མལ་ཆས་རྣམས་སོ། ། ལྷག་པའི་ཡོ་བྱད་ནི། རྒྱལ་པོའི་སྲས་ལྟ་བུ་སྐྱིད་བདེ་བ་རབ་ཏུ་བྱུང་བ་དང་། ཤིག་དང་སྲོ་མ་མང་བ། གོས་དྲི་མ་ཆགས་ཆེ་བ་རྣམས་ལ་གོས་ལྷུག་པོ་གནང་བའོ། ། རྒྱུའི་བྱིན་རླབས་དཀར་པོ་དང་སྨན་ཁ་མི་རུང་སྟེ་སླར་ཁ་བསྐང་ནས། ཆོས་གོས་བཟོ་རུང་ཐ་ན་ཕྱོགས་བཞི་ཆར་ཁྲུ་ལོང་པ་དགོས་སོ། ། ལྷག་མ་བྱིན་རླབས་མཁན་པོ་ལ་བཅོལ་ཡོད་པའི་བསམ་པ་བྱེད་དགོས་ཤིང་། ཞིང་གཤེགས་ན་དགེ་སློང་གཞན་ལ་དེ་ལྟར་བྱེད་དགོས། ཡུལ་ཐག་རིང་ནས་གཤེགས་པ་མ་ཐོས་ཚེ་བྱིན་རླབས་མི་འཇུག་གོ། གསེར་དངུལ་སོགས། སྦྱིན་བདག་དང་། ཞལ་ཏ་བ་བདག་པོར་མོས་པ་དང་། ཆོ་གས་བྱིན་རླབས་བྱ་ཚུལ་དང་གསུམ་མོ། ། (8)གཞི་བརྒྱད་པ་ནི། བས་རྐྱང་གདིང་བ་ནི་བོད་ལ་མ་དར་ཞིང་། ཡུལ་དུས་ཀྱི་དབང་གིས་མཛད་ཀྱང་མི་རུང་གསུངས་སོ། ། རྒྱ་གར་ལྟ་བུ་ལ་གདིང་ཚུལ་ནི། དབྱར་གནས་པའི་དགེ་སློང་རྣམས་སྤྱི་འབུལ་བྱུང་བའི་ཆོས་གོས་རྣམ་གསུམ་གསར་པ། གཟེབ་ཀྱི་སྤྲོག་མར་ལེགས་པར་བརྐྱང་ལ། འདུ་ཁང་ལྟ་བུའི་ཕུགས་སུ་གཅེས་སྤྲས་ཆེན་པོས་འཇོག་ཅིང་། སྲུང་མཁན་དགེ་སློང་གཅིག་བསྐོས། ཟླ་བ་ལྔ་ཡི་བར་དུ་ལྗོངས་རྒྱུར་འགྲོ་མཁན་རྣམས་ཀྱིས་ཆོས་གོས་རྣམ་གསུམ་གྱི་བྱིན་རླབས་དེར་སྤོས་ནས་བཞག་པས་སྣམ་སྦྱར་ཁུར་མི་དགོས་ཤིང་། བླ་གོས་མཐང་གོས་རྣམས་ཀྱང་ལྟུང་བ་བསྲུང་མི་དགོས་པ་བཅུ་ཡོད་དེ། [1]འཚང་བ། [2]འབྲལ་བ། [3 ]འཇོག་པ། [4]ཡང་ཡང་ཟ་བ། [5]འདུས་ཟས་ཟ་བ། [6 ]ཕྱི་དྲོ་གྲོང་དུ་འགྲོ་བ། [7]མི་སྨྲ་པོར་འགྲོ་བ། [8]གོས་ཐོབ་ཚད་བླང་ཆོག་པ། ། [9]རྙེད་པ་ཐུན་མོང་བ་ཡིན་པས་གོས་དུ་མ་འཆང་དུ་རུང་བ། [10]སྣམ་སྦྱར་མེད་པར་ལྗོངས་རྒྱུར་རུང་བ་དང་བཅུའོ། ། ལྗོངས་རྒྱུར་འགྲོ་མཁན་ལ་མཚམས་ལ་རེ་བ་ཡོད་པ་བརྒྱུད། མེད་པ་བརྒྱུད། ཐེ་ཚོམ་ཟ་བ་བརྒྱད། རྙེད་པ་ཐོབ་པ་ཐེ་ཚོམ་ཟ་བ་དྲུག་སྟེ། མ་མ་སུམ་ཅུ་དགོས་ཟེར་ལ། དེ་ནི་འདི་ལོ་ལྟ་བུ་དབྱར་གནས་པ་ལ། ལོ་ཕྱི་མའི་ནང་དུ་གནས་དེར་འདུག་མི་འདུག་དང་། ལྗོངས་རྒྱུར་ཟླ་བ་ལྔ་འགྲོ་རིང་གི་རྙེད་པ་ཐོབ་མི་ཐོབ་ལ་བལྟོས་ཏེ་བཞག་པའོ། ། (9)གཞི་དགུ་པ་ཀཽ་ཤམྦྷིའི་གཞི་ནི། འདུལ་བ་དང་མི་མཐུན་པའི་ལྟ་སྤྱོད་ཀྱི་ནང་ནས་སྤྱོད་པའི་དབྱེན་ཏེ་མཚམས་ནང་གཅིག་ཏུ་དགེ་འདུན་གྲོངས་ཚང་བས་ཆོས་དང་མི་མཐུན་པའི་ལྐོག་ཏུ་གྲོས་གཏམ་བྱས་པ་ལྟ་བུའོ། ། (10)གཞི་བཅུ་པ་ལོས་ཀྱི་གཞི་ནི། ལས་བརྒྱ་རྩ་གཅིག་སྟེ་སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་མདོ་རྩ་བ་ནང་ཧི་ཅང་མང་བས་མ་བྲིས་པ་ཟུར་དུ་ལས་ཆོག་ཀརྨ་ཤ་ཏམ་མཛད་པ་དེ་ཡི་འགྲེལ་པ་བུ་སྟོན་གྱིས་མཛད་པ་རྒྱལ་བ་ལྔ་པས་པར་དུ་བརྐོས་པ་དེ་ཡིན། (11)དམར་སེར་ཅན་གྱི་གཞི་བཅུ་གཅིག་པ་ཕྱིར་བཅོས་ཀྱི་རྒྱུ། ནན་ཏུར་བཅོ་ལྔ་ཡོད་དེ། བསྡིགས་པ་ནན་ཏུར་དང་གཅིག