11002

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཡོ་རུའི་ས་ཆ་ཕག་གྲུའི་ཁྲི་འོག་ཏུ་དར་བའི་དགེ་ལྡན་པའི་དགོན་སྡེ་ཉེར་ལྔ།
Tibetan Alternate
Tibetan Definition 1.ཆོས་གྲྭ་ཆེན་པོ་རྩེས་དང་ནི། ཀླུ་མེས་ཀྱི་གནས་གཞི་རྙིང་པར་དྲུང་པ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་པས་ལྕགས་ཡོས་ལ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། ཨང་དང་གྲྭ་གྲངས་ཉིས་བརྒྱ་དང་བཅུ་སྐོར།

2.བཀྲ་ཤིས་བདེ་ཆེན་ནི། ཆོས་རྗེ་དོན་གྲུབ་དཔལ་བ་ཡར་ཀླུངས་ཀྱི་རི་བོ་དགོན་པར་བཞུགས་ནས་ལམ་རིམ་བློ་སྦྱོང་གསང་འདུས་གསུམ་ལ་འཆད་ཉན་མཛད། ཕྱིས་སུ་ལུང་པ་ཕུ་ཁང་མཐོ་བས་འཁྱོངས་དཀའ་བར་བརྟེན་སྡེ་པ་འཕྱོས་པས་སྦྱིན་བདག་བགྱིས་ཏེ་བྱ་འདབས་གཞིས་ཀའི་ལོགས་སུ་སྤོས་མིང་བཀྲ་ཤིས་བདེ་ཆེན་དུ་གྲགས། ཨང་དང་གྲྭ་གྲངས་བརྒྱ་དང་སུམ་ཅུ་སྐོར། 3.ཐང་པོ་ཆེ་ནི། བསྟན་པ་ཕྱི་དར་གྱི་འདུལ་འཛིན་དབུས་གཙང་གི་མི་བཅུའི་ནང་ཚན་ལམ་པ་ཀླུ་མེས་པ་ཆེན་པོའི་སློབ་མ་གྲུ་མེར་ལ་སོགས་པ་མཆེད་བརྒྱད་ཀྱིས་བཏབ། སེར་ཁྱིམ་ཨང་དང་གྲྭ་བཙུན་སུམ་བརྒྱ་དང་ཉི་ཤུ་སྐོར། 4.ཆོས་འཁོར་སྟེང་ནི། མཁན་ཆེན་ཆོས་འཕགས་པས་བཏབ། ཨང་དང་གྲྭ་གྲངས་བཞི་བཅུ་སྐོར། 5.རི་བོ་དབེན་དགོན་གླིང་ནི། འབྲས་སྤུངས་ཆོས་འཁོར་གླིང་པའི་དགེ་བཤེས་ཚལ་པོ་ཤཱཀྱ་དར་གྱིས་བཏབ། ཨང་དང་གྲྭ་གྲངས་ཉེར་གཅིག་སྐོར། 6.རོལ་ཁང་ནི། ཆོས་ཀྱི་རྒྱལ་པོ་མུ་ཁྲི་བཙན་པོའི་བཙུན་མོ་ངང་ཆུང་དཔལ་གྱི་རྒྱལ་མོས་བསོད་ནམས་ཀྱི་ཞིང་དུ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་པ་ལ་དབུ་རྩེ་རྙིང་མ་དང་། གྲུ་མེར་བ་ཆེན་པོའི་སློབ་མ་གཟུང་རྡོ་རྗེ་རྒྱལ་མཚན་གྱིས་བཞེངས་པ་ལ་གཙུག་ལག་ཁང་གསར་མ་ཞེས་གྲགས། ཨང་གཉིས་གྲྭ་བཙུན་བཅུ་གཅིག་སྐོར། 7.བྱམས་པ་གླིང་ངམ་འཕྱོས་བདེ་བྱམས་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་སློབ་མ་བསོད་ནམས་རིན་ཆེན་གྱིས་བཏབ། ཨང་གཉིས་གྲྭ་བཙུན་བཅུ་སྐོར། 8.