11034

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྐར་མའི་འབྲས་བཤད་ཉི་ཤུ་རྩ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་སྐབས་བཅུ་གཉིས་པ་སྐར་ཡིག་སྐོར་ལས་བྱུང་བ་སྟེ།

1.སྨིན་དྲུག་མེ་ཁམས་བུད་མེད་ཀྱི། ། བླ་སྐར་ཆོས་སློབ་རྟེན་གསོག་གཡང་། ། རབ་གནས་སྦྱིན་སྲེག་དགེ་ལས་བཟང་། ། མཁར་ལས་ལམ་ཞུགས་དམག་སྐྱས་གཤིན། ། བག་མ་ངན་ཅིང་བུ་སྐྱེས་ན། ། ཚེ་སྟོད་ངན་ལ་ཚེ་སྨད་བཟང་། ། ཚེ་རིང་བུ་མོ་སྐྱེས་ན་ངན། ། མི་ཤི་དྲུག་ལ་ཟློས་པར་འགྱུར། ། 2.སྣར་མ་ས་ཁམས་གཡང་སྐར་ཡིན། ། རབ་འབྱུང་འཆད་ཉན་རབ་གནས་གཡང་། ། ལྷ་གསོལ་གཞི་འཛིན་དགྲར་རྒོལ་དང་། ། ཞི་རྒྱལ་ལས་བཟང་ལམ་ཞུགས་སྟོན། ། དམག་སྐྱེས་དུར་སོགས་བཟློག་པ་དང་། ། གཤིན་ལས་བག་མ་ངན་པ་ཡིན། ། བུ་སྐྱེས་བཟང་ལ་ཤི་ན་ངན། ། 3.མགོ་ནི་རླུང་ཁམས་བཙད་པོའི་སྐར། ། ཆོས་འཆད་རབ་བྱུང་རབ་གནས་གཉེན། ། ཁྱིམ་གསར་ལྷ་གསོལ་རྟེན་བཞེངས་དམག ། དགྲ་འདུལ་དྲག་ལས་བཟློག་གནན་བག་རྒྱས་ལས་བཟང་ལ་ཞི་བ་དབང་། ། རུང་ཙམ་བུ་སྐྱེས་བཟང་བ་ཡིན། ། བུ་མོ་ཁ་དྲག་ཕྱིར་གཏོང་དང་། ། ལམ་ཞུགས་གཤིན་དུར་ཕར་གཏོང་དང་། ། མི་ཤི་དག་ནི་ངན་པ་ཡིན། ། 4.ལག་ནི་ཆུ་ཁམས་བཤན་པའི་སྐར། ། རབ་བྱུང་རབ་གནས་གཡང་དགེ་ལས། ། དམག་དང་སྲི་མནན་བཟློག་པ་དང་། ། བསྒྲུབ་པ་ཚེ་འགུགས་དྲག་ལས་བཟང་། ། ལྷ་གསོལ་གཤིན་ལས་གཉེན་ལམ་ཞུགས། ། རྟེན་བཞེངས་གཏར་སྲེག་སྦྱིན་སྲེག་དང་། ། བག་མ་ཞི་རྒྱས་དབང་ལས་ངན། ། སྐྱེས་ན་རེ་ལྔ་འཚོ་བ་ཡིན། ། 5.ནབས་སོ་རླུང་ཁམས་ལུག་གི་བླ། ། རབ་བྱུང་རབ་གནས་ལྷ་གསོལ་གཡང་། ། ཆོས་འཆད་སྦྱིན་སྲེག་སྒྲུབ་མཆོད་ཁྱིམ། ། རྟེན་བཞེངས་བཟློག་པ་གཤིན་ལས་དང་། ། ལམ་ཞུགས་སྟོན་མོ་ཞི་རྒྱས་དབང་། ། བཟང་ཞིང་དམག་ཇག་བག་མ་གཏོང་། ། ངན་ཏེ་བཙས་ན་ལྔ་བཅུར་འཚོ། ། 6.