སྨད་པ་ནན་ཏུར་དང་གཉིས། བསྐྲད་པ་ནན་ཏུར་དང་གསུམ། ཕྱིར་འགྱེད་ནན་ཏུར་དང་བཞི། འདི་ནི་ཁྱིམ་པ་ལ་བརྙས་ཐབས་བྱས་པའི་དགེ་སློང་། ཁྱིམ་པ་དེ་ཡི་གུང་ཚིགས་ལྟ་བུ་ལ་དགེ་འདུན་དམངས་མ་བྱོན་སྐབས་སུ་མ་འགྲོ་ཞེས་ཕྱིར་བསྐྲད་ཀྱང་མ་ཉན་པ་ལ་ནན་ཏུར་བྱ་བ་ལྟ་བུའོ། ། མ་མཐོལ་བ་གནས་ནས་དབྱུང་བའི་ནན་ཏུར་དང་ལྔ། ཕྱིར་མི་འཆོས་པ་གནས་ནས་དབྱུང་བའི་ནན་ཏུར་དང་དྲུག ལྟ་ངན་དྲུག་ཅུ་རྩ་བཞི་པོ་གང་རུང་སོགས་སྡིག་ལྟ་མི་གཏོང་བ་གནས་ནས་དབྱུང་བའི་ནན་ཏུར་དང་བདུན། འཐབ་ཀྲོལ་ལ་འབད་པ་གནས་ནས་དབྱུང་བའི་ནན་ཏུར་དང་བརྒྱད། གཏན་ལ་འབེབས་ཀྱང་ཞི་བར་མ་ནུས་པ་གནས་ནས་དབྱུང་བའི་ནན་ཏུར་དང་དགུ། འཐབ་ཀྲོལ་གྱི་རྒྱུ་ལ་འབད་པ་ཉེ་བར་སྒྲུབ་པ་གནས་ནས་དབྱུང་བའི་ནན་ཏུར་དང་བཅུ། དགེ་སློང་མ་རྣམས་དང་ལྷན་ཅིག་འདུག་ཅིང་གཏམ་སྨྲ་བ་ཅོ་འདྲི་སྣ་ཚོགས་བྱེད་པ་གནས་ནས་དབྱུང་བའི་ནན་ཏུར་དང་བཅུ་གཅིག གསོ་སྦྱོང་བཞག་པའི་ནན་ཏུར་དང་བཅུ་གཉིས། དགག་དབྱེ་བཞག་པའི་ནན་ཏུར་དང་བཅུ་གསུམ། དགེ་ཚུལ་བསྙིལ་བའི་ནན་ཏུར་དང་བཅུ་བཞི། ཁྱིམ་པས་དགེ་འདུན་ལ་ཁ་ཟེར་བའི་གནས་སུ་སླད་ནས་མ་འགྲོ་ཞེས་ལྷུང་བཟེད་ཁ་སྦུབ་པའི་ནན་ཏུར་དང་བཅོ་ལྔའོ། ། དང་པོ་བཅུ་གསུམ་དགེ་ཚུལ་དང་དགེ་སློང་གཉིས་ཀ་ལ་བྱ་བ་ཡོད། ཐ་མ་གཉིས། དང་པོ་དགེ་ཚུལ་ཁོ་ན་དང་། ཕྱི་མ་ཁྱིམ་པ་ཁོ་ན་ལ་བྱ་བའོ། ། ནན་ཏུར་བཅུ་བཞི་བྱས་པའི་རབ་བྱུང་གི་བསླབ་བྱ་ལ་སློབ་ཚུལ་ནི། ཁྱད་སྤྱོད་ལྔ་སྤོང་བ་ཞེས་པའི་ལྔ་ནི། [1]སྤོང་བ། [2]ལྟུང་བ་མ་བྱུང་བ་དང་མ་ཉམས་པ་དང་ལྷག་པའི་བསམ་པ་སྤོང་བ། [3]དགེ་སློང་དང་བླ་མའི་གནས་ལྟ་བུ་སྤོང་བ། [4]ཆད་ལས་སུ་གཏོགས་པའི་བྱ་བ་གཞན་ལ་ལྟུང་བ་གླེང་བ་སྤོང་བ། [5]དགེ་སློང་རང་བཞིན་དུ་གནས་པ་རྣམས་དང་མཉམ་འགྲོགས་བྱེད་པ་སྤོང་བ་དང་ལྔའོ། ། བསྐྲད་པ་ནན་ཏུར་བྱས་པ་དེ་ཙམ་གྱིས་མི་ཆོག་སྟེ་ད་ལྟ་བོད་ལ་གནས་དབྱུང་དུ་གྲགས་པ་ལ་ཟེར་བས་གང་དུ་གནས་པའི་གནས་དེ་ནས་གཞན་དུ་འགྲོ་བའམ་བསྐྱེད་པ་ལ་ཟེར་རོ། ། ནན་ཏུར་གྱི་གླིང་གཞི་ནི། དམར་སེར་ཅན་པ་སྡིགས་པ་དང་། ། ལེགས་ལྡན་ལ་ནི་སྨད་པ་དང་། ། འགྲོ་མགྱོགས་ནབས་སོ་བསྐྲད་པ་སྟེ། ། ཆུ་སྟོད་ལོ་ནི་ཕྱིར་འགྱེད་དང་། ། འདུན་པ་ལ་ནི་མ་མཐོང་དང་། ། དེ་བཞིན་སླར་ཡང་མི་འཆོས་པོ། ། འཆི་ལྟས་སྡིག་པ་ལྟ་བ་ཅན། ། ཞེས་སོ། ། (12)གཞི་བཅུ་གཉིས་པ་གང་ཟག་གི་གཞི་ནི། བརྟག་དཔྱད་མ་བྱས་པར་མཁན་པོས་བསྙེན་པར་རྫོགས་པས། དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་སྦས་ནས་མ་བཤད་པ་ལ་བཅས་པའོ། ། དེ་ནི་རང་གིས་དེ་ལྟར་བྱས་པ་ལ་ཟེར་རོ། ། གཞན་གྱིས་སྦ་རོགས་བྱས་པ་སྐབས་འདིར་གླེང་བ་མ་ཡིན་ནོ། ། (13)གཞི་བཅུ་གསུམ་པ་ནི། ཕྱིར་བཅོས་དངོས་གཞི་སྤོ་མགུ་དབྱུང་གསུམ་གང་ཞེ་ན། ། [1]སྤོ་བ་སྤྱོད་པ་ནི། དགེ་སློང་སྡེ་སྣོད་གསུམ་ལ་མཁས་ཤིང་གཟུ་བོའི་བློ་ཡིས་གནས་པ་སྤོ་མགུ་དབྱུང་གསུམ་མི་དགོས་པ་དང་། གང་ཟག་ཕལ་པ་ལྟུང་བྱེད་འབའ་ཞིག་པ་བཤེགས་པ་བཞིན་བྱས་ཀྱང་ཆོག་གསུངས། དེ་ལྟར་མིན་ཚེ་ལྷག་མ་བཅུ་གསུམ་པོ་གང་རུང་བྱུང་ནས་ཞག་ཏུ་གསང་ནས་བསྡད་པ་ཡིན་ན། དང་པོར་ལྷུང་བ་མཐོལ་ཞིང་བཤགས། དེ་རྗེས་སྤོ་བའི་གནས་བྱས་ནས་རང་ཉིད་བསླབ་པ་རྒན་པ་ཡིན་ཀྱང་དགེ་སློང་ཐམས་ཅད་ཀྱི་གྲལ་གཤམ་ལ་སྤོ་བ་ནི། གསོལ་བཞིའི་ལས་ཀྱིས་བྱིན་དགོས་པས་སྤོ་བ་ནོད་པའོ། ། ལྷག་མའི་ལྟུང་བ་བཅུ་གསུམ་གང་རུང་བྱུང་ན། ཞག་གྲངས་ཇི་ཙམ་གསང་བ་སྟེ་བཅབ་པའི་ཞག་གྲངས་དེ་ཙམ་གྲལ་གཤམ་ལ་སྡོད་དགོས་པ་ཡིན། ཞག་གྲངས་མ་སོང་ན་སྤོ་བ་སྤྱོད་མི་དགོས། མགུ་བ་དང་། དབྱུང་བ་གཉིས་བྱ་དགོས་སོ། ། [2]མགུ་བ་སྤྱོད་པ་ནི། དགེ་སློང་གི་ཞག་དྲུག དགེ་སློང་མས་དགེ་འདུན་གྱི་སྡེ་གཉིས་ཀ་ལ་ཞག་བཅོ་ལྔའི་བར་དུ་ཕྱག་གཡོག་བསྒྲུབ་དགོས་སོ། ། [3]དབྱུང་བ་སྤྱོད་པ་ནི། མ་མཐའ་ན་ཡང་དགེ་འདུན་ཉི་ཤུ་གྲལ་བསྒྲིགས་ནས་བཞུགས་པའི་གནས་སུ། སྤོ་མགུ་གཉིས་ཀ་ཚར་བའི་དགེ་སློང་གདིང་བ་ཆོས་གོས་སོགས་དང་ལྡན་པར་རྩི་བཅད་དེ་ས་ལ་བཀྲམ་པ་ལྟ་བུ་གསུངས་ཏེ། རྐྱང་ཕྱག་འཚལ་བ་ལྟ་བུ། ལུས་ཐམས་ཅད་ས་ལ་ཕབ་སྟེ་འདུག་ཏུ་བཅུག་ནས། དགེ་འདུན་རྣམས་ཀྱི་གསོལ་བའི་ལས་སོང་ཞིང་བརྗོད་པའི་ལས་གསུམ་པོ་མ་སོང་བར་དུ་གནས་བླ་མས་སྨད་པས་སྡིགས། བརྗོད་པ་གསུམ་གྱི་ལས་སོང་ཞིང་། མཇུག་སྡུད་མ་སོང་བའི་བར་ཁ་སྦུབ་ཏུ་གནས་པ་ལས་ཡར་སླངས་ཏེ་བསྟོད་པས་གཟེངས་བསྟོད། མཇུག་སྡུད་ཚར་ནས་རང་གི་གྲལ་མཐོ་དམན་གར་ཡོད་སར་བསྐྱལ་བ་ལ་དབྱུང་བ་ཟེར་བ་ཡིན་ནོ། ། སྤོ་བ་ནོད་པ་པོ་དང་སྤོ་ལྡན་དགེ་སློང་མི་འདྲ་སྟེ། ནོད་པ་ནི་དགེ་འདུན་ལས་ལ་འདུས་ནས་གྲལ་གཤམ་ལ་སྤོ་བའི་ལས་ལ་ཟེར། སྤོ་ལྡན་དགེ་སློང་ནི་ས་རང་བཞིན་དུ་མི་གནས་པའི་དགེ་སློང་དེ་ལ་ཟེར་བས་ཞག་མང་དུ་གནས་པ་ཡོད་དོ། ། ལྷག་མ་བཅུ་གསུམ་གྱི་དང་པོ་བསམ་བཞིན་དུ་ཁུ་བ་འབྱིན་པ་ལན་གཅིག་ལྟ་བུ་ལ་སྤོ་མགུ་དབྱུང་གསུམ་ཚར་གཅིག་ལས་མི་དགོས་ཀྱང་སྤོ་བའམ། མགུ་བ་སྤྱོད་པའི་ཞག་དེ་ཡང་ཁུ་བ་འབྱིན་པ་བྱུང་ན། སླར་བསྐྱོར་དགོས་པས། དེ་ཡི་ཆ་ནས་སྤོ་བ་སྤྱོད་པ་གསུམ། སྤོ་ལྡན་གསུམ། མགུ་སྤྱོད་གསུམ། མགུ་ལྡན་གསུམ་སྟེ་བཅུ་གཉིས་ཡོད་དོ། ། མགུ་བ་སྤྱོད་པ་དང་། ཕམ་པ་འཆབ་མེད་བྱུང་བའི་དགེ་སློང་རྣམས་ལ་གསོལ་གཞིའི་ལས་ཀྱི་སྒོ་ནས་བྱིན་རྒྱུའི་དམན་སྤྱོད་ལྔ་ནི། [1]ནང་པར་གྱི་དུས་སུ་སྔ་བར་ལངས་པ་སོགས་ཇི་ལྟར་བསྒྲུབ་པ། [2]ཆོས་སྟོན་པའི་དུས་སུ་ཆོས་ཁྲི་བཤམ་པ་སོགས་ཇི་ལྟར་བསྒྲུབ་པ། [3]གདུགས་ཚོད་ཀྱི་དུས་སུ་གཎྜི་བརྡུང་བ། [4]དགེ་སློང་གི་གྲལ་གཤམ་ལ་འདུག་པ། [5]དགོང་ཀར་དགེ་སློང་རྣམས་ཀྱི་རྐང་པར་འབྲུ་མར་བྱུག་པ་སོགས་ཇི་ལྟར་བསྒྲུབ་པ་ལྔ་ཡོད་དོ། ། (14)གཞི་བཅུ་བཞི་པ་གསོ་སྦྱོང་བཞག་པའི་གཞི་ནི། ལྟུང་བ་གླེང་བ་ཁས་མ་བླངས་པ་དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་བྱེད་པ་བཀག