11038

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྒྱུ་སྐར་ཉེར་བརྒྱད་ཀྱི་འབྲས་བཤད།
Tibetan Alternate
Tibetan Definition 1.དབྱུག་གུ་སྐར་གསུམ་རྟ་མགོའི་མགུལ། ། རུས་ནི་རྟ་འཇིག་ལྷ་དྲི་ཟ། ། ཟས་ཤ་སྦྲང་རྩི་རླུང་གི་ཁམས། ། དགྲ་སྐར་མི་བརྟན་རྐུན་པོའི་བླ། ། ཆོས་འཆད་རབ་བྱུང་སྡོམ་པ་འབེབས། ། ལྷ་གཡང་དགེ་ལེགས་དྲ་གྱོན་ཚོང་། ། སྲི་མནན་དམག་དང་རོ་འདོན་རྩོད། ། ཐབ་འཆའ་བ་དན་རྒྱལ་མཚན་འཛུགས། ། གཤིན་ལས་དུར་སྤོ་སྐྲ་སེན་འབྲེག སྐྲ་འཁྲུ་རྫིང་ཡུར་ཁྲོན་པ་འདྲུ། ། དོན་གཉེར་བོན་ཆོག་ཕྱུགས་འདུལ་བསྡུམས། ། མཆོད་བཟོ་ཕྱིར་འཇལ་ཁྱི་བསྟེན་ལམ། ། དགྲ་འདུལ་རྐུན་ཇག་ཡུལ་དབྱུང་བ། ། བཟློག་པ་བྱོལ་ཟོར་ཡུགས་ས་བོར། ། གྲ་སྒྲུབ་བོན་རྫོང་གཏམ་ཁུངས་བཅད། ། དམིགས་བསལ་མ་གཏོགས་ལས་བཞི་དང་། ། རིམ་གྲོ་ལྟད་མོ་མིང་འདོགས་བཟང་། ། བཙོན་ཚུད་ཞག་པོ་གསུམ་ན་ཐར། ། ས་དབྱེ་འདུ་ལོང་ཆེན་པོའི་ལས། ། རྒྱན་འདོགས་སྨན་སྦྱོར་གསོན་ལས་གཉེན། ། མཁར་ལས་གཏར་སྲེག་ཚེ་འགུགས་སྐྱས། ། རྩིག་རྨང་འདིང་དང་བག་མ་དང་། ། བུ་སྲིང་ཕྱིར་གཏོང་ལ་སོགས་ངན། ། གང་སྐྱེས་ལོ་ནི་དྲུག་ཅུ་ནུས། ། བརྒྱུད་ཅུའི་བར་འཚོ་ལྕེ་བདེ་ཞིང་། ། གཟུགས་བཟང་ཆོས་དཀར་སྨན་པའི་རིགས། ། གླུ་གར་རོལ་མོའི་སྒྲ་ལ་མཁས། ། བློ་ལུས་མི་བརྟན་སྡོད་མི་ཚུགས། ། ནད་བཏབ་འགྲུལ་དང་ཆུ་ཡི་ལས། ། གཅན་གཟན་གོས་ལོན་གཏོ་ཐབས་ལ། ། རྟེན་ཕྱེའི་རྟ་ཡི་གཟུགས་ཀྱི་ཁར། ། ཉ་སྐམ་དང་ནི་མེ་ཏོག་བཅུག ནད་པར་བསྐོར་ཞིང་བསྒྱུར་བས་གྲོལ། ། ཤི་ན་ཁྱིམ་མཚེས་དག་ལ་ངན། ། ལྟས་བྱུང་ནང་འཁྲུག་རླུང་ཆེན་ལྡང་། ། རིམས་ནད་སྔགས་བོན་རྣམས་ལ་ངན། ། འདི་ལ་ཆར་བབས་ཐོན་པ་འབྱུང་། ། སྐུར་ཆུང་དྲག་པོ་སྟོབས་ལྡན་ཞེས། ། དྲག་ལས་རོ་འདྲེན་ཤིན་ཏུ་བཟང་། ། སྒྲིབ་ན་རྟ་ཡི་ཐོད་པ་ནི། རང་གི་སྟེང་དུ་བཟུང་བས་ཐུབ། །

2.བྲ་ཉེ་སྐར་གསུམ་མོ་མཚན་དབྱིབས། ། རུས་ནི་ཝན་ལྷོ་གཤིན་རྗེ། ། ཁ་ཟས་ཏིལ་འབྲས་མེ་ཡི་ཁམས། ། དམེ་སྐར་འཕུང་བྱེད་ར་ཡི་བླ། ། གནག་མཚོན་འཁོར་བསྟེན་རྟ་ཕྱུགས་ཉོ། ། ལིང་འདྲི་དགྲ་མནན་ཡུགས་སྐུ་འཁྲུ། ། ཟོར་འཕེན་འདྲེ་བསྐྲད་ར་ཕྱུག་ལེན། ། རང་འཐག་སྐྱེད་འཛུགས་ས་གཞི་ཚོང་། ། སྲི་མནན་ཀུན་མ་སྔགས་བཟླ་དང་། ། རིགས་ངན་ཤིང་བྱེད་དབང་དྲག་ལས། ། ཡུགས་ས་ཕོ་མོ་གསོ་བ་དང་། ། ལིངས་བྱེད་བྲེས་འཆོས་གཏད་སེལ་འཛུགས། ། རོ་བསྲེག་དབང་བསྐུར་མིང་འདོགས་བཟང་། ། ལྷ་གསོལ་མཁར་ལས་ས་བོན་གདབ། ། ལྷ་ཁང་རྟེན་བཞེང་རྒྱལ་སར་བསྐོ། ། དགེ་བཤེས་ཆེ་འདོན་ཆོ་ག་དང་། ། དྲ་གྱོན་མོ་རྩིས་བང་མཛོད་བརྩིག ། ཕྱིར་འཇལ་དུར་འདེབས་བཟློག་རིམ་བྱ། ། ཞལ་ཆེ་དམག་དྲང་ས་ཁ་དབྱེ། ། ར་འཇལ་ཚོང་བྱེད་གཉེན་སྦྱོར་ལམ། མི་ཤི་གསུམ་ཟློས་མོད་ལ་སྦ། ། ཞི་རྒྱས་ལས་དང་རབ་གནས་བྱ། ། གཡང་བསླན་སྐྱེ་ཤིང་འཛུགས་པ་དང་། ། སྨན་སྦྱོར་གཏར་སྲེག་སྦྱིན་སྲེག་གཏད། ། རྒྱལ་མཚན་བ་དན་འཕྱར་འཛུགས་དང་། ། དོན་གཉེར་ཚེ་ནོར་སྒྲུབ་པ་སོགས། ། དགེ་ལས་དཀར་ཕྱོགས་བྱ་བ་འཛེམ། ། བག་མ་གཏོང་ལེན་བུ་སྐྱེས་ངན། ། ཕོ་མོ་གང་སྐྱེས་སེམས་བརྟན་ཞིང་། ། ནད་མེད་བདེན་སྨྲ་སྙིང་རྗེ་ཆུང་། ། ཚེ་ལོ་སུམ་ཅུ་རྩ་དྲུག་གམ། ། རིང་ན་དགུ་བཅུ་རྩ་ལྔ་འཚོ། བཟོ་ལ་མཁས་ཤིང་བརྩོན་འགྲུས་ཆེ། ། སྙིང་རྗེ་ཤིན་ཏུ་ཆུང་བས་ན། ། ཕྱི་མ་དམྱལ་བའི་གནས་སུ་སྐྱེ། ། ནད་བཏབ་མྱ་ངན་སར་ཕྱིན་ལན། ། རྟེན་ཕྱེའི་གླང་གི་གཟུགས་ཀྱི་ནི། ། ཁ་དང་རྣ་བར་ཡུངས་ཀར་བླུག ནད་པར་བསྐོར་ཞིང་བཞི་མདོར་སྐྱུར། ། མི་ཤི་གསུམ་ཟློས་མོད་ལ་སྦ། ། ལྟས་བྱུང་མགོ་ནད་མིག་ནད་དང་། ། བད་ཀན་ནད་འབྱུང་འབྲུ་དཀོན་ཞིང་། ། གྲོང་ཁྱེར་མེས་ཚིག་རྒྱ་ནག་ངན། ། ཆར་བབས་སླར་ཡང་འབབ་པ་ཡིན། ། སྐར་ཆུང་ཕུང་རྒྱུབ་ཅན་ཞེས་པ། ། དགྲ་འདུལ་ཡུལ་ཕྱོགས་རྩོད་པ་སོགས། ། གཤིན་གྱི་ཆང་བཙོ་སྐྱེད་འཛུགས་འབྲིང་། ། སྒྲིབ་ན་གླང་ལུག་ཐོད་པ་ནི། ། རང་གི་ཕྱོགས་སུ་འཕྱར་བས་ཐུབ། ། 3.སྨིན་དྲུག་སྐར་དྲུག་སྤུ་གྲིའི་དབྱིབས། ། རྗེ་རིགས་མེ་ལྷ་ཟས་ནི་ཞོ། ། མེ་ཁམས་ཟློས་སྐར་བུད་མེད་བླ། ། བཏང་སྙོམས་ཅན་ལ་དགེ་ཆོས་འགྲུབ། ། ཆོས་སློབ་ལྷ་ཁང་མཆོད་རྟེན་གསོ། ། རབ་གནས་ལྷ་གཡང་མངའ་གསོལ་བྱེད། ། སྦྱིན་སྲེག་ཡོན་འབུལ་སྨན་སྦྱོར་རྩིས། ། རྒྱན་འདོགས་སྐྱིད་སྟོན་རྒྱལ་སར་བསྐོ། ། ཐབ་འཆའ་ཚུར་ལེན་སྦྲ་ཁྱིམ་འབུབས། ། གཉེན་ཕྲད་རྟ་རྒྱུག་སྒ་རྒྱག་པ། ། ལྟད་མོ་སྐྲ་འཁྲུ་བཙོན་བཟུང་བ། ། རིན་ཆེན་བཟོ་དང་བུད་མེད་བསྟེན། ། ཆུ་རགས་དཀར་ཕྱོགས་བྱ་བ་བཟང་། ། མཁར་ལས་ཕར་འཇལ་ལམ་ཞུགས་ཤིང་། ། རྒྱལ་མཚན་བ་དན་བང་མཛོད་དབྱེ། ། རྫིང་ཡུར་ཞིང་འདེབས་ས་ཁ་དབྱེ། ། དྲ་གྱོན་དམག་ཇག་དྲག་ལས་སྐྱས། ། གཤིན་ལས་ཤིད་སྟོན་སྲི་གནོན་དང་། ། བག་མ་ཁྱོར་ངན་སྐྱེད་ཁ་འདྲེན། ། བུ་འབོགས་མེ་ཏོག་ཤིང་འཛུགས་འཛེམ། ། བུ་སྐྱེས་སྙན་གྲགས་ལོངས་སྤྱོད་འཕེལ། ། མཁས་ཤིང་དཔའ་བ་ཚེ་སྟོད་ངན། ། ཚེ་སྨད་བཟང་ཞིང་ཚེ་རིང་འགྱུར། ། བུ་མོ་སྐྱེས་ན་ངན་པའོ། ། ནད་བཏབ་མི་གཙང་མནོལ་གྱིས་ལན། ། རྗེན་ཕྱིའི་གཟུགས་ཁར་ཞོ་བླུག་པ། ། ནད་པར་བསྐོར་ཞིང་བསྒྱུར་ན་ཕན། ། མི་ཤི་དྲུག་ཟློས་མོད་ལ་སྦ། ། ལྟས་བྱུང་ཐན་པ་འགོ་ནད་དང་། ། མིག་ནད་འགྲོ་ཀུན་གྲོང་ཁྱེར་འཚིག ། འདི་ལ་ཆར་བབས་ཕྱིས་ནས་འཐེན། ། སྐར་ཆུང་མཐེབ་ཆུང་ཟུར་ཕུད་ཅན། ། ཉི་མ་རྩེ་ཤར་ཅི་ཡང་བཟང་། ། སྒྲིབ་ན་སྤྲེའུའི་ཐོད་པའི་གཟུགས། ། རང་གི་ཕྱོགས་ནས་བསྟན་ན་ཐུག ། 4.