ཕོ་བྲང་རྒྱལ་གསང་ཁང་ནི། བཀའ་གདམས་དགོན་རོ་ཞིག་ལ་སྐྱིད་ཤོད་ལོ་པ་གང་ཤར་རས་ཆེན་ཞེས་སྨྱུང་གནས་པའི་རིང་ལུགས་འཛིན་པས་ཞིག་གསོ་བྱས། ཨང་གཉིས་གྲྭ་གྲངས་བཞི་བཅུ་སྐོར། 9.ལྷག་རུ་ནི། ཆོས་རྒྱལ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་གྱིས་གཙུག་ལག་ཁང་བཏབ་པར་རིམ་གྱིས་འདུས་སྡེ་ཚུགས་པར་གྲགས་ནའང་། ད་ལྟ་སེར་ཁྱིམ་པ་ཤ་སྟག་ལས་འདོན་ཆོས་བླ་རབས་སོགས་འདི་ཡིན་མེད་འདུག ཨང་གཉིས་གྲྭ་བཙུན་ལྔ་བཅུ་ང་བཞི་སྐོར། 10.ལ་མཁར་དགའ་ལྡན་གླིང་ནི། སྔ་ཐོག་ཨེ་པ་བསམ་གཏན་དར་བས་བཏབ། ཨང་གཉིས་གྲྭ་གྲངས་སུམ་ཅུ་སྐོར། 11.རི་བོ་ཆོས་གླིང་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་དངོས་སློབ་སྤྱན་གཡས་པ་ཆོས་རྗེ་དོན་གྲུབ་དཔལ་བས་བཏབ། ཨང་དང་གྲྭ་གྲངས་བརྒྱ་དང་ལྔ་བཅུ་སྐོར། 12.ཡར་ཀླུངས་ཤེལ་བྲག་དང་ཉེ་བ་འཕྱོས་ལམ་རིམ་ཐེག་ཆེན་ གླིང་ནི། སྡེ་པ་འཕྲོས་པ་ཆོས་རྒྱལ་བས་སྦྱིན་བདག་བྱས་ཏེ་ཐར་མ་ཆོས་མཛད་བརྒྱུད་པ་ཚུལ་བཟང་པར་གྲགས་པས་བཏབ། ཨང་དང་གྲྭ་གྲངས་བརྒྱ་དང་བརྒྱད་སྐོར། 13.འཕྱོང་རྒྱས་རི་བོ་བདེ་ཆེན་ནི། མཁན་ཆེན་ཉི་ཁྲི་འཛིན་པ་བློ་གྲོས་དཔལ་བཟང་དང་། འཕྱོང་རྒྱས་པ་ས་སྐྱོང་རྡོ་རྗེ་ཚེ་བརྟན་རྣམ་རྒྱལ་སྐྱིད་པ་དཔལ་བཟང་པོ་ཡོན་མཆོད་ཀྱིས་འགར་སྟོན་ཆོས་རྗེ་ཞེས་མཁས་གྲུབ་དགེ་ལེགས་དཔལ་བཟང་པོའི་དངོས་སློབ་མཁས་ཤིང་གྲུབ་པ་བརྙེས་པ་དེའི་ཞལ་བཀོད་ལྟར་གཙུག་ལག་ཁང་སྤྱིལ་མིག་སུམ་ཅུར་ཉེ་བ་བཏབ། ཨང་དང་གྲྭ་གྲངས་ལྔ་བརྒྱར་ཉེ་བ། 14.འཕྱོང་རྒྱས་སྤྱན་གཡས་ནི། སྤྲུལ་པའི་གཏེར་འདོན་གྲྭ་པ་མངོན་ཤེས་ཀྱིས་བཏབ། དགོན་སྟོད་དུ་ཨང་དང་གྲྭ་གྲངས་ལྔ་བཅུ་ང་གསུམ་དང་མཐིལ་པར་གྲྭ་བཙུན་སུམ་བརྒྱ་སྐོར། 15.བྱིང་བསམ་གཏན་རྩེ་ནི། བྱིང་པ་ཀུན་དགའ་རྒྱལ་མཚན་པས་བཏབ། ཨང་དང་གྲྭ་གྲངས་དགུ་བཅུ་སྐོར། 16.མོན་མཁར་བཀྲ་ཤིས་གདོང་དུ་མཁས་པ་མང་པོ་འདུས་པར་འཇམ་མགོན་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོས་ཉིན་གཅིག་ལ་གཞུང་ཆེན་བཅོ་ལྔའི་རྒྱ་གར་སྐད་དུ་དུས་གཅིག་ལ་དབུ་བཙུགས། སླར་ཡང་གཞུང་ཆུང་གཉིས་བསྣན་པོ་ཏི་བཅུ་བདུན་གྱི་བཤད་པ་མཛད། དེ་དུས་ཀྱི་བཞུགས་ཁྲི་ད་ལྟ་ཡང་མ་ཉམས་པར་མཆིས་སོ། ། 17.