དེ་ཡི་ཤུགས་ཀྱིས་དགག་དབྱེ་བྱེད་པའང་དགག་པའོ། ། དེ་འདྲ་བའི་ཆད་ལས་ལྔ་ནི། [1]གཏམ་འདྲེ་བར་མི་བྱ། [2]གདམས་ངག་མི་བྱིན། [3]བསྙེན་བཀུར་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་དུ་མི་གཞུག ། [4]དགེ་ཕྱོགས་ལ་རྩོམ་པའི་རྒྱུན་བཅད་པ། [5]གནས་དགག་པ་དང་ལྔའོ། ། དེ་ལྟ་བུ་བྱེད་པའི་ཡུལ་ནི་ལྔ་སྟེ། <1>མ་དད་པ། <2>བཀའ་བློ་མི་བདེ་བ། <3>མོ་གུས་པ། <4>སྡིག་པའི་གྲོགས་པོ་ལ་བརྟེན་པ། <5> ལེ་ལོ་ཅན་དང་ལྔའོ། ། (15)གཞི་བཅོ་ལྔ་པ་གནས་མལ་གྱི་གཞི་ནི། བཤད་རིམ་ལ་ཐ་མ་གནས་མལ་གྱི་གཞི་ནི། མཁས་པའི་གསུང་རྒྱུན་རྒྱ་གར་གྱི་ཡུལ་དབུས་ནི་གྲོང་ཁྱེར་ཆེན་པོ་དྲུག་ལ་ངོས་འཛིན་མཛད་པར་འདུག་པས། མ་གྷ་དྷ་ན་རྒྱལ་པོའི་ཁབ་དང་གཅིག ཀོ་ས་ལ་ན་མཉན་ཡོད་གནས་དང་གཉིས། གྲོང་ཁྱེར་གནས་བཅས་སེར་སྐྱ་ནི་སངས་རྒྱས་སྐུ་འཁྲུངས་པའི་ཡུལ་ཟས་གཙང་གི་ཁབ་དང་གསུམ། ཨངྒའི་ཡུལ་ན་གྲོང་ཁྱེར་ཙམ་པ་ཀ་དང་བཞི། ཝ་ར་ཎ་སི་རྒྱལ་པོ་ཚངས་སྦྱིན་གྱི་ཡུལ་དང་ལྔ། རྒྱལ་པོ་མེད་ཅིང་ཡུལ་མིའི་གཙོ་བོ་རྣམས་ཀྱིས་འཛིན་པ་གྲོང་ཁྱེར་ཡངས་པ་ཅན་དང་དྲུག་གོ །དེ་ལྟར་ཡིན་ཏེ། མཉན་ཡོད་གནས་བཅས་ཙམ་པ་ཀ ཝ་ར་ཎ་སི་ཡངས་པ་ཅན། ། རྒྱལ་པོའི་ཁབ་དང་དྲུག་ཡོད་དེ། 1.འདི་དག་གྲོང་ཁྱེར་ཆེན་པོར་གྲགས། ། ཞེས་གསུངས་སོ། ། གྲོང་ཁྱེར་ཆེན་པོ་ལས་ཀྱང་རྒྱང་གྲགས་ཙམ་གྱི་དབེན་པར། དགེ་སློང་གི་ནི་དྲི་གཙང་ཁང་ད་ལྟ་ལྷ་ཁང་མཆོད་ཁང་དུ་གྲགས་པ། ཐོག་བརྩེགས་ལྔ་མན་ཆོད་དང་། གསུམ་དང་གཉིས་ལ་སོགས་པ་བྱ་ཞིང་། དགེ་སློང་མའི་ནི་གསུམ་ཐོག་ལས་མཐོ་བར་མི་བྱ་གསུངས་སོ། ། དེ་ཡི་མདུན་དུ་ཁྱིམ་རྒྱ་མཐོང་ཤིན་ཏུ་ཆེ་བ་ཕུག་རོན་སོགས་ཀྱིས་མི་གནོད་པའི་ཕྱིར་བྱ་རྒྱུས་གཡོགས་པ། རྒྱ་མཐོང་གི་ཐད་ཀྱི་ས་གཞི་ལ་རྫིང་བུ་གྲུ་བཞི་པ་སོགས་བྱ། རྒྱ་གར་ལྟ་བུའི་ཚད་པ་ཆེ་སར་ཁྱམས་ཀྱི་ལོགས་གསུམ་དུ་སྐར་ཁུང་དྲ་བ་ཅན་མང་དུ་ཡོད་པ་བྱས་པས་དེ་ཡི་རླུང་དང་། རྫིང་བུའི་ཆུ་དང་། བསིལ་གྲིབ་གསུམ་དགེ་སློང་དེར་གནས་པ་དག་ལ་བསིལ་བའི་རྐྱེན་གསུམ་ཡིན་གསུངས་སོ། ། ཁྱམས་ཀྱི་མདུན་ཕྱོགས་ཀྱི་དབུས་སུ་སྒོ་ཁང་དང་། སྟེང་དུ་བསིལ་ཁང་དང་བཅས་པ་བྱ། དེ་ཡི་ཕྱི་རོལ་དུ་བརྩིགས་པས་ར་བ་ལྟ་བུར་གྲུ་བཞིར་བྱས་པའི་ནང་དུ། དགེ་སློང་རེ་རེ་བཞུགས་པའི་གནས་ཁང་མང་དུ་ཡོད་པ། གྲངས་ཚར་དུ་བསྒྲིགས་པ་བརྒྱ་དང་ལྔ་བརྒྱ་ལ་སོགས་བྱའོ། ། སྤྱོད་ལམ་བཞི་ཤོང་གི་ཁང་མིག་རེ་རེའི་ནང་དུ་མལ་ཁྲི་ཁྲུ་གང་པ་གདན་དང་བཅས་པ་ཁྲུས་སྣོད་ཁྲུས་བུམ་མ་གཏོགས་ཡོ་བྱད་གཞན་གང་ཡང་མེད་པའོ། ། ཁྲི་ཁྲུ་གང་། གདོན་དང་། སྔས་འབོལ་ནང་ཚངས་ཅན་མ་གཏོགས། ཁྲི་དང་གདན་བཟང་པོ་ཆོས་སྟོན་པའི་སྐབས་མ་གཏོགས་ཉེ་འཁོར་དུའང་མི་འཇོག་པ་འདུལ་བ་ལས་གསུངས་སོ། ། ར་བ་གྲུ་བཞི་པ་དང་། གྲངས་ཚར་བསྒྲིགས་པ་ཁང་མིག་ཐམས་ཅད་ལ་རྫ་ཡི་གཡུ་ཕིབས་ཁ་དོག་སེར་པོ་འམ་སྔོན་པོ་ཡོད་པ། ཡང་ན་ར་བ་གྲུ་བཞི་པའི་ནང་དུ་རྫ་སོ་བཏང་བ་དང་། དྲེས་རྒྱུན་གྱི་སྤྱིལ་བུ། རྩྭའམ་ལོ་མའི་སྤྱིལ་བུ་བྱའོ། ། དེ་ཡི་ཕྱི་རོལ་དུ་སྐྱེད་ཚལ་ལྗོན་ཤིང་ཁོར་ཡུག་ཏུ་འཛུགས་དགོས་གསུངས་སོ། ། དེས་ན་དགེ་སློང་རབ་བྱུང་མང་ན་ཤིང་མང་བ་དང་ཉུང་ན་ཉེ་སྐོར་དུ་ཐོར་བུ་བཙུགས་དགོས་པར་གསུངས་སོ། ། རྐུན་པོ་སོགས་མེད་པའི་ས་ཕྱོགས་སུ་ར་བ་གྲུ་བཞི་པའི་ཕྱོགས་གསུམ་བརྩིགས་ཤིང་། ཕྱོགས་གཅིག་མ་བརྩིགས་ཀྱང་རུང་ངོ་ཞེས་གསུངས། ཁྱམས་ཀྱི་ཕྱི་ནང་དུ་བདག་ཅག་གི་སྟོན་པའི་ཞིང་བཀོད་དང་། སྐྱེས་རབས་བྲི་བར་གསུངས། ཕྱི་སྐོར་དུ་ཆོ་འཕྲུལ་ཆེན་པོ། བདུད་སྡེ་བཅོམ་པ་སོགས་བྲི། དྲི་གཙང་ཁང་གི་སྒོའི་གཡས་གཡོན་དུ། གནོད་སྦྱིན་ལག་ན་རྡོ་རྗེ་དང་། གནོད་སྦྱིན་ལག་ན་འཕྲེང་བ་ཐོགས་པ་བྲི། མཛོད་ཀྱི་སྒོར་གནོད་སྦྱིན་ལག་ན་འབྲས་ཀྱི་མྱུ་གུ་ཐོགས་པ་བྲི། ཟས་ཁང་གི་སྒོར་གནོད་སྦྱིན་ལག་ན་རྩ་བ་དང་སྡོང་བུ་འདབ་མ་མེ་ཏོག་འབྲས་བུ་དང་བཅས་པ་འཛིན་པ་བྲི། བསྲོ་ཁང་གི་ཁང་པར་གནོད་སྦྱིན་ལག་ན་མྱུ་གུ་དང་བུམ་པ་ཐོགས་པ་བྲི། མེ་ཁང་ནང་ན་གྲུལ་བུམ་མེ་སྤར་བ་དང་མི་སྤར་བ་སོགས་དང་གྲུལ་བུམ་གྱི་བུ་མོས་བྱི་དོར་སོགས་བྱེད་པ་བྲི། སྦྱིན་བདག་མར་མེ་ཐོགས་པ། ལྷ་ཡི་ཕོ་ཉ། དགེ་སྡིག་གི་ཞལ་ལྕེ་གཅོད་པ་སོགས་བྲི་ཞེས། འདུལ་བ་མདོ་རྩ་བ་ལས་བཤད་དོ། ། སྨན་དང་ནད་པའི་རུང་ཁང་དུ། ནད་པ་ཉལ་ནས་འདུག་པ་སངས་རྒྱས་ཀྱིས་ཕྱག་གིས་དེ་ཡི་ནད་གཡོག་སོགས་བྱེད་པ་བྲི། དེ་ནི་ནད་པའི་ལག་ནས་བཟུང་སྟེ་ཁྲུས་བྱེད་པ་བྲི་བའོ། ཆབ་ཁང་ངམ་ལྕི་བའི་སྐྱིབས་སུ། དུར་ཁྲོད་དང་། ཀེང་རུས་དང་། རོ་བྱ་ཁྱིས་ཟ་བ་བྲི། སྒོ་ཁང་དུ་རྒྱལ་པོ་ཆེན་པོ་བཞི་དང་། གནས་དེ་ཡི་དཀར་ཕྱོགས་པ་དགེ་བསྙེན་མི་མིན་རྣམས་དེ་ཡི་བྲན་གྱི་ཚུལ་དུ་བྲི། ཡང་སྒོ་ཁང་དུ་རབ་ཏུ་བྱུང་བ་རྣམས་འཁོར་བ་ལ་སྐྱོ་ཤས་བསྐྱེད་པའི་ཕྱིར་སྲིད་པའི་འཁོར་ལོ་ཆ་ལྔ་པ་བྲི་ཞེས་གསུངས་པའི་བྲི་ཚུལ་ནི། མི་རྟག་པ་དེ་སྲིན་པོ་ཁྲོས་པའི་གཟུགས་སུ་འཆི་བདག་གི་བདུད་དམར་པོ་དེ་ཡིས་འཁོར་ལོ་ཆ་ལྔ་འཛིན་པའོ། ། འཁོར་ལོ་དེའི་དཀྱིལ་དུ་དུག་གསུམ་ཕག་སྦྲུལ་བྱ་ཡི་རྣམ་པའོ། ། གཡས་སུ་དཀར་པོ་ནི་མཐོ་རིས་དང་དེར་འགྲོ་མཁན་མཚོན། གཡོན་དུ་ནག་པོ་ནི་ངན་སོང་དང་དེར་འགྲོ་མཁན་མཚོན་ནོ། ། ཆ་ལྔ་པ་ནི། ལྷ་དང་མི་སྟེང་། དམྱལ་བ་ཡི་དྭགས་དུད་འགྲོ་འོག་ཏུའོ། ། དེ་ཡི་ཕྱི་རོལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་མཚོན་ཚུལ་མི་འདྲ་བ་གཉིས་གང་ཡང་རུང་བ་གཅིག་བྲིའོ། ། མཚོན་ཚུལ་ནི། མ་རིག་རྒན་མོ་ལོང་བ་འདྲ། །འདུ་བྱེད་རྫ་མ་བཟོ་བ་འདྲ། ། རྣམ་པར་ཤེས་པ་སྤྲེའུ་འདྲ། ། མིང་དང་གཟུགས་ནི་གྲུར་ཞུགས་འདྲ། ། སྐྱེ་མཆེད་དྲུག་ནི་གྲོང་སྟོང་འདྲ། ། རེག་པ་ཕྲུ་གུ་འོ་བྱེད་འདྲ། ། ཚོར་བ་མིག་ལ་མདའ་ཕོག་འདྲ། ། སྲེད་པ་སྐྱེས་བུ་ཆང་འཐུང་འདྲ། ། ལེན་པ་ཤིང་ཐོག་བཏུ་བ་འདྲ། ། སྲིད་པ་བུད་མེད་སྦྲུམ་མ་འདྲ། ། སྐྱེ་བ་བུད་མེད་བུ་བཙས་འདྲ། ། རྒ་ཤི་རོ་ནི་ཁུར་བ་འདྲ། ། ཞེས་གསུངས་སོ། ། སྟེང་གི་ནམ་མཁར་སངས་རྒྱས་བཟང་པོའི་བཞུགས་སྟངས་“ཅན་གྱིས་ཕྱག་གཡོན་སྐྱབས་སྦྱིན་གྱིས་སྐྱབས་བྱེད་པ་མཚོན་བྱེད་དང་། ཕྱག་གཡས་ཀྱི་མཛུབ་མོས། ཟླ་བ་ཉ་གང་བ་ཉོན་སྒྲིབ་ལས་གྲོལ་བའི་འགོག་བདེན་མཚོན་བྱེད་དུ་སྟོན་པ་བྲིའོ། ། དེ་དག་ཐམས་ཅད་ཀྱི་འོག་ཏུ་གཞི་ནག་པོ་ལ་གསེར་གྱིས། ། བརྩམ་པར་བྱ་ཞིང་དབྱུང་བར་བྱ། ། སངས་རྒྱས་བསྟན་ལ་འཇུག་པར་བྱ། ། འདམ་བུའི་ཁྱིམ་ན་གླིང་ཆེན་བཞིན། ། འཆི་བདག་སྡེ་ནི་གཞོམ་པར་བྱ། ། གང་ཞིག་རབ་ཏུ་བག་ཡོད་པས། ། ཆོས་འདུལ་འདི་ལ་སྤྱོད་གྱུར་ན། ། སྐྱེ་བའི་འཁོར་བ་རབ་སྤངས་ནས། ། སྡུག་བསྔལ་ཐ་མ་བྱེད་པར་འགྱུར། ། ཞེས་པ་བྲི། ། དེ་ལྟར་བྲིས་པའི་དགོས་པ་ནི། དགེ་འདུན་རྣམས་གཙུག་ལག་ཁང་དུ་འཚོགས་པའི་ཞོར་ལ་མཐོང་བས་འཕགས་པའི་བདེན་བཞི་ཐུགས་ལ་ཤར་བའི་ཕྱིར་དུའོ། ། བདེན་བཞི་མཚོན་ཚུལ་ནི། དཀྱིལ་གྱི་འཁོར་ལོ་ཆ་ལྔ་པས་སྡུག་བདེན་མཚོན། དབུས་ཀྱི་ཕག་སྦྲུལ་བྱ་ཡིས་ཉོན་མོངས་པའི་ཀུན་འབྱུང་། གཡས་གྱོན་པོ དཀར་ཆ་ནག་ཆས་ལས་ཀྱི་ཀུན་འབྱུང་། ཕྱི་ཡི་རྟེན་འབྲེལ་བཅུ་གཉིས་ཀྱིས་སྡུག་ཀུན་དེ་གཉིས་ཀྱི་དབང་གིས་འཁོར་བར་འཁོར་ཚུལ། དེ་ཐམས་ཅད་འཆི་བདག་གི་ལྟོ་བར་གནས་ཤིང་ཁས་འཛིན་པ་ནི། སྡུག་ཀུན་གཉིས་ལས་མ་གྲོལ་“ཕྱིན་ཆད་འཆི་བདག་གི་ཁ་ནས་མི་ཐར་བ་མཚོན་པའོ། ། སེའགོག་པ་དང་ལམ་མཚོན་ཚུལ་ནི། སྟེང་གི་ནམ་མཁར་སངས་རྒྱས་བཞེངས་པའམ་བཟང་པོའི་བཞུགས་སྟངས་ཅན་གྱིས་ལམ་བདེན་སྟོན་པ་དང་། ཚིགས་སུ་བཅད་པས་ལམ་སྟོན་པའི་བཀའ་མཚོན་པའོ། ། འདུལ་བ་ལས་དུས་སྟོན་བྱ་བར་གསུངས་པས། འདུལ་བའི་ལིག་ཟིན་ལ་ཡོད་པ་ནི། ལུམྦིའི་ཚལ་དུ་སྐུ་བལྟམས་པའི་དུས་སྟོན། གཙུག་ཕུད་ཀྱི་དུས་སྟོན་ནི། བཞག་པའི་དུས་སྟོན་དང་། བྲེག་པའི་དུས་སྟོན་གཉིས་ཡོད། མངོན་པར་བྱང་ཆུབ་པའི་དུས་སྟོན་རྣམས་སོ། ། དེ་དག་གི་དུས་སུ་སྐྱེ་རྒུ་ཚོགས་བསགས་པའི་ཆེད་དུ། སྐོར་ལམ་ཕྱི་སྐོར་དུ། བདག་ཅག་གི་སྟོན་པ་རྒྱལ་བུ་གཞོན་ནུའི་ཚུལ་རྣ་རྒྱན་ཅན་སོགས་གོས་དང་རྒྱན་གསོལ་བ་ཤིང་རྟ་ལ་སོགས་པས་གདན་དྲངས་གསུངས་ཀྱང་། ད་ལྟའི་ཕྱག་ལེན་ལ། རྒྱལ་བ་བྱམས་པ་གདན་འདྲེན་པ་འདུག