སྣར་མ་སྐར་ལྔ་ཤིང་རྟའི་དབྱིབས། ། རུས་ནི་གོ་འུ་ཏ་མ་ལ། ། ས་ཁམས་གཡང་གི་སྐར་མ་སྟེ། ། ཟས་ནི་ཞོ་སྦྲང་རབ་ཏུ་བརྟན། ། ཡུལ་མཁར་གནས་གཞི་བཟུང་རྒྱལ་ས། ། རབ་བྱུང་འཆད་ཉན་རབ་གནས་བྱ། ། སློབ་གཉེར་ལྷ་གསོལ་ཚེ་གཡང་སྐྱོབ། ། ཕྱུགས་སྦྱར་སྨན་སྦྱོར་ནོར་ཕྱུགས་ལེན། ། མདུན་གྲོས་མཁར་བརྩིག་བྲེས་འཆོས་པ། ། ཉོ་ཚོང་གཏར་སྲེག་དགྲ་ལ་རྒོལ། ། ས་བོན་རྟ་འདུལ་སྒོ་རྒྱག་རྒྱུག ། བུ་ལོན་སྙེག་དང་ཕོ་མོ་བཙས། ། ཀུན་ར་བརྩིག་དང་ཞི་རྒྱས་ལས། ། དྲ་གྱོན་སྐྲ་འཁྲུ་བང་མཛོད་བཅའ། ། དོན་གཉེར་ཤར་བཟང་ས་ཁ་དབྱེ། ། སྦྲ་ཁྱིམ་ཕྱི་ཐེར་འཚེམ་འབུབས་བཟང་། ། ལམ་ཞུགས་སྟོན་མོ་ཕྱུགས་ནོར་འཇལ། ། དམག་ཇག་འཕོ་སྐྱེས་རུས་བུ་སྤོ ། མི་ཤི་ནོར་ངན་ཕྱུགས་གཡང་སྐར། ། གཉེན་བྱེད་བཟློག་པ་སྐྲ་སེན་འབྲེག ། བུ་སྲིང་རྫོང་དང་གཤིན་ལས་འཛེམ། ། བག་མ་གཏོང་ལེན་གཉིས་ཀ་ངན། ། བུ་སྐྱེས་ཚེ་རིང་གཟུགས་བཟང་མཛེས། ། ཕྱུག་ཅིང་ཆོས་ལྡན་གཡོ་སྒྱུ་ཆུང་། ། དཔའ་ཞིང་ཕུན་ཚོགས་དགྲ་ལས་རྒྱལ། ། ནད་བཏབ་ཐབ་དང་གཞོབ་ཀྱིས་ལན། ། རྗེན་ཕྱེའི་ཁྱི་ ཡི་གཟུགས་ཀྱི་ཁར། ། མར་བཅུག་ནད་པར་བསྐོར་ལ་བསྐྱུར། ། ཕོ་མོ་གང་ཤི་ནོར་ལ་ངན། ། ལྷས་བྱུང་རྒྱལ་སྲིད་བདེ་བ་དང་། ། འབྲས་བུ་རྒྱས་ལ་འཁྲུག་པ་ཞི། ། ཆར་བབས་ཕྱིས་ཆེ་འབྲུ་མི་སྐྱེ། ། སྐར་ཆུང་ལྷ་མོ་གཡང་སྐྱོང་བྱེད། ། ཕྱི་རུ་དབང་བསྐུར་གཡང་ལོན་བཟང་། སྒྲིབ་ན་ཁྱི་ཐོད་རང་སྟེང་བསྟེན། ། 5.མགོ་ནི་སྐར་གསུམ་རི་དྭགས་མགོ ། རུས་ནི་བ་རབྷུ་ཛ་དང་། ། ལྷ་ནི་ཟླ་བ་ཟས་སུ་ནི། ། རི་དྭགས་ཤ་ཟ་རླུང་གི་ཁམས། ། མྱུར་བཟང་དམེ་སྐར་བཙད་པོའི་བླ་། ཆོས་འཆད་རབ་བྱུང་རབ་གནས་གཉེན། ། ཁྱིམ་གསར་སྒོ་འཛུགས་ལྷ་གསོལ་གཡང་། ། གསོན་ཆོས་རྒྱན་སྤྲོས་ཤིང་བཟོ་ཁྲོམ། ། ཞིང་ལས་གསོན་ལས་རྒྱལ་སར་བསྐོ། ། སྨན་སྦྱོར་བློ་གྲོས་གཞི་འདིང་བ། ། མཁར་ལས་ལྷ་ཁང་རྟེན་བཞེང་ཁྲུས ། དམག་ཇོག་དགྲ་འདུལ་མོ་རྩིས་བྱ། ། དྲག་ཅིང་རྩུབ་པའི་ལས་རྣམས་དང་། ། ཐབ་འཆའ་འདུ་ལོང་རྒྱལ་མཚན་འཛུགས། ། ནོར་བླང་དྲག་ལས་འདྲེ་འདུལ་བ ། བཟློག་པ་སྲི་མནན་ས་ཁ་དབྱེ། ། སྐྲ་སེན་འབྲེག་དང་རྟ་རྒྱུག་བཟོ། ། རྟ་བོང་དྲེའུ་སྒོ་རྒྱག་བཅོས། ། སྟོན་མོ་ཚོང་དང་མིང་འདོགས་ལྟད། ། ཕྱུགས་འདུལ་རྩེད་མོ་འདོད་དོན་སྒྲུབ། ། དྲག་རྒྱས་བཟང་ལ་དབང་ཞི་རུང་། ། དགེ་ལེགས་མེ་ཏོག་ཤིང་འཛུགས་བཟང་། ། མི་ནོར་ཕྱིར་གཏོང་ལམ་ཞུགས་ཤིང་། ། གཤིན་ལས་དུར་འདེབས་ཁ་སྨྲས་དང་། ། འཇམ་ལས་ཞལ་ཆེ་འཕོ་སྐྱས་བྱེད། ། དྲ་གྱོན་ཤི་བ་མགོ་འཆི་ངན། ། བག་མ་ཚུར་བཟང་པར་གཏོང་ངན། ། བུ་སྐྱེས་ཚེ་ལོ་ཉེར་བརྒྱུད་དམ། ། ཡང་ན་རེ་གཉིས་དགུ་བཅུ་འཚོ། ། ཆོས་ལྡན་སྡོམ་བརྩོན་བདེན་པར་སྨྲ། ། དཔའ་ཞིང་བློ་གསལ་ལོངས་སྤྱོད་ཆེ། ། བུ་མོ་བཙས་པ་ཁ་དྲག་ཟེར། ། ནད་བཏབ་འཁོན་དང་ཡུགས་ཀྱིས་ལན། ། རྗེན་ཕྱེའི་ཁྱི་ཡི་གཟུགས་ཀྱི་ཁར། ། རི་དྭགས་ཤ་བཅུག་ནད་བསྐོར་བསྐྱུར། ། ལྟས་བྱུང་འཁྲུག་རྩོད་རླུང་ཆེན་ལྡང་། ། རིམས་ནད་མང་ཞིང་སྔགས་བོན་དང་། ། འཕགས་ཡུལ་བར་ངན་ཆར་བབས་ཆེ། ། མགོ་ལག་བར་འདིར་སྐར་ཆུང་ཉིད། ། མེད་པར་རྒྱུད་སྡེ་ཕལ་ཆེར་བཤད། ། དུར་མཛོད་ཡོད་པར་བཤད་པ་ལྟར། ། སྐར་ཆུང་མ་ནམ་ཉི་དྲོས་ཡོང་། ། འདི་ལ་མི་ཤི་བྱུང་བ་ངན། ། སྒྲིབ་ན་ཝ་ཐོད་རང་སྟེང་འཕྱར། ། 6.ལག་ནི་སྐར་གཅིག་ཐིག་ལེའི་དབྱིབས། ། རིགས་ནི་དམངས་པོ་ཟས་ཁྲག་ཆུ། ། ལྷ་ནི་གཏམ་དྲག་བཤན་པའི་བླ། ། ཆུ་ཁམས་མགྲོན་སྐར་འབྲས་བུ་ངན། །གཡང་ལོན་བཟོ་ཡི་ཞལ་ཆེ་གཅོད། ། རབ་བྱུང་རབ་གནས་དགེ་ལས་སྒྲུབ། ། རྒྱན་སྤྲོས་སྐྲ་འཁྲུ་ས་བོན་གདབ། ། རོ་ལམ་གཏོད་པ་འཇལ་ལེན་བྱེད། ། དམག་ཇག་དྲག་ལས་གསོད་གཅོད་རྐུ། ། འཐབ་རྩོད་དགྲ་ཡི་སྲི་སྒྲུབ་པ། ། ཚེ་འགུགས་བོན་ཆོག་སྲི་མནན་བྱ། ། མོ་འདེབས་བཟློག་པ་རྫིང་ཡུར་འཚོས། ། མཐོ་ལ་ཞུ་འབུལ་ཐུག་འགྱེད་པ། ། མེ་ཏོག་སྐྱེ་ཤིང་འཛུགས་པ་བཟང་། ། ལྷ་གསོལ་བ་དང་གཤིན་ལས་རིགས། ། གཉེན་དང་ཕྱུགས་འཇལ་དོན་གཉེར་སྐྱས། ། དྲ་གྱོན་ལམ་ཞུགས་རྒྱལ་ས་བསྡུམས། ། ལྷ་ཁང་རྟེན་བཞེང་བ་དན་འཛུགས། ། གཏར་ཁ་མེ་བཙའ་སྦྲ་ཕྱར་འཚེམ། ། ཐབ་བཅའ་ཆུ་རགས་རྒྱག་པ་དང་། ། ཞི་རྒྱས་དབང་དང་བཀྲ་ཤིས་ལས། ། སྦྱིན་སྲེག་བྱ་སོགས་ཕལ་ཆེར་ངན། ། བག་མ་བྱས་ན་ཁྱོ་ལ་ངན། ། གང་སྐྱེས་ཚེ་ལོ་སོ་ལྔའམ། ། རེ་ལྔ་ཆོམ་པོའི་ལས་ཀྱིས་འཚོ། ། གཏུམ་ཞིང་གཡོ་མེད་ལག་མི་བཟོ། ། དབུལ་ཞིང་ང་རྒྱལ་སྡིག་ལ་དགའ། ། ཁྱད་པར་བུ་སྐྱེས་རྩལ་ཆེ་བ། ། བུ་མོ་བལ་གྱི་ལས་ལ་སྐྱེན། ། ནད་བཏབ་འཁོར་མང་དབུས་ཕྱིན་ལོན། ། ལག་པར་ནད་ཡོང་རྟེན་གྱི་ནི། ། ཁྱི་གཟུགས་ཁ་ལ་ཁྲག་བླུག་པ། ། ནད་པར་བསྐོར་ལ་བསྐྱུར་བར་བྱ། ། ལྟས་བྱུང་ཆར་བབས་སྦྲུམ་མ་བདེ། ། ནད་མེད་སྨན་དང་རི་དྭགས་འཕེལ། ། ལོར་ངན་ཆར་བབས་ཕྱིས་ནས་འགྱངས། ། ཟེའུ་སྙིང་གབ་གུད་གཉིས་ཡོད། ། དེ་ལ་བྱ་བ་ཐམས་ཅད་བཟང་། ། སྒྲིབ་ན་བ་ཐོད་རང་སྟེང་འཕྱར། ། 7.ནབས་སོ་སྐར་གཉིས་ཁྲི་ནང་དབྱིངས། ། ཉི་མའི་ལྷ་དེ་རུས་དབང་བྱེད། ། ཟས་འཁུར་རླུང་ཁམས་གཡང་སྐར་ཏེ། ། མྱུར་ཞིང་འགྱུར་བ་ལུག་གི་བླ། ། རང་བྱུང་རབ་གནས་ཆོས་འཆད་དབང་། ། ལྷ་གསོལ་གཡང་འགུགས་སྦྱིན་སྲེག་བྱ། ། སྒྲུབ་མཆོད་སློབ་གཉེར་དཀྱིལ་འཁོར་བྲི། ། ས་བོན་ཐོག་འབུབས་རྩིག་རྨང་འདིང་། ། སྐྱེད་འཛུགས་ཐུག་འབྱེད་བུ་ལོན་འཇལ། ། ཁ་སྨྲས་ཚུར་འགུགས་འཐབ་མོ་ཤིད། དོན་གཉེར་རྒྱན་སྤྲོས་རྒྱལ་སར་བསྐོ། ། སྨན་སྦྱོར་དྲ་གྱོན་མོ་རྩིས་བྱ། ། མཁར་ལས་ཁྱིམ་འཛིན་གྲོང་ཁྱེར་བརྩིག ། ལྷ་ཁང་རྟེན་བཞེང་བཟློག་པ་ཟོར། ། འཁོར་བསྟེན་ཕྲ་མོའི་ལས་རིགས་བརྩམ། ། ཕྱུགས་འཇལ་གཤིན་ལས་བང་མཛོད་བཅའ། ། ཞིང་འདེབས་ས་དབྱེ་སྦྲ་ཕྱིར་འཚེམ། ། ལམ་ཞུགས་ཚོང་དང་ལུག་ནད་ལེན། ། རྟ་བོང་སྒོ་རྒྱག་གཏར་སྲེག་བཅོས། ། ཞུ་བ་གསོལ་དང་མིང་འདོགས་པ། ། དབང་དང་རྒྱས་པ་ཞི་བའི་ལས། ། སྟོན་མོ་གསོན་པོའི་བྱ་བ་བཟང་། ། བུ་འབོགས་རོ་འདོན་འབྲིང་དུ་བྱེད། ། དམག་ཇག་ཕར་རྒོལ་ལུག་འཇལ་དྲག ། ནོར་གཏོང་ས་འཛིན་ལྷ་ཁང་བཤིག ། ཐབ་ཁོ་འཛུགས་དང་སྡིག་ལས་འཛེམ། ། བག་མ་ཕར་ངན་ ཚུར་ལེན་བཟང་། ། བཙས་པ་ལྔ་བཅུ་དྲུག་ཅུར་འཚོ། ། ཞིང་ས་ལོངས་སྤྱོད་ལྡན་པའམ། ། ཆོས་སྨྲ་ཁྲིམས་ལྡན་རང་བཞིན་གླེན། ། བློ་བརྟན་ནད་མེད་ཆོག་ཤེས་བྱ། ། བུ་མོ་བསྐྱིས་ནི་རྨེ་བ་བྱེད། ། ནད་བཏབ་མགྲོན་བཞུད་ཀྱིས་ལན་ཏེ། ། སྟོད་ན་རྗེན་ཕྱེའི་ཕག་གཟུགས་ཁར། ། འབྲས་གཏོར་བཅུག་ལ་ནད་བསྐོར་བསྐྱུར། ། འདི་ལ་མི་ཤི་མོད་ལ་སྦོ། ། ལྟས་བྱུང་འཁྲུག་རྩོད་ཚོང་པར་ངན། ། ཆར་བབས་སླར་ཡང་མྱུར་དུ་འབབ། ། སྐར་ཆུང་འོད་ཆུང་རྒྱལ་མོ་ཅན། ། ཉི་ཕྱེད་དུས་སུ་ཞལ་ཆེ་ངན། ། སྒྲིབ་ན་ཕག་ཐོད་རོང་སྟེང་འཕྱར། ། 8.