རྒྱལ་ནི་མེ་ཁམས་ལུག་གི་བླ། ། རབ་བྱུང་རབ་གནས་དབང་སྒྲུབ་སྨན། ། ལམ་ཞུགས་རྟེན་བཞེངས་གཤིན་ལས་དང་། ། ཞི་རྒྱས་དབང་གི་ལས་ལ་བཟང་། ། ཁ་མཆུ་ཕར་འཇོལ་ཚོང་སྐྱས་དང་། ། མཁར་ལས་སྟོན་མོ་སྲི་མནན་འཛེམ། ། བག་མ་ཕར་ངན་ཚུར་ལེན་བཟང་། ། 7.སྐག་ནི་ཆུ་ཁམས་ཁྱི་གཅན་བླ། ། དམག་ཇག་གསོད་གཅོད་སྲི་མནན་ཚོང་། ། གཤིན་ལས་དྲག་ལས་རྣམས་ལ་བཟང་། ། ལྷ་གསོལ་རབ་གནས་སྨན་སྦྱོར་སྐྱེས། ། རྟེན་བཞེངས་དོན་གཉེན་ཁྱིམ་འཛིན་དང་། ། རབ་བྱུང་འཆད་ཉན་ནོར་སྒྲུབ་དང་། ། ཞི་རྒྱས་དབང་དང་དགེ་ལས་སྤང་། ། རོ་འདོན་ངན་ལ་བག་མ་ངན། ། སྐྱེས་བཟང་ལྔ་བཅུ་འཚོ་བ་ཡིན། ། 8.མཆུ་ནི་མེ་ཁམས་ཇག་པའི་བླ། ། རབ་བྱུང་དགེ་ལས་རྟེན་བཞེངས་མཐུ། ། བཟློག་གནན་སྦྱིན་སྲེག་དམག་ཁྱིམ་གཡང་། ། དབང་དྲག་རྒྱས་པའི་ལས་རྣམས་བཟང་། ། རབ་གནས་ལམ་ཞུགས་སྐྱེས་ལྷ་གསོལ། ། སྟོན་མོ་བག་མ་སྐྱེས་ན་ངན། ། ཤི་ན་བདུན་ཟློས་ཡུལ་མིར་ངན། ། 9.གྲེ་ནི་མེ་ཁམས་ཇག་པའི་བླ། ། རབ་བྱུང་འཆད་ཉན་གཉེན་ཡང་ཚོང་། ། ལྷ་གསོལ་མཁར་རྩིས་སྦྱིན་སྲེག་དང་། ། དབང་ལས་བཟང་ལ་རབ་གནས་དང་། ། གཤིན་ལས་སྟོན་མོ་དགྲ་འདུལ་དང་། ། ལམ་ཞུགས་བག་མ་དྲག་ལས་ངན། ། སྐྱེས་ན་ཚེ་ཐུང་ཤི་ན་འབྲིང་། ། 10.དབོ་ནི་རླུང་ཁམས་ལུག་གི་བླ། ། ཚེ་སྒྲུབ་རབ་གནས་འཆད་ཉན་གཡང་། །རྟེན་བཞེངས་ཡུལ་འཛིན་བཟློག་པ་གཉེན། ། སྟོན་མོ་བག་མ་དམག་ཕྱིར་གཏོང་། ། དབང་དྲག་ལས་བཟང་ལམ་ཞུགས་ངན། ། སྐྱེས་ན་ཚེ་རིང་ལོངས་སྤྱོད་ཆེ། ། 11.མེ་བཞི་རླུང་ཁམས་ལུག་གི་བླ། ། རབ་བྱུང་རབ་གནས་འཆད་ཉན་སྒྲུབ། ། ཁྱིམ་འཛིན་དུར་འདེབས་དགའ་སྟོན་དམག ། དོན་གཉེན་དབང་དྲག་ཞི་ལས་བཟང་། ། ཕྱིར་འཇལ་རོ་སྲེག་རྟེན་བཞེངས་སྐྱས། ། བག་མ་རྣམས་ངན་སྐྱེས་ན་མར། ། ངན་ཅིང་ཤི་ན་ཟློས་པར་འགྱུར། ། 12.ནག་པ་རླུང་ཁམས་གནག་རའི་བླ། ། རབ་བྱུང་རྟེན་བཞེངས་འཆད་ཉན་སྒྲུབ། ། བཟློག་པ་དཀར་ཕྱོགས་རྒྱས་དབང་བཟང་། ། རབ་གནས་ལྷ་གསོལ་ལམ་ཞུགས་དོན། ། ཁྱིམ་དུར་སྐྱས་དང་ཞི་དྲག་ངན། ། བག་མ་བུ་མོ་འཆི་བ་ཡིན། ། སྐྱེས་ན་ཉེར་བརྒྱད་བར་དུ་འཚོ། ། 13.ས་རི་རླུང་ཁམས་བན་དྷེའི་བླ། ། རབ་བྱུང་རབ་གནས་འཆད་ཉན་གཡང་། ། རྟེན་བཞེངས་བཟློག་མནན་ཁྱིམ་ལམ་ཞུགས། ། སྟོན་མོ་བག་མ་སྦྱིན་སྲེག་གཤིན། ། ཞི་རྒྱས་དབང་ལས་ཕལ་ཆེར་བཟང་། ། མཁར་ཞིང་ཕར་གཏོང་དོན་གཉེར་དང་། ། དུར་འདེབས་དྲག་ལས་ངན་པ་ཡིན། ། བཙས་ན་ཉི་ཤུ་དྲུག་ཅུར་འཚོ། ། 14.ས་ག་མེ་ཁམས་ཞིང་གི་བླ། ། རབ་བྱུང་རབ་གནས་འཆད་ཉན་ཁྱིམ། ། དོན་གཉེར་དགྲ་འདུལ་དབང་དྲག་བཟང་། ། ལྷ་རྟེན་དུར་གདབ་ལམ་ཞུགས་གཡང་། ། སྟོན་མོ་ཞི་རྒྱས་ལས་རྣམས་ངན། བག་མ་ཚུར་བཟང་ཕར་གཏོང་ངན། ། བཙས་ན་ཚེ་རིང་ཚེ་སྨད་བཟང་། ། 15.ལྷ་མཚམས་ས་ཁམས་བན་དྷེའི་བློ། ། རབ་བྱུང་རབ་གནས་དགེ་ལས་གཡང་། ། རྟེན་གསོལ་ཕར་རྒོལ་དམག་ཚེ་སྒྲུབ། ། ལམ་ཞུགས་དབང་དྲག་རྒྱས་ལས་བཟང་། ། ཁྱིམ་འབུབ་གཤིན་ལས་སྟོན་མོ་དང་། ། བག་མ་བཟློག་གནན་ཞི་ལས་ངན། ། བུ་བཙས་ཚེ་འབྲིང་བུ་མོ་ངན། ། མི་ནི་ཤི་ན་ལྔ་ལ་ཟློས། ། 16.སྒྲོན་ནི་ས་ཁམས་རའི་བླ་སྐར ། རབ་བྱུང་རབ་གནས་ཚེ་གཡང་འགུགས། ། ལྷ་གསོལ་གཡུལ་གཤོམ་མནན་གཏད་ཕུར། ། བསད་ལས་དྲུག་ལས་ཀུན་ལ་བཟང་། ། ལམ་ཞུགས་མཁར་སྨན་རྟེན་གཤིན་ལས། ། བག་མ་ཞི་རྒྱས་དབང་ལས་སྤང་། ། སྐྱེས་ན་ཚེ་ཐུང་མི་ཤི་འབྲིང་། ། 17.སྒྲུབས་ནི་ཆུ་ཁམས་དམིངས་པོའི་བླ ། རབ་གནས་རྟེན་བཞེངས་ཚོང་སྐྱས་སྟོན། ། གཤིན་ལས་དམག་དང་གསོན་ལས་དང་། ། དབང་དྲུག་ལས་ཀུན་བཟང་བ་ཡིན། ། ལམ་ཞུགས་དུར་འདེབས་ཁྱིམ་སྦྱིན་སྲེག ། བག་མ་ཞི་རྒྱས་ལས་རྣམས་སྤང་། ། བཙས་པ་རེ་གསུམ་ནོར་འབྲུའི་བདག ། ཤི་ན་ནོར་ལ་ངན་པ་ཡིན། ། 18.ཆུ་སྟོད་ཆུ་ཁམས་ཤ་མར་ནས། ། བླ་སྐར་རབ་བྱུང་རབ་གནས་དང་། ། ཚེ་སྒྲུབ་སྦྱིན་སྲེག་ལམ་ཞུགས་དང་། ། དགྲ་འཐོབ་དྲག་པོའི་ལས་རྣམས་བཟང་། ། གཤིན་ལས་སྐྱས་སྟོན་བག་མ་དང་། ། ཞི་རྒྱས་ལས་སྤང་བུ་སྐྱེས་ན། ། ཚེ་རིང་ཤིན་ཏུ་བཟང་བ་དང་། ། བུ་མོ་ངན་ལ་མི་ཤི་ན། ། ནོར་ལ་ངན་པར་འགྱུར་བ་ཡིན། ། 19.ཆུ་སྨད་ས་ཁམས་འབྲུའི་བླ་སྐར། ། རབ་གནས་འཆད་ཉན་ཚེ་སྒྲུབ་གཡང་། ། རྟེན་བཞེངས་གཤིན་ལས་བཟློག་པ་སྐྱས། ། བག་མ་ཞི་རྒྱས་དབང་ལས་བཟང་། ། རོ་སྲེག་ལམ་ཞུགས་དྲག་ལས་འཛེམ། ། བཙས་ན་ཚེ་རིང་ཕྱུག་པས་བཟང་། ། ཤི་ན་ནོར་ལ་ངན་པ་ཡིན། ། 20.གྲོ་བཞིན་ས་ཁམས་བོན་པོའི་བླ། ། ལྷ་གསོལ་རྟེན་བཞེངས་ཚོང་གཉེན་གཡང་། ། ཁྱིམ་འཛིན་བཟློག་པ་ལམ་ཞུགས་དང་། ། མྱུར་བའི་ལས་བཟང་རབ་བྱུང་དང་། ། རབ་གནས་གཤིན་ལས་དམག་སྟོན་སྤང་། ། བག་མ་ཤིས་ལོ་ཞི་དྲག་ནི། ། རུང་ཙམ་དབང་རྒྱས་ངན་པ་ཡིན། ། བཙས་ན་དྲུག་ཅུར་འཚོ་བ་ཡིན། ། 21.བྱི་བཞིན་ས་ཁམས་གཤིན་པོའི་བླ། ། རབ་གནས་ལྷ་གསོལ་དགྲ་རྒོལ་དང་། ། གཤིན་ལས་བཟང་ཞིང་ཚེ་ནོར་སྒྲུབ། ། ཞི་རྒྱས་དྲག་ལས་ཕལ་ཆེར་ངན། ། བག་མ་གཏོང་ལེན་སྤང་བར་བྱ། ། བཙས་ན་དྲུག་ཅུ་སྟོབས་ལྡན་བཟང་། ། 22.མོན་བྲེ་ཆུ་ཁམས་རྟ་བོན་བླ། ། རབ་བྱུང་རབ་གནས་དབང་གཡང་སྨན། ། རྟེན་བཞེངས་ཁྱིམ་འཛིན་ལམ་བཞུགས་དམག ། ཆོས་སྟོན་ལྷ་གསོལ་དབང་དྲག་བཟང་། ། གཤིན་ལས་བཟློག་གནན་སྐྱས་བག་མ། ། ཞི་རྒྱུས་ལས་ལ་འཛེམ་པར་བྱ། ། བཙས་ན་དྲུག་ཅུ་ནོར་འཕེལ་བཟང་། ། ཤི་ན་གཅིག་ལ་ཟློས་པ་ཡིན། ། 23.མོན་གྲུ་ས་ཁམས་རྟ་བོང་བླ། ། ཆོས་འཆད་རབ་བྱུང་རབ་གནས་དབང་། ། རྟེན་བཞེངས་གཤིན་ཆོས་ལམ་ཞུགས་གཡང་། ། དམག་དང་ཞི་རྒྱས་དབང་ལས་བཟང་། ། དྲག་ལས་རུང་ཙམ་བཟློག་པ་དང་། ། བག་མ་ངན་ལ་བཙས་པ་ནི། ། མྱུར་དུ་མ་ཤི་ཕྱུག་ཅིང་བཟང་། ། ཤི་ན་ཡུལ་དེར་ངན་པ་ཡིན། ། 24.ཁྲུམས་སྟོད་མེ་ཁམས་བན་དྷེའི་བླ། ། དབང་བསྐུར་རབ་གནས་ཚེ་འགུགས་གཉེན། ། ལྷ་གསོལ་སྦྱིན་སྲེག་ས་འཛིན་སྨན། ། གཤིན་ལས་སྐྱས་ཚོང་དགེ་ལས་བཟང་། ། ལམ་ཞུགས་བག་མ་ཞི་རྒྱས་ངོན། ། དབང་དྲག་རུང་ཙམ་བཙས་གྱུར་ན། ། གོ་ལྔ་གཤིས་ངན་བླུན་པ་ཡིན། ། 25.