མོན་མཁར་ཕྱུགས་དགོན་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོ་བཙོང་ཁ་པ་ཆེན་པོའི་དངོས་སློབ་སྤྱན་སྔ་བསོད་ནམས་རྒྱལ་མཚན་ནམ་ལྷ་གཟིགས་རས་པ། ཉེར་གཉིས་རིན་པོ་སྟེ་མཚན་སུམ་ལྡན་དེས་བཏབ། ཨང་གཉིས་གྲྭ་གྲངས་ཉི་ཤུ་རྩ་བཞི་སྐོར། 18.གྲྭ་ནང་ཨར་དགེ་དགོན་ནི། བཀའ་གདམས་ཀྱི་དགེ་བཤེས་བྱ་འདུལ་བ་འཛིན་པའི་སློབ་མ་བྱང་ཆུབ་བརྩོན་འགྲུས་ཀྱིས་བཏབ། ཨང་གཉིས་གྲྭ་བཙུན་དགུ་བཅུ་སྐོར། 19.མོན་མཁར་དགའ་ལྡན་ལྷ་སྡིངས་ནི། འཇམ་མགོན་བཙོང་ཁ་པ་ཆེན་པོ་བཀྲ་ཤིས་གདོང་དུ་ཕེབས་སྐབས་ཆོགས་པར་གྲགས། གཞིས་དགོན་སེར་ཁྱིམ་ཨང་གཉིས་གྲྭ་བཙུན་བཅུ་དགུ་སྐོར། 20.ཡར་འབྲོག་གླང་ལུང་དགོན་ནི། གསང་བདག་ནམ་མཁའ་རྒྱལ་མཚན་གྱི་སློབ་མ་འཕྲེང་པོ་ལྷ་ལུང་པ་འཇམ་དབྱངས་ནམ་མཁའ་བཟང་པོས་བཏབ། ཨང་གཉིས་གྲྭ་བཙུན་དགུ་བཅུ་གོ་ལྔ་སྐོར། 21.གྲྭ་བྱམས་པ་གླིང་ནི། ཐུ་མི་སམ་བྷོ་ཊ་ནས་གདུང་རབས་བཅུ་གཉིས་པ་དྲུང་ཆེན་ཚུལ་ཁྲིམས་རྒྱལ་མཚན་ལ་སྲས་གཉིས་བྱུང་བའི་གཅེན་དགེ་བསྙེན་ལྷུན་གྲུབ་བཀྲ་ཤིས་ཀྱིས་བཏབ། ཨང་དང་གྲྭ་གྲངས་ཉིས་བརྒྱ་དང་ཉི་ཤུ་སྐོར། 22.གྲྭ་རི་བོ་རྣམ་རྒྱལ་ནི། རྗེའི་དངོས་སློབ་གནས་བརྟན་དགེ་འདུན་རྒྱལ་པོས་བཏབ། ཨང་དང་གྲྭ་གྲངས་དྲུག་ཅུ་སྐོར། 23.གྲྭ་བདེ་བ་གླིང་ནི། གནས་བརྟན་འོད་ཟེར་བཀྲ་ཤིས་ཀྱིས་བཏབ། ཨང་དང་གྲྭ་གྲངས་དྲུག་ཅུ་རེ་གསུམ་སྐོར། 24.འོན་དགའ་ལྡན་ཆོས་འཁོར་སྡིངས་ནི། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་དངོས་སློབ་འོན་པ་རྒོད་ཕྲུག་གྲགས་པ་འབྱུང་གནས་ཀྱིས་བཏབ། ཨིང་དང་གྲྭ་གྲངས་ལྔ་བཅུ་སྐོར། 25.ལོགས་དགའ་ལུང་ནི། ཕག་གྲུའི་སློབ་མ་ཤིང་དགོན་དཀར་བ་ཞེས་པས་བཏབ། ཨང་དང་གྲྭ་གྲངས་བཅོ་བརྒྱད་སྐོར་བཅས་སོ། །

Tibetan Source 《དགའ་ལྡན་ཆོས་འབྱུང་བི་སེར་》ཤ་216.1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number