དེ་ཡི་འཁོར་དུ་རབ་བྱུང་སྡེ་ལྔ་གང་རུང་བྱོན་ཞིང་། ཁྱིམ་པ་སོགས་ཕྱག་མཆོད་བྱེད་དུ་གཞུགདེ་ཡི་མདུན་དུ་མེ་ཏོག་གི་ཟ་མ་ཏོག་གུམ་གབ་རྩེ་སྒྲོམ་གྲུ་བཞི་པའི་ནང་དུ་དྲི་བཟང་པོའི་མེ་ཏོག་གི་ཕྲེང་བ་བཞག་གོ། ། རྒྱ་འདུལ་བ་འཛིན་པའི་ཞལ་ནས། གཞན་གྱིས་ཕུལ་བའི་མེ་ཏོག་རྣམས་ལ་མི་ལྷུང་བའི་ཕྱིར་རས་དཀར་པོ་བརྐྱང་བར་བྱའོ་གསུངས་སོ། ། གདན་འདྲེན་པ་ན། ཤིང་རྟ་དོང་། གླང་པོ་ཆེ་དང་། ཁྱོགས་ལ་སོགས་པས་གདན་དྲངས་ཤིང་། གདུགས་དང་། རྒྱལ་མཚན། བ་དན་རོལ་མོ་སོགས་མཆོད་པའི་བྱེ་བྲག་སྣ་ཚོགས་ཐོགས་པས་སྣ་དྲངས་པ་ནས་བསྐོར་བར་བྱའོ། ། (16)གཞི་བཅུ་དྲུག་པ་རྩོད་པ་ཕྱིར་བཅོས་ཀྱི་གཞི་ནི། འགྱེད་ཕྱིར་རྩོད་པ། མི་གདམས་ཕྱིར་རྩོད་པ། ལྟུང་ཕྱིར་རྩོད་པ། བྱ་བ་ལས་ཀྱི་ཕྱིར་རྩོད་པའོ། ། འགྱེད་ཕྱིར་རྩོད་པ་ནི། གསུང་རབ་ཀྱི་ཚིག་དོན་ལ་སྣ་ཚོགས་སུ་སྨྲ་བ། འགལ་བར་སྨྲ་བ། མི་མཐུན་པར་སྨྲ་བ་གསུངས་པས་ད་ལྟེ་མཚན་ཉིད་ཀྱི་ཁས་ལེན་བཤད་ལུགས་མི་མཐུན་པ་ལྟ་བུའོ། ། མི་གདམས་ཕྱིར་རྩོད་པ་ནི། གདམས་ངག་མི་ལེན་པ། མེ་བྱིན་པ། ། གདམས་ངག་བཞག་པའོ་གསུངས་པས། དེ་ལྟར་འོས་མི་འོས་ཅི་རིགས་ལ་ཉེས་པ་གླེང་བས་ཁོས་མ་བླངས་པའོ། ། ལྟུང་ཕྱིར་རྩོད་པ་ནི། ལྟུང་བ་སྡེ་ལྔ་ལ་བརྟེན་ནས་འཐབ་པའོ་གསུངས་པས། ལྟུང་བ་རང་གི་ངོ་བོ་ཤེས་པ་དང་། མ་ཤེས་པ་ལ་བརྟེན་ནས་བྱུང་བའོ། ། བྱ་བ་ལས་ཕྱིར་རྩོད་པ་ནི། གསོལ་བ་དང་། གསོལ་གཉིས་དང་། གསོལ་བཞིའི་ལས་ལ་བརྟེན་པའོ་གསུངས་པོས། བསྐྲད་པ་དང་། གནས་དབྱུང་གི་ལས་ལ་སོགས་བློ་གཟུ་པོའི་སྒོ་ནས་བྱས་མ་བྱ་ས་པ་ལ་སླར་རྩོད་པའོ། ། རྩོད་པའི་ངོ་བོ་ནི། ཚིག་རྩུབ་འཁོན་དང་བཅས་པའོ། ། འགའ་ཞིག་གིས་རྩོད་པའི་ངོ་བོ་ནི་ཉོན་མོངས། ཚིག་རྩུབ་སོགས་ནི་འབྲས་བུའོ། ། གསུངས་སོ། ། སྤྱིར་རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་ནི། ཞི་བྱེད་མངོན་སུམ་བརྒྱད་དང་པོ། ཞི་བྱེད་དྲན་པས་འདུལ་བ་གཉིས་པ། ཞི་བྱེད་མ་སྨྱོས་པ་གསུམ་པ། ཞི་བྱེད་ཚུལ་ཤིང་གང་མང་བཞི་པ། ཞི་བྱེད་ངོ་བོ་ཉིད་འཚོལ་བ་ལྔ་པ། ཞི་བྱེད་རྩ་བཀྲམ་པ་ལྟ་བུ་དྲུག་པ། ཞི་བྱེད་ཁས་བླངས་པ་བདུན་པའོ། ། རྩོད་པ་ཞི་བར་བྱེད་པ་དང་པོ་ཙམ་ཞིག་དཔེར་བཀོད་ན། རང་གི་ངང་གིས་ཞི་བ་དང་། ཞི་བྱེད་ཀྱི་ཆོས་ཀྱིས་ཞི་བ་གཉིས་སོ། ། དང་པོ་ནི་ཚེ་ཡི་དུས་བྱས་པ། ནད་ཀྱིས་རྒྱུན་རིང་དུ་མནར་བ། བསླབ་པ་ཕུལ་བ། བདག་མེད་རྟོགས་པ། བྱམས་སྙིང་རྗེ་ཁྱད་པར་ཅན་སྐྱེས་པ་