རྒྱལ་ནི་སྐར་གསུམ་རིལ་བའི་དབྱིབས། ། རུས་ནི་རྩྭ་ཤིང་གྱོན་པའི་རིགས། ། ཕུར་བུ་ལྷར་འཛིན་སྦྱང་ས་ཟས། ། མེ་ཁམས་འགྲུབ་སྐུར་ལུག་གི་བླ། ། མི་བརྟན་འགྱུར་ལ་རབ་བྱུང་དབང་། ། རབ་གནས་སྒྲུབ་མཆོད་ཡུལ་གསར་འཛིན། ། ཆོས་འཆད་མངའ་གསོལ་ཡོན་འབུལ་བ། ། རྒྱན་སྤྲོས་དྲ་གྱོན་རྒྱལ་སར་བསྐོ། ། ལྷ་གཡང་བཟློག་པ་དཀྱིལ་འཁོར་འབྲི། ། སྨན་སྦྱོར་མོ་རྩིས་འཁོར་བསྟེན་གཏར། ། ལམ་ཞུགས་ནོར་ཕྱུགས་ཚུར་ལེན་པ། ། ལྷ་ཁང་རྟེན་བཞེང་རྟ་གླང་འདུལ། ། སྒོ་རྒྱག་ཐབ་བཅའ་མཛོད་འཛིན་ལྟད། ། ཞི་རྒྱས་དབང་དང་བཀྲ་ཤིས་ལས། ། མྱུར་སྒྲུབ་གོང་མར་ཞུ་ནོར་འབུལ། ། མིང་འདོགས་ཆུ་རགས་རྒྱལ་མཚན་འཛུགས། ། གསོན་གཤིན་དོན་གཉེར་ཤིང་འཛུགས་བཟང་། ། ཚོང་དང་ཁ་མཆུ་ཕར་འཇལ་སྐྱས། ། རྔོན་རྐུ་ཞིང་འདེབས་མཁར་གྱི་ལས། ། གཡང་ཅན་མི་ཕྱུགས་ལུག་ཕྱིར་གཏོང་། ། སྟོན་མོ་སྲི་མནན་སྐུ་འཁྲུ་འཛེམ། ། ཤི་བ་ཟློས་མེད་བཟང་བ་ཡིན། ། བག་མ་ཕར་ངན་ཚུར་ལེན་བཟང་། ། ཁྱིའུ་གཡང་ཆེ་བརྒྱད་ཅུར་འཚོ། ། ཆོས་ལྡན་སྦྱིན་གཏོང་ལས་ལ་བརྩོན། ། གཟུགས་བཟང་ལྕེ་བདེ་ལོག་པ་བཟོ། ། བློ་ལུས་མི་བརྟན་སྡོད་མི་ ཚུགས། ། མཁས་ཤིང་ནོར་ལྡན་སྐལ་པ་བཟང་། ། ནད་བཏབ་ཕྲུ་རློག་ཆུ་ལས་ལན། ། ལུས་ཀྱི་སྨད་ལ་ནད་འབྱུང་ཞིང་། ། རྗེན་ཕྱེའི་ར་གཟུགས་ཁར་རུས་སྦལ། ། བཅུག་ལ་ནད་པར་བསྐོར་ནས་བསྒྱུར། ། ལྟས་བྱུང་བད་ཀན་ནད་ལྡང་ཞིང་། ། ཆར་བབས་ཐན་པ་འབྱུང་བ་དང་། ། སྐར་ཆུང་འགྲུལ་པོ་ནམ་ཕྱེད་འོང་། ། དེ་ལ་བྱ་བ་ཅི་ཡང་ངན། སྒྲིབ་ན་ར་མགོ་རང་སྟེང་འཕྱར། ། 9.སྐག་ནི་སྐར་དྲུག་གདེངས་ཀའི་དབྱིབས། ། རིགས་ནི་སྨན་རྒྱུད་ལྷ་ལྟ་འགྲོ། ། ཁ་ཟས་སྦྲུལ་ཤ་མགྲོན་སྐར་ཏེ། ། ཆུ་ཁམས་འབྲས་ངན་ཁྱི་གཅན་བླ། ། དམག་ཇག་གསོད་གཅོད་གྲོང་ཁྱེར་འཇོམས། ། ཞུ་གསོལ་སྲི་མནན་གསེབ་གཏོང་ཚོང་། ། གཡོ་བསླུས་སྐབ་ཆོག་བུ་ལོན་འཇལ། ། རྫིང་ཡུར་ཆུ་རགས་སྐྱེ་ཤིང་འཛུགས། ། མི་ཤི་གཤིན་ཆོས་གྲོས་ཐག་གཅོད། ། དྲག་ལས་ཆུ་བོ་བསྒྱུར་རྣམས་བཟང་། ། ལྷ་གསོལ་རབ་གནས་སྨན་སྦྱོར་སྐྱས། ། དྲ་གྱོན་རྒྱན་སྤྲོས་རྒྱལ་སར་བསྐོ། ། ལྷ་ཁང་རྟེན་བཞེང་མོ་རྩིས་བྱ། ། མཁར་ལས་དོན་གཉེར་ཁྱིམ་གསར་འཛིན། ། ལམ་ཞུགས་ཕྱུགས་འདུལ་འབྲེལ་སྙེག་པ། ། ཐབ་བཅའ་སྦྲ་ཕྱར་གྲོང་ཁྱེར་རྩིག ། ཞི་རྒྱས་དབང་གི་ལས་རྣམས་དང་། ། བཀྲ་ཤིས་དགེ་ལེགས་དགེ་བའི་ལས། ། རྟ་བོང་སྒ་བཅོས་ར་ཕྱིར་གཏོང་། ། རྐུན་མ་ལྟད་མོ་ཐགས་ཁྲི་འཛུགས། ། རབ་བྱུང་འཆད་ཉན་དཀྱིལ་འཁོར་འབྲི། ། སློབ་གཉེར་བྱ་དང་དབང་བསྐུར་བ། ། དོན་གཉེར་ཚེ་ནོར་སྒྲུབ་པ་དང་། ། ཁ་མཆུ་དགེ་ཆོས་བརྟན་ལས་སྤང་། ཁྲི་གདན་ཕྱི་ལ་བཏང་ན་འཆི། ། རོ་འདོན་ངན་ལ་ཤིད་སྟོན་རུང་། ། བག་མ་གཏོང་ལེན་གཉིས་ཀ་འཛེམ། ། བུ་བཙས་ལྔ་བཅུ་རེ་གསུམ་འཚོ། ། གླེན་ལ་བུ་མོ་སྐྱིད་ཆུང་ཞིང་། ། བཞིན་མཛེས་མ་དང་འགྲོགས་ཡུན་ཐུང་། ། ཁྲོ་ཞིང་སྡིག་དང་གཡེམ་ལ་དགའ། ། སྲིད་ཆེ་སྟེར་ཕོད་ངན་ལས་བརྩོན། ། ནད་བཏབ་བྱེས་དང་ཟས་ངན་ལན། ། ཐབ་ནད་རྗེན་ཕྱེའི་པག་གཟུགས་ཁར། ། སྦྲུལ་པ་བཅུག་ལ་ནད་བསྐོར་བསྐྱུར། ། ལྟས་བྱུང་ཧོར་བོད་གཉིས་ལ་ངན། ། གཟས་གཟུང་ཆར་བབས་སྦྲུམ་མ་བདེ། ། ནད་མེད་སྐྱ་རྒྱལ་སྨན་དང་ལྡན། ། རིགས་སྔགས་འཕེལ་ཞིང་བདེ་ལེགས་ཐོབ། ། ཆར་བབས་ཕྱིས་ནས་འགྱང་ཞེས་ཟེར། ། སྐར་ཆུང་ཤེ་མོང་འདབ་སྐར་ཞེས། ནམ་གུང་བྱ་བ་ཅི་ཡང་ངན། ། སྒྲིབ་ན་བྱི་ཐོད་རང་ཐོག་འཕྱར། ། 10.མཆུ་ནི་སྐར་དྲུག་ཆུ་བོ་འདྲ། ། ལྷ་ནི་སྤེན་པ་གསེར་སྐྱའི་རིགས། ། ཟས་ནི་ཏིལ་ཐུག་མེ་ཡི་ཁམས། ། བརྟན་པའི་དོན་འགྲུབ་གཏུམ་དྲག་ཅན། ། དགྲ་སྐར་ཕྱུགས་དང་ཇོག་པའི་བླ། ། རབ་བྱུང་དགེ་སྒྲུབ་འཆད་ཉན་དབང་། ། སློབ་གཉེར་སྒྲུབ་མཆོད་ལྷ་རྟེན་བཞེང་། ། མོ་རྩིས་ཡིག་སློབ་དཀྱིལ་འཁོར་འབྲི། ། མཐུ་བཟློག་སྲི་མནན་སྦྱིན་སྲེག་ཟོར། ། ཕར་རྒོལ་དམག་ཇག་དབང་དྲག་ལས། ། གཏར་བསྲེག་རྒྱས་ལས་སྨྲ་ལབ་འཛུགས། ཁྱིམ་གསར་ས་བོན་འཁོར་གཡོག་བསྟེན། ། ས་འཛིན་རྒྱུན་སྤྲོས་བང་མཛོད་དབྱེ། ། ནོར་ལེན་གཡང་ལོན་རྟ་ཕྱུགས་ཉོ། ། བཟོ་དང་ཞུ་བ་སྐྲ་སེན་འབྲེག ། དཀར་ཕྱོགས་ལས་འགོ་ཁྱི་བསྟེན་བཟང་། ། སྐྱེས་བྱ་རབ་གནས་རྒྱལ་སར་བསྐོ། ། མཁར་ལས་ལམ་ཞུགས་དོན་གཉེར་བ། ། ལྷ་གསོལ་སྟོན་མོ་ཐབ་བཅའ་བ། ། སྐྲ་འཁྲུ་བསྡུམས་བྱ་དྲ་གྱོན་ཤིང་། ། ཆུ་རགས་རྫིང་ཁྲོན་ས་ཁ་དབྱེ། ། རྟ་བོ་སྒོ་རྒྱག་འདུལ་བཅོས་བྱེད། ། དགེ་བཤེས་ཆེ་འདོན་བྱ་བ་དང་། ། ནོར་རྫས་ཕྱིར་གཏོང་སྦྲ་ཕྱར་འཚེམ། ། མོན་ཆོག་མེ་ཏོག་ཤིང་འཛུགས་པ། ། བ་དན་རྒྱལ་མཚན་འཛུགས་སོགས་འཛེམ། ། བག་མ་གཏོང་ལེན་བྱར་མི་རུང་། ། སྐྱེས་པ་ལོ་དགུར་མ་ཤི་ན། ། དགུ་བཅུ་གོ་ལྔའི་བར་དུ་འཚོ། ། བུ་སྐྱེས་ཕར་ངན་བུ་མོ་འཆི། ། རྫུན་དགའ་འཁོར་མང་ལོངས་སྤྱོད་ལྡན། ། བཟོ་མཁས་བཙུན་ཞིང་དགེ་བར་བརྩོན། ། ནད་བཏབ་རྡོ་དང་བྲག་བརྐོས་ལན། ། རྗེན་ཕྱེའི་ཕག་གཟུགས་ཁར་ཏིལ་བཅུག ། ནད་པར་བསྐོར་ཞིང་བསྐྱུར་བས་གྲོལ། ། མི་ཤི་བདུན་ཟློས་ཡུལ་མིར་ངན། ། ས་གཡོས་ལྟས་བྱུང་བྲན་གཡོག་འཚོ། ། གཟས་བཟུང་མི་ནད་འགོ་ནད་དང་། ། བད་ཀན་ལྡང་ཞིང་འབྲུ་ནོར་དཀོན། ། གྲོང་ཁྱེར་མེས་ཚིག་མཚན་མ་རྩུབ། ། ཆར་བབ་སླར་ཡང་མྱུར་དུ་འབབ། ། སྐར་ཆུང་སྲི་རྟ་རྐང་གཉིས་ཏེ། ། བྱ་བ་ཀུན་ལ་ངན་པས་འཛེམ། ། སྒྲིབ་ན་སྦྲུལ་ཐོད་རང་སྟེང་བསྟན། ། 11.