ཁྲུམས་སྨད་ཆུ་ཁམས་གཤིན་གྱི་བླ། ། རབ་གནས་ལམ་ཞུགས་འཆད་ཉན་དབང་། ། རྟེན་བཞེངས་བཟློག་མནན་གཤིན་ལས་ཚོང་། ། དབང་དྲག་མྱུར་བའི་ལས་རྣམས་བཟང་། ། ལྷ་གསོལ་ཁྱིམ་འཛིན་སྟོན་མོ་གཡང་། ། བག་(འཕྲོས་མི་གསལ་བ་གཞུང་གཞན་ནས་ཁ་སྐོང་བྱས་པ་ནི་ཇིབྷིར་ཧོར་གྱི་བཙུན་མིང་འཇིགས་མེད་ནམ་མཁའི་རྡོ་རྗེས་མཛད་པ་དཔྱད་གསུམ་འབྲས་རྩིས་རཉྫའི་བང་མཛོད་སྣང་བའི་དགའ་སྟོན་ཞེས་བྱ་བ་ལས་འདི་ལྟ་སྟེ། ལྷ་གསོལ་གཡང་འགུགས་འདུ་ལོང་བྱེད། ། མཁར་ལས་ཁྱིམ་འཛིན་གྲོང་ཁྱེར་བརྩིག ། གཏེར་སྲེག་ཐབ་བཅའ་སྦྲ་ཕྱར་འཚེམ། ། གསོན་ལས་དོན་གཉེར་སྟོན་མོ་བསྡུམས། ། མཐོང་འཛུགས་ཆུ་རགས་སྐྲ་སེན་འབྲེག ། ལྟད་མོ་བུ་མོ་བཙས་དང་ཤིང་། ། ཞི་རྒྱས་བག་མི་དུར་འདེབས་ངོན། ། བུ་བཙས་ལྔ་བཅུའམ་དྲུག་ཅུ་འཚོ། ། ཞེས་ཤིང་པར་མའི་33ན་3པར་འཁོད་པ་འདིར་ཁ་སྐོང་གི་ཚུལ་དུ་བཀོད་པ་ལགས་སོ། །) 26.ནམ་གྲུ་ཆུ་ཁམས་རྩིས་པའི་བླ། ། རབ་བྱུང་རབ་གནས་ཆོས་འཆད་སྒྲུབ། ། སྟོན་མོ་གཡང་སྨན་ཁྱིམ་ཚོང་དང་། ། གཤིན་ལས་ཞི་བ་དབང་ལས་བཟང་། །རྒྱས་ལས་རུང་ཙམ་ལམ་ཞུགས་དམག ། བཟློག་པ་བརྟན་ལས་དྲག་ ལས་ངན། ། བག་མ་བྱས་ན་བུ་མི་སྐྱེ། ། བཙས་ན་དགུ་བཅུ་འཚོ་བས་བཟང་། ། 27.ཐ་སྐར་རླུང་ཁམས་རྐུན་པོའི་བླ། ། ཆོས་འཆད་རབ་བྱུང་དམག་དང་ཚོང་། ། གཤིན་ལས་ལམ་ཞུགས་དྲག་འདུལ་དང་། ། བཟློག་པ་ལས་བཞི་ཀུན་ལ་བཟང་། ། བཙོན་ཚུད་ཞག་པོ་གསུམ་ནས་ཐར། ། སྨན་གཉེན་བག་མ་སྐྱས་བྱེད་ངན། ། བཙས་ན་བརྒྱད་ཅུ་ཆོས་ལ་མོས། ། ཤི་ན་ཁྱིམ་མཚེས་དག་ལ་ངན། ། 28.བྲ་ཉེ་མེ་ཁམས་རའི་བླ་གཟའ། ། དགྲ་མནན་ལིངྐ་ཟོར་འཕེན་དང་། ། རོ་སྲེག་དབང་དྲག་ལས་རྣམས་བཟང་། ། ལྷ་གསོལ་རྟེན་བཞེངས་དམག་གཉེན་ལམ། ། རབ་གནས་སྦྱིན་སྲེག་ཞི་རྒྱས་ལས། ། འཛེམ་ཞིང་བག་མ་གཏོང་ལེན་ངན། ། ཤི་ན་གསུམ་ལ་ཟློས་པ་ཡིན། ། བཙས་ན་ནད་མེད་གོ་ལྔར་འཚོ། །

Tibetan Source 《མདོ་རྒྱུད་མཛོད་ཡ་པ་》ཤ་591.3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number