ལྟ་བུའོ། ། གཉིས་པ་ཞི་བྱེད་ཆོས་ནི་མངོན་སུམ་བརྒྱད་ལ་སོགས་པའོ། ། མངོན་སུམ་བརྒྱད་ནི་སྔ་རྒོལ་ཕྱི་རྒོལ་གཉིས་ཀྱིས་ལུང་རིགས་ཀྱིས་ཚར་བཅད་དེ་ཁས་ལེན་མཐུན་པ་ལྟ་བུ་དང་པོ། དེས་ཞི་མ་ནུས་ན་ཆོས་དང་ཟང་ཟིང་གང་ལ་ཡང་གཞན་ལ་རགས་མ་ལས་པའི་དགེ་སློང་བློ་གཟུ་བོར་གནས་པ་ཞིག་གིས་འདུམ་བསྡུས་པ་ལྟ་བུ་གཉིས་པ། དེས་ཞི་མ་ནུས་ན་དགེ་སློང་གི་དགེ་འདུན་བཞི་ཡིས་འདུམ་བསྡུས་པ་གསུམ་པ། དེས་ཞི་མ་ནུས་ན་དགེ་སློང་སྡེ་སྣོད་ལ་མཁས་པ་བཞི་ལ་གཏད་པ་བཞི་པ། དེས་ཞི་མ་ནུས་ན་དགེ་སློང་སྡེ་སྣོད་གསུམ་ཀ་ལ་ཤིན་ཏུ་མཁས་པ་ལ་གཏད་པ་ལྔ་པ། དེས་ཞི་མ་ནུས་ན་དགེ་སློང་སྡེ་སྣོད་འཛིན་པ་བཞི་ལ་གཏད་དེ་དེས་ཟླ་བ་གསུམ་གྱི་བར་དུ་བོར་བཞག་པ་དྲུག་པ། དིས་ཞི་མ་ནུས་ན་ཡང་སྡེ་སྣོད་འཛིན་པ་གསུམ་ལ་གཏད་དེ་དེས་ཟླ་བ་དྲུག་གི་བར་བསྡུ་བོར་བཞག་པ་བདུན་པ། དེས་ཞི་མ་ནུས་ན་གནས་བརྟན་མཐུ་དང་ལྡན་པ་གང་གིས་ཀྱང་བཀའ་ལས་འདའ་བར་མི་ནུས་པས་ཞི་བར་བྱེད་པ་བརྒྱུད་པའོ། ། དེས་ཀྱང་ཚོགས་མང་ལ་ཚུལ་ཤིང་བཀྲམ་སྟེ་ཆོས་ཀྱི་ཚུལ་ཤིང་རིང་ལ་དྲི་བཟང་བ་ལག་པ་གཡས་ལ་ཐོགས། ཆོས་མིན་གྱི་ཚུལ་ཤིང་ཀློག་པ་དྲི་མ་ཅན་ལག་པ་གཡོན་ལ་ཐོགས་ནས། ཚུལ་ཤིང་གང་མང་ཕྱོགས་ལ་ཐག་བཅད་པར་བྱ་བ་ཡིན། ཆོས་མིན་གྱི་ཚུལ་ཤིང་མང་ན་རྩོད་པ་ཆོས་ཕྱོགས་སུ་ཞི་བར་མ་བྱས་པའོ། ། ཆོས་ཀྱི་ཚུལ་ཤིང་མང་ན་རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱས་པའོ། ། དེ་གྲངས་ལ་འདྲེན་ཚེ་འདི་ལྟར་བགྲང་། [1]རྒོལ་ཕྱིར་རྒོལ་མངོན་སུམ། [2]གཟུ་པའི་མངོན་སུམ། [3]དགེ་འདུན་བཞི་ཡི་མངོན་སུམ། [4]གསལ་བའི་མངོན་སུམ། [5]གསལ་བའི་གསལ་བའི་མངོན་སུམ། [6]དགེ་འདུན་གཞན་གྱི་མངོན་སུམ། [7]སྡེ་སྣོད་འཛིན་པའི་མངོན་སུམ། [8]གནས་བརྟན་མཐུ་དང་ལྡན་པའི་མངོན་སུམ་དང་བརྒྱད་དོ། ། (17)གཞི་བཅུ་བདུན་པ་འཁོར་ལོའི་དབྱེན་ནི། སྟོན་པ་སངས་རྒྱས་ཀྱི་ཚ་བོ་དགེ་སློང་ལྷས་བྱིན་གྱིས་ཟླ་བོ་ཀོ་ཀ་ལི་ཀ། རྒྱ་མཚོའི་བྱིན་སོགས་དགེ་སློང་ལྔ་ཡིས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་བསྟན་པ་དང་མི་མཐུན་པ། ལྷས་བྱིན་གྱི་བསྟན་པ་ཟེར་བ་ཞིག་བཟོ་བསམས་ནས། སངས་རྒྱས་ལ་འགྲན་ཟླ་བྱེད་པ་ནི་འཁོར་ལོའི་དབྱེན་ཡིན་ནོ། ། འདི་ནི་སྟོན་པ་ཤཱཀྱ་ཐུབ་པ་འདིའི་བསྟན་པ་ལ་བྱུང་ལ། བསྐལ་བཟང་གི་སངས་རྒྱས་གཞན་ལ་ཆེར་མི་འབྱུང་ངོ་། ། འདིར་ལུང་གི་བར་སྡོམ་ལྟར་བསྒྲིགས་ནས་བཀོད་པ་ཡིན་ཀྱང་། འདུལ་བ་མདོ་རྩ་ནས་གཞི་བཅུ་བདུན་དཀྲུགས་སྡེབ་ཀྱི་སྒོ་ནས་བཤད་པས་འདི་ལྟར་བསྒྲིགས་པ་མེད་དོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་511.14ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number