གྲེ་ནི་སྐར་གཉིས་ལྷ་ཁྱབ་འཇུག ། དབྱིབས་ནི་མི་རྐང་ལྟ་བུ་སྟེ། ། རུས་གཞོན་རྩི་མོའི་ཁྱིམ་ཐབ་རྒྱུད། ། ཟས་སུ་འབྲས་དང་ཏིལ་ཚིག་མ། ། མེ་ཁམས་དམེ་སྐར་ཇག་པའི་བླ། ། བརྟན་པའི་དོན་གྲུབ་སྐར་མ་སྟེ། ། གཉེན་སྦྱོར་ནོར་བླང་ཚེ་གཡང་མདོས། ། གཉན་ཕྲད་ཚུར་འགུགས་བང་མཛོད་དབྱེ། ། སྲུང་འགུག་གཞིས་ཚོང་ཕྱུགས་ནོར་ལེན། ། ལྷ་གསོལ་དབང་བསྐུར་ས་འཛིན་མཁར། ། དབང་ལས་རྒྱན་སྤྲོས་མོ་རྩིས་བྱ། ། ལུག་འཇལ་ཐུག་འགྱེད་ལྷོ་ནུབ་བགྲོད། ། བརྟན་ལས་ཐབ་བཅའ་ཆུ་རགས་རྒྱག རབ་བྱུང་འཆད་ཉན་དཀྱིལ་འཁོར་འབྲི། ། སྦྱིན་སྲེག་བྱ་བ་ལ་སོགས་བཟང་། ། རབ་གནས་གཤིན་ལས་སྟོན་མོ་ཤིང་། ། དགྲ་འདུལ་དྲག་ལས་རྟ་ཉོ་ལམ། ། བུ་ལོན་འཇལ་ཇག་སྨན་བཅོས་མཚོན། ། གཏེར་སྲེག་བོང་བུ་ནོར་རྫས་གཏོང་། ། རྟ་བོང་སྒ་བཅོས་ས་ཁ་དབྱེ། ། དྲ་གྱོན་སྐྲ་འཁྲུ་བང་མཛོད་བཅའ། ། རྒྱལ་མཚན་བ་དན་འཛུགས་པ་དང་། ། རྫིང་ཡུར་ཕྱུགས་འདུལ་མིང་འདོགས་པ། ། སྦྲ་ཕྱར་འཚེམ་དང་འབུབས་པའི་ལས། ། བག་མ་གཏོང་ལེན་འཁོར་བསྟེན་ངན། ། བཙས་པ་ལོ་བརྒྱད་མ་ཤི་ན། ། ལྔ་བཅུ་གོ་ལྔ་གང་རིགས་འཚོ། ། མ་ཤིའི་བར་དུ་རང་བཞིན་ངན། ། གཡོ་དང་འདོད་ཆགས་སེར་སྣ་ཆེ། ། བཟོ་མཁས་གོས་རྒྱན་གཏམ་ལ་དགའ། ། སྒོ་ལེགས་ཁ་འཇམ་ཟས་ལ་ཡང་། ། བུ་ཡིན་ཁ་དྲག་བུ་མོ་ཡིན། ། ནད་མང་འདི་ལ་ནད་བཏབ་ན། ། ཤིང་བཅད་ན་ཁ་རློག་པས་ལན། ། རྗེན་ཕྱེའི་སྤྲེའུའི་གཟུགས་ཀྱི་ཁར། ། ཤིང་ཏོག་བཅུག་ལ་ནད་པར་བསྐོར། ། བསྒྱུར་བས་ཉིན་གཅིག་དག་ལ་གྲོལ། ། མི་ཤི་བ་ནི་འབྲིང་དུ་བྱེད། ། ལྟས་བྱུང་རྒྱ་གར་ཤར་ཕྱོགས་ངན། ། གཟའ་བཟུང་འགོ་ནད་མིག་ནད་འབྱུང་། ། ཆར་བབས་སླར་ཡང་མྱུར་དུ་འབབ། ། སྐར་ཆུང་ཚོ་གཟའ་ཐེའུ་རྐང་ཞེས། ། ཉི་མ་ཕྱེད་ལ་ཅི་ཡང་ངན། ། སྒྲིབ་ན་བྱེལ་ཐོད་རང་ཕྱོགས་སྟོན། ། 12.དབོ་ནི་སྐར་གཉིས་ཁྲི་ཡི་དབྱིབས། ། རུས་ནི་མ་ཧེ་ཁ་ཟས་ཁྲེ། ། ལྷ་ནི་གཤིན་རྗེ་རླུང་གི་ཁམས། ། རབ་ཏུ་བརྟེན་པ་ལུག་གི་བླ། ། དགྲ་སྐར་ཞེས་བྱ་འདི་ཉིད་ལ། ། ལྷ་གཡང་ཡུལ་གསར་གནས་གཞི་བཟུང་། ། ཚེ་སྒྲུབ་རབ་གནས་ཟོར་འཕེན་དང་། ། འཆད་ཉན་ལྷ་ཁང་རྟེན་བཞེང་བཟློག ། སྐྲ་འཁྲུ་རྒྱན་སྤྲོས་རྒྱལ་སར་བསྐོ། ། གཉེན་སྦྱོར་མོ་རྩིས་སྦྲ་ཕྱར་འཚེམ། ། ཆུ་རགས་མཁར་ལས་ཐབ་ཁ་བཅའ། ། སྐྱེད་འཛུགས་བུ་འབོགས་འཕོ་སྐྱས་བྱ། ། སྟོན་མོ་མིང་འདོགས་རྒྱལ་མཚན་འཛུགས། ། རྟ་བོང་སྒ་རྒྱག་བྲེས་བརྩིག་པ། ། རྩུབ་ལས་གསོད་གཅོད་དབང་དྲག་ལས། ། དགེ་ཞིང་བཀྲ་ཤིས་འཁོར་བསྟེན་པ། ། བརྟག་ཅིང་བརྟན་པའི་ལས་ཀྱི་རིགས། ། བག་མ་གཏོང་ལེན་ཞི་བའི་ལས། ། ནོར་རྫས་ཕྱིར་གཏོང་མདུན་གྲོས་བྱ། ། དོན་གཉེར་དུ་གྱོན་སྦྲ་ཁྱིམས་འབུབས། ། རྫིང་ཡུར་ཁྲོན་འདུ་དམག་དང་བསྡུམས། ། རང་དོན་ལྟ་ཕྱུགས་འདུལ་བ་བཟང་། ། ལམ་ཞུགས་སྤྱིར་ངན་ལྷོ་བྱང་དགེ། ། ཞིང་ལས་ས་བོན་ལ་ཁ་དབྱེ། ། མེ་ཏོག་ཤིང་འཛུགས་བུ་སྲིང་རྫོང་། ། འབྲི་གནག་ར་ལུག་ཕྱིར་གཏོང་དང་། ། བཟོ་དང་སྐྲ་སེན་འདྲེག་སོགས་འཛེམ། ། སྐྱེས་ལོ་བརྒྱ་འཚོ་ལོངས་སྤྱོད་ཆེ། ། ཁྲིམས་ལྡན་སྦྱིན་དགའ་བདེན་པར་སྨྲ། ། འགྲོ་དང་བསྙེན་གནས་ལ་དགའ་ཞིང་། ། ཅུང་ཟད་བླུན་ཅིང་དུག་གིས་འཆི། ། ནད་བཏབ་ཕྲུ་སློག་བྱས་པས་ལན། ། རྗེན་ཕྱེའི་ཕག་གི་གཟུགས་ཀྱི་ཁར། ། སྔོ་བཅུག་བསྐོར་ཞིང་བསྐྱུར་ན་གྲོལ། ། མི་ཤི་ཟློས་མེད་གཤིན་ལས་འབྲིང་། ། ལྟས་བྱུང་ཚོང་ངན་གཟས་བཟུང་ན། ། འཁྲུག་རྩོད་རླུང་ཆེན་རིམས་ནད་ལྡང་། ། སྔགས་པ་བོན་པོ་དག་ལ་ངན། ། ཆར་བབས་ཕྱིས་ནས་མང་དུ་འབབ། ། སྐར་ཆུང་མཚོ་གཟའ་ལྷམ་བུ་ཞེས། ། ས་སྲོས་ཟས་ནི་ཕྱིར་མི་གཏོང་། ། ཉི་ཕྱེད་མཚམས་སུ་ཅི་ཡང་ངན ། སྒྲིབ་ན་དོམ་ཐོད་རང་སྟེང་འཕྱུར། ། 13.མེ་བཞི་སྐར་ལྔ་ལག་པའི་དབྱིབས། ། རུས་ནི་འོད་སྲུངས་ལྷ་མེ་ལྷ། ། བྱ་ཤ་སྲེ་དའི་ཁ་ཟས་ཟ། ། ཤིང་གི་སྐར་མ་རླུང་གི་ཁམས། ། མི་བརྟན་འགྱུར་བ་ལུག་གི་བླ། ། མཆོད་པ་རབ་བྱུང་རབ་གནས་དབང་། ། འཆད་ཉན་སྒྲུབ་མཆོད་དཀྱིལ་འཁོར་བྲི། ། སློབ་གཉེར་ལྷ་གཡང་སྡོམས་པ་འབོགས། ། མཁར་ལས་ཁྱིམ་གསར་རྒྱན་སྤྲོས་བཟོ། ། དྲ་གྱོན་སྨན་སྦྱོར་རྒྱལ་སར་བསྐོ། ། དུར་འདེབས་མོ་རྩིས་ས་བོན་གདབ། ། ཞིང་ལས་ཐབ་བཅའ་གྲོང་ཁྱེར་བརྩིག ། གཉེན་ཆོས་དགའ་སྟོན་མདུན་ཀློས་བྱ། ། སྣ་ལེན་གཤིན་ལས་རྒོད་ཕྱུགས་འདུལ། ། བསྡུམས་དང་ཤ་རགས་ས་ཁ་དབྱེ། ། དགེ་ལེགས་འབུལ་བ་གནག་ལུག་འཛུགས། ། རྟ་བོང་སྒ་རྒྱག་ཟེ་རྔོག་འབྲེག ། དོན་གཉེར་བ་དང་མྱུར་སྒྲུབ་ལས། ། ཕར་རྒོལ་དམག་ཇག་སྦྲ་ཕྱར་འཚེམ། ། ཕྱུགས་བསྲེལ་མནན་པ་སྐྲ་སེན་འབྲེག། ། ཡུལ་བཟུང་ཡིག་བསླབ་དམིགས་བསལ་ཡིན། ། དབང་དྲག་ཞི་རྒྱས་ལས་ཕལ་ཆེར། ། འདི་ཉིད་ལ་ནི་བཟང་བར་བཤད། ། ཕྱིར་འཇལ་སྦྲ་ཁྱིམ་རྐུན་མ་ལམ། ། ཤིད་རོ་བསྲེག་འདོན་རྫིང་ཁྲོན་འདུ། ། ལྷ་ཁང་རྟེན་བཞེངས་ལྟད་མོ་སྐྱེས། ། འབྲི་ནག་ལུག་གཏོང་ཕྱུགས་ནད་ལེན། ། གཉའ་སྲོ་བ་དང་ཐོག་འབུབས་པ། ། མེ་ཏོག་ཤིང་འཛུགས་ཚོང་བྱེད་སྤང་། ། མི་ཤི་ཟློས་འབྱུང་བག་མ་ངན། ། སྐྱེས་པ་མར་ངན་བརྒྱད་ཅུར་འཚོ། ། གཟུགས་བཟང་ལྕེ་བདེ་ལག་པ་བཟོ། ། སྤོབས་པ་ཤེད་ཆེ་སྡོད་མི་ཚུགས། ། ནོར་ལྡན་མཆོད་སྦྱིན་གཡོ་སྒྱུ་ཆེ། ། ཡང་ན་རྐུན་མ་སྐོམ་དད་ཅན། ། ནད་བཏབ་བྱེད་དངངས་དག་གིས་ལན། ། རྗེན་ཕྱེའི་མ་ཧེ་གཟུགས་ཀྱི་ཁར། ། པདྨའི་རྩ་བ་བཅུག་བྱས་ལ། ། ནད་པར་བསྐོར་ཞིང་བསྒྱུར་ན་ཕན། ། ལྟས་བྱུང་ཡིག་མཁན་རྫས་མཁན་ངན། ། གཟས་བཟུང་འཁྲུག་རྩོད་མང་བ་དང་། ། རླུང་ཆེན་རིམས་ནད་སྔགས་བོན་ངན། ། འདི་ལ་ཆར་བབས་ཕྱིས་ནས་འཐེན། ། སྐར་ཆུང་ལུ་གུ་སྣ་ཞེས་པ། ། སྣ་འབུགས་ར་ལེན་ལ་སོགས་བཟང་། ། སྒྲིབ་ན་མ་ཧེའི་ཐོད་པ་དེ། ། རང་གི་ཕྱོགས་སུ་བསྟན་པས་སྒྲིབ། ། 14.ནག་པ་སྐར་གཅིག་པད་སྙེ་དབྱིབས། ། རིགས་ནི་སཱ་ལའི་ཤིང་གྲོང་རྒྱུད། ། ལྷ་ནི་ཉི་མ་ཟས་ཤིང་ཏོག ། ཟློས་སྐར་རླུང་ཁམས་གནག་དང་རའི། ། བླ་སྐར་མྱུར་ལ་བཟང་བ་དེ། ། རབ་བྱུང་རྟེན་བཞེང་དཀྱིལ་འཁོར་བྲི། ། དགེ་ལེགས་ཆོས་ཉན་མྱུར་ལས་སྒྲུབ། ། སྒྲུབ་མཆོད་དབང་བསྐུར་བཟློག་རིམ་བྱ། ། ཚེ་གཡང་རྒྱན་སྤྲོས་སྐུ་སེན་འབྲེག མདུན་གྲོས་དྲ་གྱོན་ནོར་ཕྱུགས་ལེན། ། སྨན་སྦྱོར་སྐྲ་འཁྲུ་རི་མོ་བཟོ། ། ཞིང་ལས་ས་བོན་ཁང་གསར་བཟུང་། ། གཡོས་བྱ་རྟ་རྒྱུག་མདོས་གཏོ་འཕང་། ། ཤིང་དང་ཕྱུགས་འདུལ་སྦྲ་ཕྱར་འཚེམ། ། ར་གནག་ཚུར་ལེན་དབང་རྒྱས་ལས། ། གསོན་ལས་དཀར་ཕྱོགས་བྱ་བ་བཟུང་། རབ་གནས་ལྷ་གསོལ་རྒྱལ་སར་བསྐོ། ། དགེ་བཤེས་ཆེ་འདོན་བྱ་བ་དང་། ། ཞུ་བ་ར་ཕྱུགས་ཕར་འཇལ་ལམ། ། དོན་གཉེར་མོ་རྩིས་སྦྲ་ཁྱིམ་འབུབས། ། ངན་ཞིང་གཞིས་ཀ་ཡིན་ན་དགེ། ། དུར་འདེབས་དུར་ཁ་འབྱེད་དང་སྐྱས། ། རྐུ་ཇག་རྫིང་ཡུར་བང་མཛོད་འབྱེད། ། རྒྱལ་སྲིད་བྱ་བ་ཞུ་བསྙེན་བསྐུར། ། དགྲ་འཐབ་གཤིན་ལས་ཞལ་ཆེ་གཅོད། ། ཞི་བ་དྲག་པོའི་ལས་ཕལ་ཆེར། ། ཆུ་རགས་ལྟད་མོ་མིང་འདོགས་ངན། ། བག་མ་བྱས་ན་བུ་མོ་འཆི། ། བཙས་པ་ཉེར་བརྒྱད་འཚོ་བ་སྟེ། ། གླུ་གར་རོལ་མོ་སྦྱིན་དགའ་མཛེས། ། ལྕེ་བདེ་འདོད་སྤྱོད་བློ་རྣོ་གྲགས། ། རྫུན་མེད་ངན་རྩུབ་འདོད་ཆགས་ཆེ། ། གཤིས་གྱོད་འགྱུར་མདོག་ཆེ་བ་དང་། ། སྣ་ཚོགས་གོས་གྱོན་ཕྲེང་བ་ཐོགས། ། ནད་བཏབ་ཟས་གྲིབ་ཅན་གྱིས་ལན། ། རྗེན་ཕྱེའི་སྟག་གི་གཟུགས་ཀྱི་ཁར། མངར་བའི་འབྲས་བཅུག་བསྐྱུར་བས་གྲོལ། ། མི་ཤི་ཟློས་ཆུང་མོད་ལ་སྦ། ། ལྟས་བྱུང་འབྲས་ངན་འཁྲུག་རྩོད་མང་། ། ཡིག་མཁན་རྗེ་མཁན་སོགས་ལ་ངན། ། ཆར་བབས་སླར་ཡང་མྱུར་དུ་འབབ། ། སྐར་ཆུང་བག་མ་སྣ་རུམ་ཞེས། ། ཕྱུགས་ར་རྩིག་དང་གཡང་བསློན་པ། ། བག་མ་རྣམས་ལ་ངན་པ་སྟེ། ། སྒྲིབ་ན་སྟག་ཐོད་རང་སྟེང་བསྟེན། ། 15.ས་རི་སྐར་གཅིག་ནོར་བུ་དབྱིབས། ། རུས་ནི་རིན་ཆེན་ལྷ་རླུང་ལྷ། ། ཕྱེ་དང་ཏིལ་ཐུག་བལ་སྲིན་ཟ། ། རླུང་ཁམས་དགྲ་སྐར་བརྗེའི་འབྲུ། ། གནག་བླ་མི་བརྟན་འགྱུར་བ་སྟེ། ། རབ་བྱུང་རབ་གནས་བྱ་བ་དང་། ། དགེ་ལེགས་དཀྱིལ་འཁོར་སློབ་གཉེར་དབང་། ། སྨན་སྦྱོར་ལྷ་སྒྲུབ་འཆད་ཉན་བྱ། ། ལྷ་གཡང་ཞལ་གསོ་རྟེན་བཞེང་དང་། ། ཞིང་ལས་འབྲུ་འཐོར་ས་ཁ་དབྱེ། ། ཚེ་འགུགས་བཟློག་པ་སྲི་མནན་བསྡུམས། ། དྲ་གྱོན་རྒྱལ་ས་བང་མཛོད་འཛིན། ། ཞལ་ཆེ་ཆུ་བརྒལ་སྦྲ་ཁྱིམ་འབུབས། ། གཉེན་སྦྱོར་ལམ་ཞུགས་རྟ་གླང་འདུལ། ། སྟོན་མོ་བག་ཁྲུས་སྦྱིན་སྲེག་བྱེད། ། རྫིང་ཡུར་ཁྱིམ་གསར་སྦྲ་ཕྱར་འཚེམ། ། རྟ་བོང་དྲེའུ་སྒོ་རྒྱག་བཅོས། ། གཏར་བསྲེག་ཆུ་རགས་ལྡུམ་ར་གདབ། ། ཡུལ་མཁར་ཚུར་ལེན་གཤེ་བླང་སོགས། ། རྒྱུས་དབང་ཞི་བ་ཡིས་མཚོན་པའི། ། གསོན་གཤིན་ལས་རྣམས་ཕལ་ཆེར་བཟང་། ། མཁར་ལས་ས་ཞིང་ཡུལ་མཁར་གཏོང་། ། ཕར་འཇལ་དོན་གཉེར་འབྲུ་བང་འབྱེད། ། ལྟད་མོ་ལྟ་རྒྱུག་དུར་འདེབས་སྐྱས། ། རྐུ་ཇག་དྲག་ལས་ངན་པས་འཛེམ། ། བཙས་ན་ཉི་ཤུ་དྲུག་ཅུར་འཚོ། ། རྩིས་པ་འབྱོར་རྙེད་ཁྲོ་བར་མྱུར། ། གཡོ་སྒྱུ་སེམས་ནད་ལོངས་སྤྱོད་ལྡན། ། བཞིན་མཛེས་ཡས་བྱམས་མས་སྡང་ཞིང་། ། ཕྲག་དོག་སེར་སྣ་རང་བཞིན་མཉེན། ། གྲོས་བརྩམ་སྤྲོ་ཞིང་བླ་འདུལ་སྤྱོད། ། བུ་ཡིན་བཙན་ཐུབ་བུ་མོ་བཙན། ། ནད་བཏབ་ཞིག་རལ་སར་ཕྱིན་ལན། ། རྗེན་ཕྱེའི་མ་ཧེའི་གཟུགས་ཀྱི་ཁར། ། ཤ་མེ་བཅུག་ལ་ནད་པར་བསྐོར། ། མི་ཤི་ཟློས་མེད་མོད་ལ་སྦ། ། ས་གཡོས་སྡིགས་དང་གཟས་བཟུང་ངན། ། ལྟས་བྱུང་འཁྲུག་རྩོད་འཕེལ་བ་དང་། ། ཕུ་རལ་ངན་ཞིང་ཆར་བབས་ཞོད། ། སྐར་ཆུང་སྲིན་མོ་མེ་ཁྱེར་ཞེས། ། དབྱར་འབྲིང་ཉིད་དེ་སྟོན་ནམ་གུང་། ། དེ་ལ་ཡོ་ལང་བྱ་མི་རུང་། ། སྒྲིབ་ན་མནོལ་གྱི་ཐོད་པ་དེ། ། རང་སྟེང་བཞག་པས་གནོད་པ་ཞི། ། 16.ས་ག་སྐར་བཞི་ར་མགོའི་དབྱིབས། ། རུས་མཚན་དབང་པོ་མེ་ལྷ་ལྷ། ། ཏིལ་ངང་མེ་ཏོག་རྒྱ་སྲན་ཟས། ། འགྲུབ་སྐར་མེ་ཁམས་ཞིང་གི་བླ། ། བཏང་སྙོམས་ཅན་ལ་དཀྱིལ་འཁོར་བྲི། ། རབ་བྱུང་རབ་གནས་དབང་བསྐུར་སྒྲུབ། ། སྦྱིན་སྲེག་འཆད་ཉན་སློབ་གཉེར་བྱ། ། གཉེན་སྦྱོར་དྲ་གྱོན་བུ་ལོན་འཇལ། ། བཟོ་དང་ཁྱིམ་གསར་བང་མཛོད་འཛིན། ། སྲི་མནན་རྟ་གླང་འདུལ་བ་དང་། ། ཞིང་ལས་ས་བོན་སྐྲ་སེན་འབྲེག ། ཆེད་བརྩིག་དོན་གཉེར་དབང་དྲག་ལས། ། ཆུ་རགས་དགྲ་འདུལ་ལས་རྣམས་བཟང་། དུར་གནག་ཞིང་བཙོང་བང་མཛོད་དབྱེ། ། ཁྱིམ་འབུབས་མཁའ་ལས་མགྲོན་འགྲོ་ལམ། ། ལྷ་གཡང་ཞུ་གསོལ་ཤིང་དང་ཚོང་། ། རྒྱལ་ས་ལྷ་ཁང་རྟེན་བཞེང་བ། ། སྨན་སྦྱོར་ཞི་དང་རྒྱས་པའི་ལས། ། འབྲུ་འཇལ་ཁ་མཆུ་བུན་གཏོང་སྐྱས། ། སྟོན་མོ་སྐྲ་འཁྲུ་མོ་རྩིས་བྱ། ། བསྡུམ་དང་མེ་ཏོག་ཤིང་འཛུགས་ངན། ། གསོན་པོའི་ལས་དང་ཞིང་ཉོ་འབྲིང་། ། བག་མ་ལེན་བཟང་གཏོང་བ་ངན། ། བཙས་པ་ཚེ་ལོ་བདུན་ཅུར་འཚོ། ། གཟི་བརྗིད་དཔལ་ཆེ་འཁོར་ནོར་ལྡན། ། དགྲ་འདུལ་ཤེས་རབ་བུད་མེད་འདུ། ། ཚེ་སྟོད་ངན་ལ་ཚེ་སྨད་བཟང་། ། ནད་བཏབ་མཚན་མོའི་འགྲུལ་གྱིས་ལན། ། རྗེན་ཕྱེའི་སྟག་གི་གཟུགས་ཀྱི་ཁར། ། བུ་རམ་བཅུག་ལ་བསྐོར་ཞིང་བསྐྱུར། ། མི་ཤི་དེ་ཡི་མོད་ལ་སྦ། ། ལྟས་བྱུང་འགོ་ནད་བད་ཀན་ལྡང་། ། འགྲོ་ཀུན་མེས་ཚིག་ཆོམ་རྐུན་འཆི། ། ཆར་བབས་དེ་ནས་སླར་ཡང་འབབ། ། སྐར་ཆུང་འབྲུ་མོ་ཐང་སྐྱོན་ཞེས། ། དེ་ལ་བྱ་བ་གང་ཡང་བཟང་། ། སྒྲིབ་ན་སྟག་ཐོད་རང་གནས་འཕྱར། ། 17.ལྷ་མཚམས་སྐར་བཞི་གླང་པོའི་དབྱིབས། ། རིགས་དམངས་ལྷ་ཉི་ཟས་ཆང་དང་། ། སྨན་ཆུང་སྦྲང་རྩི་ས་ཡི་ཁམས། ། མྱུར་བཟང་ཟློས་སྐར་བནྡེའི་བླ། ། རབ་བྱུང་རབ་གནས་ལྷ་གཡང་སྨན། ། དགེ་ལས་ཆོས་སྟོན་མཆོད་རྟེན་གསོ། ། དྲ་གྱོན་རྒྱན་སྤྲོད་རྒྱལ་སར་བསྐོ། ། སྐྲ་འཁྲུ་གཏར་སྲེག་རི་མོ་བཟོ། ། དམག་དྲག་ཕར་རྒོལ་གཏད་དྲག་ལས། དབང་དང་རྒྱས་པའི་ལས་སྤྱི་དང་། ། ཚེ་བསྒྲུབ་ཞིང་ལས་ས་བོན་གདབ། ། ལམ་ཞུགས་རྩེད་འཇོ་མྱུར་སྒྲུབ་ལས། ། རྟ་བོང་དྲེའུ་སྒོ་རྒྱག་པ། ། ཞལ་ཆེ་གཤེ་སྡུར་སྐྲ་སེན་འབྲེག ། ཐག་རིང་བགྲོད་དང་བལ་གཡང་བསྐྱོན། ། རྙེད་ཚུར་ལེན་དང་བྱ་རི་དགས། ། གཤོར་ལ་དོན་གཉེར་ལྷོ་དང་ནུབ། ། ཡུལ་བཟུང་སློབ་གཉེར་ཚུར་ལེན་བཟང་། ། ཁྱིམ་འབུབས་གཤིན་ལས་ཕྱིར་འཇལ་དང་། ། གྲོས་མདུན་མཁར་ལས་ཁྱིམ་གསར་འཛིན། ། ཞི་ལས་སྟོན་མོ་ས་ཁ་དབྱེ། ། རྟ་བོང་དྲེལ་འདུལ་བཅོས་བྱེད་པ། ། བཟློག་པ་སྲི་མནན་གྲོང་ཁྱེར་བརྩིག ། ཞིང་རྨོ་བུ་འབོགས་ཐོབ་འཆའ་ངན། ། བག་མ་ཁྱོ་དང་འབྲལ་བས་འཛེམ། ། བུ་བཙས་ཚེ་ལོ་ཉེར་བརྒྱད་འཚོ། ། ཁྱིམས་ལྡན་ལྕེ་བདེ་གཟུགས་བཟང་ཕྱུག ། དབང་ངལ་ཆོས་ལྡན་བློ་གྲོས་ཆེ། ། བུ་མོ་བཙས་ན་ངན་པ་དང་། ། ནད་བཏབ་འཐབ་མོ་བར་ཞུགས་ལན། ། རྗེན་ཕྱེའི་རི་དྭགས་ཀྲིཎའི་ཁར། ། སྲན་མ་བཅུག་པ་ནད་བསྐོར་བསྐྱུར། ། མི་ཤི་ལྔ་ལ་ཟློས་པས་ངན། ། ལྟས་བྱུང་རྒྱལ་སྲིད་བདེ་བ་དང་། ། འབྲུ་བཏབ་རྒྱུས་ལ་འཁྲུག་རྩོད་མེད། ། ཆར་བབས་དེ་ནས་མྱུར་དུ་འབབ། ། སྐར་ཆུང་བུམ་ལྡན་ཞེས་བྱ་སྟེ། ། དེ་ལ་བྱ་བ་ཐམས་ཅད་འཛེམ། ། སྒྲིབ་ན་ཁྲི་སྙན་ཐོད་པ་ནི། ། རང་སྟེང་བཞག་པས་ཉེས་ཀུན་ཞི། ། 18.སྣོན་ནི་སྐར་གང་ཐེམ་སྐས་དབྱིབས། ། ལྷ་དབང་པོ་དང་རུས་ལེགས་བྱད། ། ཁ་བྲས་འབྲས་དམར་འབྲས་ཐུག་ཟ། ། ས་ཁམས་མགྲོན་སྐར་ར་ཡི་བླ། ། གཏུམ་དྲག་ངན་ལ་གཡུལ་གཤོམ་དང་། ། མནན་གཏད་འཇོམས་འཕྲོག་དྲག་པོའི་ལས། ། ཕུར་སྒྲུབ་གཡུལ་འགྱེད་བསད་པའི་ལས། ། རྐུན་ཇག་ངན་འཐབ་ཞུ་བ་གསོལ། ། རབ་བྱུང་རབ་གནས་ཚེ་ཡང་འགུགས། ། ལྷ་གསོལ་བཀྲ་ཤིས་རྒྱལ་སར་བསྐོ། ། དགེ་ལེགས་སློབ་གཉེར་ས་བོན་གདབ། ། རྒྱུན་སྤྲོད་ནོར་བླང་བུ་ལོན་སྙེག ། སྐྱེ་ཤིང་ཟམ་འཛུགས་ཆུ་རྐ་ལེན། ། གཏར་སྲེག་རྟ་ཕྱུགས་ཁྱུ་ལ་གཏོང་། ། ལྷོ་དང་ནུབ་ལ་དོན་གཉེར་བ། ། གྲོང་ཁྱེར་གཞོམ་དང་སྲི་མནན་པ། མངོན་སྤྱོད་ཐུགས་འགྱེད་གསོན་ལས་བཟང་། ། མཁར་ལས་དྲ་གྱོན་ལམ་ཞུགས་བཟོ། ། སྨན་སྦྱར་མོ་རྩིས་རྟེན་བཞེང་འདུམས། ། གཤིན་ལས་བྲན་བསྟེན་ར་ཕྱུགས་གཏོང་། ། མིང་འདོགས་ཆུ་རགས་སྐྱོར་བཤས་བྱེད། ། ཤི་ཆོས་དོན་གཉེར་བུ་མོ་སྐྱེས། ། ཞི་རྒྱས་དབང་གི་ལས་རྣམས་དང་། ། བག་མ་གཏོང་ལེན་གཉིས་ཀ་ངན། ། སྐྱེས་པ་སོ་ལྔ་སྙིང་རྗེ་ཆུང་། ། དབུལ་ཞིང་འདོད་ཆུང་ངན་ལ་བརྩོན། ། མཆོད་སྦྱིན་འཕེལ་ཞིང་ཚེ་ཚད་ཐུང་། ། ཆོས་བྱས་མྱུར་དུ་ཁྲིམས་འཆལ་འགྱུར། ། ནད་བཏབ་མཚན་ལ་བྲོས་འུར་ལན། ། རྗེན་ཕྱེའི་སྤྲུལ་གཟུགས་བྱས་པའི་ཁར། ། རྒྱུ་ཡི་སྲན་མ་བཅུག་བསྐྱུར་ཐུབ། ། མི་ཤི་འབྲིང་ཡིན་བསྒྲུབས་ལ་སྦ། ། ལྟས་བྱུང་འབྲུ་རྒྱས་ནད་འཁྲུག་ཞི། ། ཆར་བབས་ཕྱིས་ནས་ཆུང་བ་ཡིན། ། སྐར་ཆུང་ཆེ་ནམ་ཞེས་བྱ་ནི། ། གོས་བཙེམས་ངན་ལ་གཡང་སྒོ་སྡོམ། ། སྒྲིབ་ན་སྤྲེལ་ཐོད་རང་སྟེང་བསྟན། ། 19.སྣུབས་ནི་སྐར་དགུ་སྡིག་པའི་དབྱིབས། ། ལྷ་ནི་རྔོན་པ་ཅན་དང་ནི། ། རུས་ནི་ཀ་ཏྱཱ་ཡ་ན་འོ། ། འོ་མ་ནགས་རྩ་སྟོང་འབྲས་ཟ། ། དམེ་སྐར་ཆུ་ཁམས་དམངས་པོའི་བླ། ། འབྲས་བུ་ངན་ལ་དམག་འདྲེན་མཚོན། ། བསད་དྲག་ངན་ཐབས་གྲོང་ཁྱེར་འཇོམས། ། རབ་གནས་ཚེ་གཡང་རྟེན་བཞེང་ཚོང་། ། ལྷ་གསོལ་ཞལ་གསོ་སྐྱས་བྱ་བ། ། མཁར་ལས་སྟོན་མོ་ས་བོན་གདབ། ། གཤིན་ལས་མོ་རྩིས་སྲི་མནན་བཟློག ། ཞི་ལས་སྒོ་འཛུགས་བང་བ་བརྩིག ། རྒྱུན་སྤྲོད་གཏམ་གཏོང་ཐུག་འགྱེད་པ། ། ནོར་རྫས་ཚུར་ལེན་ལས་ཕྲ་མོ། ། དབང་དྲག་ལ་སོགས་གསོན་པོའི་ལས། ། མདོས་དང་གཏོར་མ་བྲན་ལས་བཟུང་། ། ཕར་འཇལ་ལམ་ཞུགས་རྒྱལ་སར་འཇུག ། དོན་གཉེར་དྲ་གྱོན་ཤེ་མར་གཏོང་། ། སྒྲ་ཕྱིར་ཐབ་བཅའ་རྒྱལ་མཚན་འཛུགས། ། དུར་འདེབས་བསྡུད་ཁ་ཟ་འོག་འཇུག ། མིང་འདོགས་ཆུ་རགས་ཁྱིམ་གསར་འཛིན། ། སྦྱིན་སྲེག་བྱེས་བགྲོད་རྒྱལ་པོའི་ལས། ། ཞི་བ་རྒྱས་པའི་ལས་སྤྱི་དང་། ། མདུན་གྲོས་བཀྲ་ཤིས་དགེ་ལེགས་ལས། ། བག་མ་གཏོང་ལེན་ངན་པས་སྤང་། ། བཙས་པ་སོ་ལྔ་རེ་གསུམ་འཚོ། ། སྐལ་ལྡན་ཁང་ནོར་འབྲུ་ཡི་བདག ། བུ་མོ་བཙས་ན་སོས་པ་དཀའ། ། ང་རྒྱལ་སྲིད་དང་ངན་ལས་བརྩོན། ། ནད་བཏབ་མི་གཙང་ཤ་མར་ལན། ། རྗེན་ཕྱེའི་རྨ་བྱའི་གཟུགས་ ཀྱི་ཁར། ། ཏིལ་བཙུག་ནད་པར་བསྐོར་ཞིང་བསྐྱུར། ། མི་ཤི་ནོར་ངན་མོད་ལ་སྦ། ། ལྟས་བྱུང་ཞོད་ཆེ་སྦྲུམ་མ་བདེ། ། ནད་མེད་སྐྱ་རྒྱལ་སྨན་རིགས་དང་། རིགས་སྔགས་ཚོང་རྣམས་འཕེལ་བར་འགྱུར། ། ཚོང་བ་གྲུ་མཁན་དག་ལ་ངན། ། ཆར་བབས་ཕྱིས་ནས་འཐེན་ཞེས་ཟེར། ། སྐར་ཆུང་ཁྲུས་མོ་བུ་སྐྱེས་བྱ། ། དེ་ལ་བུ་སྲིང་རྫོང་པ་ངན། ། སྒྲིབ་ན་རྨ་བྱའི་ཐོད་པ་དེ། ། རང་ཐོག་འཕྱར་བས་ཉེས་པ་ཞི། ། 20.ཆུ་སྟོད་སྐར་བཞི་ཀ་ཏྱའི་རིགས། ། ཆུ་ལྷ་ལྷར་འཛིན་མཆོད་རྟེན་དབྱིབས། ། ནྱ་གྲོ་ཏ་ནི་ཟས་སུ་ཟ། ། ཆུ་ཁམས་གཡང་སྐར་བརྟན་དོན་འགྲུབ། ། གཏུམ་དྲག་ཤ་མར་ནས་ཀྱི་བླ་། ། རང་བྱུང་རབ་གནས་ལྷ་གཡང་དབང་། ། གཉེན་སྦྱོར་རྒྱལ་ས་སྐྱེད་ཚལ་བཟོ། ། ཞལ་གསོ་འཁོར་དང་བུད་མེད་བསྟེན། ། ཞུ་གསོལ་ས་བོན་ནོར་ཕྱུགས་ལེན། ། རྒྱུན་སྤྲོད་སྐུ་འཁྲུ་ས་ཁ་དབྱེ། ། ལྟད་མོ་རྟ་ཕྱུགས་ཞིང་ཁང་ཉོ། ། བཟློག་རིམ་སྦྱིན་སྲེག་བང་མཛོད་བཅའ། ། མཁར་ལས་རྒྱལ་སར་བསྐོ་བ་དང་། ། ཚེ་སྒྲུབ་མིང་འདོགས་དྲག་ལས་ཤིད། ། ལམ་ཞུགས་སྦྲ་ཕྱར་འཚེམ་དང་ཚོང་། ། བཀྲ་ཤིས་དོན་གཉེར་ལྷོ་དང་ནུབ། ། རྨོས་འཛུགས་ངོ་བསྲོ་དགྲ་དང་འཐབ། ། གཉེར་གསར་བསྐོ་སོགས་གསོན་ལས་བཟང་། ། འབྲུ་ནོར་ཕྱིར་གཏོང་བང་ཁ་དབྱེ། ། དྲ་གྱོན་གཤིན་ལས་ཐབ་ཁ་འཆའ། ། འཕོ་སྐྱེས་སྟོན་མོ་རྟ་རྒྱུག་པ། ཞི་རྒྱས་ལས་དང་ཆུ་རགས་བརྩིག ། བག་མ་མི་རུང་ངན་པས་སྤང་། ། བཙས་ལོ་བརྒྱད་ཅུ་ཆོས་ལྡན་ཐོས། ། བཟོ་དང་བྱ་བ་ཀུན་ལ་མཁས། ། འཁོར་དུང་ང་རྒྱལ་ཆེ་ནའང་། ། ཚེ་རིང་ལྡན་པས་མཐོ་རིས་ཐོབ། ། བུ་མོ་སྐྱེས་ན་ངན་པར་འགྱུར། ། ནད་བཏབ་བྱུར་ཅན་ཡུགས་སས་ལན། ། རྗེན་ཕྱེའི་ཆུ་སྲིན་གཟུགས་ཀྱི་ཁར། ། ཤུ་ཐག་བཅུག་བསྒྱུར་ནད་ལས་གྲོལ། ། མི་ཤི་ནོར་ངན་ཕྱིར་དབྱུང་ངོ་། ། ལྟས་བྱུང་ཆར་བབས་སྦྲུམ་མ་བདེ། ། ནད་མེད་སྐྱ་རྒྱལ་སྨན་སྔགས་འཕེལ། ། མགར་བ་རྣམས་ལ་ངན་པ་ཙམ། ། ཆར་བབས་དེ་ནས་སླར་ཡང་འབབ། ། སྐར་ཆུང་ཁྱེའུ་རྒྱས་བྱེད་ལ། ། ལས་དང་བྱ་བ་གང་ཡང་བཟང་། ། སྒྲིབ་ན་ཆུ་སྲིན་གཟུགས་ཚང་བ། ། རང་སྟེང་བཟུང་བས་ཉེས་ཀུན་ཞི། ། 21.ཆུ་སྨད་སྐར་བཞི་བྲེ་ལྷ་བུ། ། རིགས་ནི་རྟག་གུ་ལྷ་ཐམས་ཅད། ། ཁ་ཟས་སྦྱང་ཡོས་ས་ཡི་ཁམས། ། འགྲུབ་སྐར་རབ་བརྟན་འབྲུ་ཡི་བླ། ། རྒྱན་འདོགས་རབ་གནས་འཆད་ཉན་དབང་། ། བསྙེན་སྒྲུབ་སྡོམ་ལེན་བྲན་གཡོག་བསྟེན། ། འབྲུ་ནོར་ཚུར་ལེན་སྐྱེད་པོ་འཇུགས། ། རྟེན་བཞེང་དྲ་གྱོན་རྒྱལ་སར་འཛུག ། མཁར་ལས་ཡུལ་གསར་གནས་གཞི་བཟུང་། ། ལྷ་གཡང་ཚེ་སྒྲུབ་མོ་རྩིས་བྱ། ། སྐྱེ་ཤིང་མེ་ཏོག་སྐྲ་འཁྲུ་ཁྲུས། མདུན་གྲོས་བཀྲ་ཤིས་བྱ་བ་དང་། ། གཤིན་ལས་ས་བོན་བང་མཛོད་བཅའ། ། ཟློག་རིམ་སྦྲ་ཕྱར་འཕོ་སྐྱས་བསྡུམས། ། རྟ་བོང་དྲེའུ་སྒ་རྒྱག་བཅོས། ། རྒྱལ་མཚན་བ་དན་རྫིང་ཡུར་འཆོས། ། སྨན་སྦྱོར་བག་མ་གཏོང་ལེན་བྱ། ། དབང་དང་ཞི་རྒྱས་ལས་སྤྱི་དང་། ། མིང་འདོགས་གསོན་པོའི་བྱ་བ་བཟང་། ། ཕྱུགས་བཤུག་འབྲུ་འཇལ་མར་གཏོང་བ། ། རོ་བསྲེག་ལམ་ཞུགས་བང་མཛོད་དབྱེ། ། སྐྲ་སེན་ཆུ་རགས་དུར་སྦ་བཟོ། དྲག་ལས་མཛོ་མོ་ཕྱི་ལ་གཏོང་། ། སྦྲ་ཁྱིམ་འབུབས་དང་དོན་གཉེར་འཛེམ། ། བཙས་ན་བརྒྱད་ཅུ་རྩ་ལྔ་འཚོ། ། ཕྱུག་ཅིང་སྦྱིན་གཏོང་རྫུན་བྲལ་དྲང་། ། བུ་གྲོགས་མང་ཞིང་མཁས་རིག་བཟོ། ། ནད་བཏབ་ཞིང་རྨོས་ས་ཁས་ལན། ། རྗེན་ཕྱེའི་ཁྱུང་གི་གཟུགས་ཀྱི་ཁར། ། སྡོ་བཅུག་ནད་པར་བསྐོར་ལ་བསྐྱུར། ། ཤི་བ་ནོར་ལ་ངན་པ་ཡིན། ། ཆར་བབས་སླར་ཡང་ཆེ་བར་འབབ། ། ལྟས་བྱུང་རྒྱལ་སྲིད་བདེ་བ་དང་། ། ནང་འཁྲུག་རྩོད་ཅིང་འབྲུ་རྣམས་རྒྱས། ། མགར་བའི་རིགས་ལ་ངན་པར་བྱེད། ། སྐར་ཆུང་རྡེའུ་ཐོད་དཀར་ཞེས། ། བག་མ་ལེན་དང་ཤི་བ་བཟང་། ། སྒྲིབ་ན་དྲེད་ཐོད་རང་སྟེང་འཕྱུར། ། 22.གྲོ་བཞིན་སྐར་གསུམ་བྲེ་ལྟ་བུ། ། རུས་ནི་མོའུ་གལ་ལྷ་ཁྱབ་འཇུག ། ཁ་ཟས་མར་གསར་བྱ་ཤ་ཟ། ། ས་ཁམས་མགྲོན་སྐར་བོན་པོའི་བླ། ། མྱུར་ཞིང་འགྱུར་ལ་བློ་གྲོས་གཞི། ། རྫིང་ཡུར་ཆུ་ལས་སོ་ནམ་ཚོང་། ། སྐྱིད་སྟོན་དགེ་ལེགས་ཚེ་གཡང་གཉེན། ། དྲ་གྱོན་རྒྱན་སྤྲོས་ཁྱིམ་གསར་འཛིན། ། རྟེན་བཞེང་བཟློག་རིམ་མོ་རྩིས་བྱ། ། སྨན་སྦྱོར་གཏར་སྲེག་ཕར་རྒོལ་བསྡུམ། ། ལྷ་གསོལ་འབྲུ་གདབ་ས་ཁ་དབྱེ། ། བཟའ་ཚང་ནོར་བཙལ་བང་མཛོད་དབྱེ། ། ལམ་ཞུགས་དོན་གཉེར་རྟ་གླང་འདུལ། ། བང་བརྩིག་ནོར་འཇལ་ལྟད་མོ་དང་། ། མི་གཡང་འགུགས་རྩེད་མྱུར་ལས་བཟང་། ། རབ་བྱུང་རབ་གནས་རྒྱལ་སར་བསྐོ། ། གསོན་ཆོས་བྱ་དང་བོན་ཆོག་བྱ། གཤིན་ལས་དམག་ཇག་བུ་ལོན་འཇལ། ། རྟ་བོང་བྱ་གཅོད་ཡོན་སྤྲོད་པ། ། སྲི་མནན་སྟོན་མོ་ཤིད་ལས་སྤང་། ། བག་མ་ལེན་ལ་ཤིས་པ་ཡིན། ། ཞི་དྲུག་ལས་རུང་དབང་རྒྱས་ངན། ། བཙས་ན་དྲུག་ཅུ་རྩ་གཉིས་འཚོ། ། ཤེས་ཡངས་སེམས་བཟང་རྒྱལ་པོ་བྱམས། ། དཔའ་ཞིང་ནད་དཀོན་དགྲ་ལས་རྒྱལ། ། ནད་བཏབ་འདོང་སྣ་འདྲེས་ཀྱི་སར། ། ཕྱིན་ལན་རྟེན་ཕྱེའི་མ་ཧེའི་གཟུགས། ། ཁ་རུ་ཁྲག་དྲུག་བསྐྱུར་ན་ཕན། ལྟས་བྱུང་ཆར་བབས་སྦྲུམ་མ་བདེ། ། སྐྱ་རྒྱལ་སྨན་དང་རིག་སྔགས་འཕེལ། ། ཆར་བབས་དེ་ནས་མྱུར་དུ་འབབ། ། སྐར་ཆུང་རྡེའུ་མགོ་དམར་ཞེས། ། གསོན་གཤིན་ལས་རྣམས་ཕལ་ཆེར་བཟང་། ། སྒྲིབ་ན་གླང་ཐོད་རང་སྟེང་འཕྱར། ། 23.བྱི་བཞིན་སྐར་གསུམ་དབྱིབས་གླང་མགོ ། རུས་ནི་སོ་མ་ལྷ་ཚངས་པ། ། གཤིན་སྐར་རླུང་ཟ་ས་ཡི་ཁམས། ། མྱུར་ལ་འགྱུར་བའི་སྐར་མ་སྟེ། ། རབ་གནས་སྐྲ་བཞར་སེལ་བྱེད་པ། ། དགྲ་ལྷ་གསོལ་དང་དགྲ་ལ་རྒོལ། ། ཕྱིར་འཇལ་གསོན་དགེ་གཤིན་ལས་དང་། ། ཆང་བཙོ་མཁར་ལས་ས་བོན་འདེབས། ། སྲི་མནན་པ་དང་མོ་འདེབས་བཟང་། ། མདུན་གྲོས་དོན་གཉེར་རྒྱལ་སར་བསྐོ། ། དྲ་གྱོན་མཐུ་འགྱེད་གསེབ་གཏོང་བ། ། བཀྲ་ཤིས་དགེ་ལེགས་བྱ་བའི་རིགས། ། གཤིན་དང་ཚེ་ནོར་སྒྲུབ་པ་སོགས། ། དམིགས་བསལ་མ་གཏོགས་ཞི་རྒྱས་དབང་། ། དྲག་པོའི་ལས་རྣམས་ཕལ་ཆེར་ངན། ། འབྲས་བུ་བྱིངས་ནི་གྲོ་བཞིན་མཚུངས། ། བག་མ་གཏོང་ལེན་ཤཱ་རགས་སྤང་། ། སྐྱེས་པ་དྲུག་ཅུ་འཚོ་བ་དང་། ། ཐོས་ལྡན་མཁས་པ་ཆགས་སྲེད་ཆུང་། ། སེམས་བཟང་དགྲ་འདུལ་འབྱོར་སྟོབས་ལྡན། ། སྐར་ཆུང་ལྷ་ལྕམ་སྐར་གཅིག་ཅེས། ། ཤི་བ་སྦེད་ཅིང་གླུ་བྲོ་བཟང་། ། སྒྲིབ་ན་ཤ་ཐོད་རང་སྟེང་བསྟན། ། 24.མོན་གྲེ་སྐུར་བཞི་བྱ་ལྷ་བུ། ། རུས་ནི་གནས་འཇོག་ལྷ་ནོར་ལྷ། ། ཁ་ཟས་རྒྱ་སྲན་བྱི་ལའི་ཤ། ། ཆུ་ཁམས་མགྲོན་སྐར་རྟ་བོང་བླ། ། མྱུར་ཞིང་འགྱུར་ལ་རབ་གནས་དབང་། ། རབ་བྱུང་གཡང་འགུགས་སྨན་སྦྱོར་ཚོང་། ། རྟེན་བཞེང་མཁར་ལས་ཁྱིམ་གསར་འཛིན། ། དྲ་གྱོན་རྒྱུན་སྤྲོས་རྟ་བོང་འདུལ། ། བྲེས་བརྩིག་ཞིང་འདེབས་ས་ཁ་དབྱེ། ། ལམ་ཞུགས་དོན་གཉེར་ཞུ་བ་གསོལ། ། དབང་དང་དྲག་པོའི་ལས་སྤྱི་དང་། ། གསོན་ལས་དམག་ཇག་ཆོས་སྟོན་འདྲེན། ། ལྷ་གསོལ་མདུན་མ་ཆད་པ་བརྩིག ། སྐྲ་འཁྲུ་རྟ་བཅོས་བྱེད་སོགས་བཟང་། ། གཤིན་ལས་ནོར་རྫས་རྟ་ཕྱུགས་གཏོང་། ། བཟློག་པ་སྲི་མནན་རྒྱལ་སར་འཇུག རྟ་བོང་དྲེའུ་སྤུ་རྒྱུག་རྒྱུག ། ཞི་རྒྱས་འཕོ་སྐྱས་ཐབ་འཆའ་གཉེན། ། བག་མ་གཏོང་ལེན་ངན་པས་འཛེམ། ། བཙས་པ་ཉེར་ལྔའམ་དྲུག་ཅུར་འཚོ། ། སེམས་བཟང་སྨན་མཁས་བུ་ནོར་འཕེལ། ། ཁྲོ་ཞིང་བྱ་བརྩོན་རང་བཞིན་ངན། ། བློ་རྩིང་སྟར་ཕོད་གླུ་གར་མཁས། ། བླུན་ཞིང་ཆུ་ཡིས་འཆི་བ་འགྱུར། ། བུ་མོ་བཙས་པ་མཛེས་པར་ལྡན། ། སྐར་ཆུང་རྒྱལ་ནམ་གང་ཡང་བཟང་། ། ནད་བཏབ་འགུལ་ཕྱིན་ལན་པ་སྟེ། ། རྗེན་ཕྱེའི་མི་ཡི་གཟུགས་ཀྱི་ཁར། ། སྔོ་བཅུག་ནད་པར་བསྐོར་ལ་བསྐྱུར། ། ཤི་ན་གཅིག་ཟློས་མེད་དུར་སྦ། ། ལྟས་བྱུང་རྒྱལ་སྲིད་བདེ་བ་དང་། ། ནད་མེད་འཁྲུག་ཞི་འབྲུ་འཕེལ་བྱེད། ། རྟ་བོང་ངན་ལ་ཆར་བབས་ཞོད། ། སྒྲིབ་ན་རྟ་ཐོད་རང་སྟེང་འཕྱུར། ། 25.མོན་གྲུ་མི་རིང་ལྟ་བུ་འམ། ། མེ་ཏོག་ཕུང་དབྱིབས་ལྷ་ཆུ་ལྷ། ། རུས་ནི་སྐར་མའི་བུ་ཡི་བརྒྱུད། ། ཁ་ཟས་ར་ཤ་ས་ཡི་ཁམས། ། གཡང་སྐར་རབ་བརྟན་རྟ་བོང་བླ། ། ཆོས་འཆད་རབ་གནས་རབ་བྱུང་དབང་། ། སྨན་སྦྱོར་ས་བོན་རྒྱལ་སར་བསྐོ། ། གཞན་གྱི་སློབ་དཔོན་གནས་གཞི་བཟུང་། ། རྟེན་བཞེང་མཛོད་བཅའ་ས་ཁ་དབྱེ། ། རྟ་བཅོས་རྟ་འདུལ་རྟ་ཕྱུགས་ཉོ། ། གཤིན་ཆོས་ལམ་ཞུགས་ཚུར་ལེན་བསྡུམས། ། ཉོ་ཚོང་ཡུལ་བཟུང་སྐྱེ་ཤིང་འཛུགས། ། དགེ་ལེགས་མདུན་གྲོས་གསོན་བརྟན་ལས། ། དོན་གཉེར་སྒྲུབ་མཆོད་གཡང་ལོན་ལྷ། ། དམག་ཇག་ས་འཛིན་ལྟད་མོ་སོགས། ། དམིགས་བསལ་མ་གཏོགས་ཞི་རྒྱས་དབང་། ། ལས་སྤྱི་བཟང་ལ་དྲག་ལས་རུང་། ། རྒྱུན་སྤྲོས་དྲ་གྱོན་རྫིང་ཡུར་འདུ། ། བཟློག་པ་བཟོ་དང་སྐྲ་སེན་འབྲེག ། རྟ་བོང་ནོར་གཏོང་སྣོད་ཁ་དབྱེ། ། མཁར་ལས་བྱ་དང་རྐུན་མ་ཤིང་། ། རྟ་རྒྱུག་སྦྲ་ཕྱིར་འཚེམ་ལ་སོགས། ། བག་མ་གཏོང་ལེན་གཉིས་ཀ་ངན། ། བཙས་པ་མྱུར་འཆི་ཁྲོ་རྒོད་ལྡན། ། ཕྱུག་ཅིང་གཟུགས་བཟང་སྟེར་ཕོད་བརྩོན། ། བབ་ཅོལ་ནད་མེད་སྙིང་ཡང་ཆེ། ། ནད་བཏབ་ཡུགས་སའི་ཟས་ཀྱིས་ལན། ། རྗེན་ཕྱེའི་མི་གཟུགས་བཟོས་པའི་ཁར། ། འབྲས་བཅུག་ནོད་པར་བསྐོར་ལ་བསྒྱུར། ། མི་ཤི་ཡུལ་ཚོགས་དེ་ལ་ངན། ། ལྟས་བྱུང་སྲིད་བདེ་འབྲུ་འཕེལ་ཞིང་། ། ནད་འཁྲུག་ཞི་ལ་ཆར་བབས་ན། ། སླར་འབབ་ཆུ་ནང་སེམས་ཅན་ངན། ། སྐར་ཆུང་ལྷ་མོ་གཡང་སྐར་ཞེས། ། ལྷ་གསོལ་གཡང་བསླན་ཚུར་ལེན་བཟང་། ། སྒྲིབ་ན་འུག་ཐོད་རང་སྟེང་བསྟན། ། 26.ཁྲུམས་སྟོད་སྐོར་གཉིས་ཤིང་རྟའི་དབྱིབས། ། སྐྱེ་བོ་ལས་ཀྱི་རྒྱུད་ཡིན་ལ། ། ལྷ་ནི་འབའ་ཞིག་འཚོ་བ་སྟེ། ། ཁ་ཟས་ལུག་གི་ཤ་ཁྲག་སྤྱོད། ། གཤིན་སྐར་མེ་ཁམས་བརྗེའི་བླ། ། བརྟན་པའི་དོན་གྲུབ་སྐར་མ་སྟེ། ། དབང་བསྐུར་རབ་གནས་ཚེ་འགུགས་གཉན། ། ལྷ་གསོལ་སྦྱིན་སྲེག་མཁར་ལས་བསྡུམས། ། སྨན་སྦྱོར་གསོན་ལས་མདུན་གྲོས་སྐྱས། ། ཕྱུགས་མ་ཉོ་དང་རྟ་ཕྱུགས་འདུལ། ། ནོར་ལེན་ཐབ་བཅའི་རྒྱལ་མཚན་འཛུགས། ། ཤིང་འཛུགས་བྲན་བསྟེན་བཟོ་རིག་སློབ། ། གཤིན་ལས་སེལ་འཛུགས་གཞི་ཡི་ཚོང་། དགེ་བའི་ལས་དང་ཁྱི་བསྟེན་པ། ། ཤཱ་རགས་བརྩིག་སོགས་ཆུ་བོ་བསྲུང་། ། ས་བཟུང་སྦྲ་ཕྱར་མིང་འདོགས་བཟང་། ། ནོར་འཇལ་ཞལ་ཆེ་ཁ་སྨྲས་ལམ། ། དྲ་གྱོན་སྐྲ་འཁྲུ་རྫིང་ཡུར་འདུ། ། དོན་གཉེར་ཐག་རིང་ས་ཁ་དབྱེ། ། སོ་ནམ་འགོ་འཛུགས་ཤིང་རྐུ་ཇག ། རྨོས་འབྱེད་ཞིང་ལས་རྟ་རྒྱུག་པ། ། བག་མ་གཏོང་ལེན་ངན་པས་སྤང་། ། དབང་དྲག་ལས་རུང་ཞི་རྒྱས་ངན། ། བཙས་པ་གོ་ལྔ་གཤིས་ངན་བླུན། ། སྐུ་གསོད་དམག་ཇག་གཡོ་སྒྱུ་དགའ། ། གཉེན་བརྩེ་ནོར་ལྡན་ཕྱིར་མི་སྡང་། ། གཞན་ལ་གནོད་ཚེ་སྟེར་མི་ཕོད། ། ནད་བཏབ་རྟེན་འབྲེལ་མོན་གྲུ་བཞིན། ། མི་ཤི་མྱུར་དུ་བཏང་ན་བཟང་། ། ལྟས་བྱུང་མགོ་ནད་མིག་ནད་ལྡང་། འབྲུ་དཀོན་ནོར་འཚིག་བཤན་པར་ངན། ། བད་ཀན་ནད་མང་ཆར་བབས་ཞོད། ། སྐར་ཆུང་ལུ་ཁུ་གཉིས་ལྡན་ཞེས། ། ར་བ་འགྲོ་མཁར་གང་ཡང་ངན། ། སྒྲིབ་ན་རབས་ཆད་ཐོད་པ་ནི། ། རང་སྟེང་བསྟན་ན་ཉེས་པ་ཞི། ། 27.ཁྲུམས་སྨད་སྐར་གཉིས་རྣ་བའི་དབྱིབས། ། ལྷ་ནི་སྦྲུལ་གཟའ་རུས་ནོར་རྒྱུས། ། ཁ་ཟས་པལ་སྲན་ཆུ་ཡི་ཁམས། ། གཤིན་སྐར་མྱུར་བཟང་དྲག་ཤུལ་ཆེ། ། རྒྱན་སྤྲོས་ལམ་སྨན་རི་མོ་བཟོ། ། རབ་གནས་ཕྱུགས་སྤེལ་འཇལ་ལེན་བྱེད། ། རྒྱལ་ས་འཆད་ཉན་དབང་སྡོམ་ལེན། ། དྲ་གྱོན་མདུན་མ་འབྲུ་ནོར་སྡུད། ། རྫིང་ཡུར་ཞིང་ལས་ས་བོན་གདབ། ། རྟེན་བཞེང་བཟློག་པ་སྲི་མནན་བྱ། ། གཤིན་ལས་བྲན་བསྟེན་སྐྲ་འཁྲུ་ཤིད། དབང་དྲག་མྱུར་ལས་དམག་བརྐུ་ཇགོ ། ཆང་བཙོ་ཉོ་ཚོང་ས་ཁ་དབྱེ། ། སྐྱེ་ཤིང་མེ་ཏོག་འཛུགས་པ་བཟང་། ། ལྷ་གསོལ་གཡང་འགུགས་འདུ་ལོང་བྱེད། ། མཁར་ལས་ཁྱིམ་འཛིན་གྲོང་ཁྱེར་བརྩིག་གཏར་སྲེག་ཐབ་བཅའ་སྦྲ་ཕྱར་འཚེམ། ། གསོན་ལས་དོན་གཉེར་སྟོན་མོ་བསྡུམས། ། མཐོང་འཛུགས་ཆུ་རགས་སྐྲ་སེན་འབྲེག ། ལྟད་མོ་བུ་མོ་བཙས་དང་ཤིང་། ། ཞི་རྒྱས་བག་མ་དུར་འདེབས་ངན། ། བུ་བཙས་ལྔ་བཅུའམ་དྲུག་ཅུར་འཚོ། གླུ་གར་རིགས་མཁས་ཆོས་སྦྱིན་བྱེད། ། ཕྱུག་ཅིང་སྦྱིན་དགའ་དྲང་པོར་སྨྲ། ། ཚུལ་ཁྲིམས་ཤེས་རབ་སྙིང་རྗེ་ལྡན། ། འཁོར་བསྟེན་འདུ་ཞིང་དགྲ་ལས་རྒྱལ། ། ནད་བཏབ་ཆང་བསིངས་འཐུངས་པས་ལན། ། རྗེན་ཕྱེའི་མི་ཡི་གཟུགས་ཀྱི་ཁར། ། སྔོ་བཅུག་ནད་པར་བསྐོར་ཞིང་བསྐྱུར། ། སྐར་ཆུང་སྐར་དྲུག་ཅེས་བྱ་བར། ། རྡེའུ་འགོ་དྲོས་ལས་མི་བྱེད། ། ལྟས་བྱུང་ཆར་བབས་སྦྲུམ་མ་བདེ། ། ནད་མེད་སྐྱ་རྒྱལ་སྨན་རིག་འཕེལ། ། བཟོ་བོའི་རིགས་ལ་ངན་པ་ཙམ། ། ཆར་བབས་མྱུར་འབབ་སྒྲིབ་པའི་ཚེ། ། སྦྲུལ་ཐོད་རང་སྟེང་བསྟན་པས་ཐུབ། ། 28.ནམ་གྲུ་སྐར་མ་སུམ་ཅུ་གཉིས། ། གྲུ་དབྱིབས་རུས་ནི་སྐྱེས་པའི་བུ། ། ལྷ་ནི་ཉི་མ་ཕྱེ་ཤ་ཟ། ། ཆུ་ཁམས་འགྲུབ་སྐར་མི་བརྟན་འགྱུར། ། རབ་བྱུང་རབ་གནས་ཆོས་འཆད་དབང་། ། ལྷ་སྒྲུབ་སྡོམ་འབོགས་གོས་གསར་གྱོན། ། མཁར་ལས་ཞལ་ཆེ་རྒྱལ་སར་བསྐོ ། ལྷ་གཡང་སྨན་སྦྱོར་དགེ་ལེགས་ཚོང་། ། སྟོན་མོ་ཕྱུགས་འབྱེད་ས་བོན་གདབ། ། ཁྱིམ་འཛིན་སྐྲ་འཁྲུ་ས་ཁ་འབྱེད། ། གཤིན་ལས་རོ་དྲང་ཤིང་དང་སྐྱས། ། གཏར་སྲེག་མིང་འདོགས་སྐྲ་སེན་འབྲེག ། ཞུ་འབུལ་མདུན་མ་རང་དོན་སྒྲུབ། ། ཕྱུགས་འདུལ་ཁ་སྨྲས་རྐུ་བ་དང་། ། རྟ་དང་བོང་བུའི་བྱ་གཅོད་པ། ། གསོན་ལས་སྐྱེ་ཤིང་འཛུགས་པ་སོགས། ། དབང་ཞིའི་ལས་བཟང་རྒྱུས་པ་རུང་། ། གོས་དྲ་ལམ་ཞུགས་བུ་འབོགས་འགྱེད། ། དམག་དྲག་འཕྲོག་འཇོམས་བརྟན་ལས་དང་། ། བཟློག་རིམ་ཐབ་འཆའ་སྦྲ་ཕྱིར་འཚེམ། ། བསྡུམས་བྱ་ཆུ་རགས་བུ་མོ་འབོགས། ། ཐུག་འགྱེད་བྱ་དང་ཡུལ་འདོན་དང་། ། གསེབ་སྤྲོད་འབྲུ་ནོར་ཕྱིར་གཏོང་ངན། ། དོན་གཉེར་བྱེས་ངན་རང་ཡུལ་བཟང་། ། བག་མ་བྱེས་ན་བུ་མི་སྐྱེ། ། བཙས་ན་ཉེར་བརྒྱད་དགུ་བཅུ་འཚོ། ། རབ་མཛངས་འབྲུ་ནོར་འབྱོར་ལ་བརྩོན། ། མི་གཞན་དག་ལ་རབ་ཏུ་བཟང་། ། དབང་པོ་ཚང་ཞིང་དཔའ་བ་ཡིན། ། སྐར་ཆུང་ལས་སྣ་གྲོ་ལོད་ཅེས། ། ནམ་ཕྱེད་ཉི་ཕྱེད་ལས་མི་བྱེད། ། ནད་བཏབ་བུད་མེད་ཤི་བས་ལན། ། རྗེན་ཕྱེའི་མི་ཡི་གཟུགས་ཀྱི་ཁར། ། བུ་རམ་བཅུག་ལ་བཞི་མདོར་བསྐྱུར། ། དེ་ཡིས་ཞག་གསུམ་ནད་ལས་གྲོལ། ། མི་ཤི་རྩིས་མཁན་དག་ལ་ངན་། ། ལྟས་བྱུང་ཆར་བབས་སྦྲུམ་མ་བདེ། ། སྐྱ་རྒྱལ་སྨན་དང་རིག་སྔགས་འཕེལ། ། རྩིས་མཁན་ལ་ངན་ཆར་བབས་ཞོད། ། སྒྲིབ་ན་རབས་ཆད་མོ་ཡི་ཐོད། ། རང་གི་ཕྱོགས་བསྟན་ཉེས་པ་ཞི། ། དེ་རྣམས་རྒྱུ་སྐར་སོ་སོ་ཡི། ། སྒོས་ཀྱི་འབྲས་བུ་མདོ་ཙམ་བཤད། །

Tibetan Source 《དཔྱད་གསུམ་འབྲས་རྩིས་རསྣའི་བང་མཛོད་》ཤ་20བ་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number