11043

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་ཡང་དག་པ་མ་ཡིན་པའི་ལྟ་བ་ཉི་ཤུ་རྩ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ཐེག་པ་ཆེན་པོ་ལ་དད་པ་རབ་ཏུ་སྒོམ་པའི་མདོ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པ་སྟེ།

1.མཚན་མར་ལྟ་བ་ནི། གང་ལས་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་ལས་དགོངས་ཏེ་ཆོས་རྣམས་མེད་དོ། ། ཞེས་བསྟན་པ་དེ་ལ་སྒྲ་ཇི་བཞིན་དུ་མངོན་པར་ཞེན་ནས་ཀུན་ནས་ཉོན་མོངས་པ་ལས་བྱུང་བའི་ཆོས་རྣམས་དང་། རྣམ་པར་བྱང་བ་ལས་བྱུང་བའི་ཆོས་རྣམས་ལའང་མངོན་པར་ཞེན་ཅིང་མེད་པ་ཉིད་དུ་མཚན་མར་བཟུང་བས་མེད་པར་ལྟ་བར་འགྱུར་ཏེ། དེའི་ཕྱིར་མཚན་མར་ལྟ་བ་ཞེས་བྱའོ། ། 2.ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་ནི། མེད་པར་ལྟ་བ་དེ་ལ་བྱང་ཆུབ་སེམས་དཔའ་དེ་སྒྲ་བཞིན་དུ་མངོན་པར་ཞེན་པས་ལྟ་བ་མ་ཡིན་པར་འདུ་ཤེས་ པར་འགྱུར་རོ། ། གང་མེད་པར་ལྟ་བ་དེ་ནི། དེའི་ལྟ་བ་ཆེན་པོ་སྟེ། དེའི་ཕྱིར་ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་ཞེས་བྱའོ། ། 3.ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བ། 4.ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ། 5.དེ་ཁོ་ན་ལ་སྐུར་པ་འདེབས་པའི་ལྟ་བ་ནི། མཚན་མར་ལྟ་བ་དེས་ཐམས་ཅད་ལ་སྐུར་པ་བཏབ་པས་ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བའང་མངོན་པར་ཞེན། ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ་ལའང་མངོན་པར་ཞེན་ཏེ། དེ་ཁོ་ན་ལ་སྐུར་པ་འདེབས་པའི་ལྟ་བ་ལའང་མངོན་པར་ཞེན་ཏེ། དེའི་ཕྱིར་ཐ་སྙད་ལ་སྐུར་པ་འདེབས་པའི་ལྟ་བ་ཞེས་ཀྱང་བྱ། ཀུན་ནས་ཉོན་མོངས་པ་ལ་སྐུར་པ་འདེབས་པའི་ལྟ་བ་ ཞེས་ཀྱང་བྱ། དེ་ཁོ་ན་ལ་སྐུར་པ་འདེབས་པའི་ལྟ་བ་ཞེས་ཀྱང་བྱའོ། ། 6.སྦྱོར་བ་སེལ་པའི་ལྟ་བ་ནི། སྐུར་པ་འདེབས་པའི་ལྟ་བ་ཅན་དེ་ཉིད་གོང་དུ་རབ་ཏུ་རྣམ་པར་འབྱེད་པ་ལ་སྦྱོར་བ་སེལ་བར་བྱེད་པ་སྟེ། དེས་ན་ཁྱད་པར་དུ་འགྲོ་བ་ལས་ཡོངས་སུ་ཉམས་སོ། ། 7.ཡོངས་སུ་འཛིན་པའི་ལྟ་བ་ནི། ལྟ་བ་ལ་ལྟ་བ་མ་ཡིན་པར་ལྟ་བ་དང་། སྐུར་པ་འདེབས་པའི་ལྟ་བ་དང་། སྦྱོར་བ་སེལ་བའི་ལྟ་བ་ཅན་དེ་ཉིད་གཞན་དག་དང་། ཆོས་ཀྱི་མཚན་ཉིད་རྣམ་པར་གདོན་མི་ཟ་བར་བྱེད་པ་ན་མེད་པའི་ཕྱོགས་ཉིད་ཡོངས་སུ་འཛིན་ཏེ། དེའི་ཕྱིར་ཡོངས་སུ་འཛིན་པའི་ལྟ་བ་ཞེས་བྱའོ། ། 8.དེ་ལ་སྒྱུར་བའི་ལྟ་བ་ནི། གལ་ཏེ་ཐེག་པ་ཆེན་པོའི་མདོ་སྡེའི་དོན་བརྗོད་ཅིང་ཆོས་འདི་དག་ཐམས་ཅད་ནི། མེད་པའི་དོན་དུ་མངོན་པར་སྨྲའོ། ། ཞེས་དོན་དེ་དག་མེད་པར་ལྟ་བ་དེ་ཉིད་ལ་སྒྱུར་བ་སྟེ། དེའི་ཕྱིར་སྒྱུར་བའི་ལྟ་བ་ཞེས་བྱའོ། ། 9.ངེས་པར་འབྱུང་བ་མ་ཡིན་པའི་ལྟ་བ་ནི། བདག་དང་། གཞན་ཡོངས་སུ་འཛིན་པའི་ལྟ་བ་གང་ཡིན་པ་དང་། སྒྱུར་བའི་ལྟ་བ་གང་ཡིན་པ་ལ་བརྟེན་པས་དེ་ཐེག་པ་དམན་པས་ཀྱང་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་མི་འབྱུང་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལྟ་ཅི་སྨོས། དེའི་ཕྱིར་ངེས་པར་འབྱུང་བ་མ་ཡིན་པའི་ལྟ་བ་ཞེས་བྱའོ། ། 10.ཁ་ན་མ་ཐོ་བ་མེད་པར་ལྟ་བ་ནི། དེ་མེད་པའི་མཚན་མ་ལ་ལྟ་བར་གྱུར་ནས་འདི་ལྟར་གང་ལྟ་བ་འདི་དང་ལྡན་ན། དེ་གང་ཅུང་ཟད་འཁྲུལ་པའི་ཉེས་བྱས་ལ་སྤྱོད་ཀྱང་བྱང་ཆུབ་སེམས་དཔའ་དེ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པར་འགྱུར་རོ་སྙམ་དུ་ལྟ་བར་འགྱུར་ཏེ། དེའི་ཕྱིར་ཁ་ན་མ་ཐོ་བ་མེད་པར་ལྟ་བ་ཞེས་བྱའོ། ། 11.འབྱུང་བར་ལྟ་བ་ནི། གང་མེད་པའི་མཚན་མར་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། མེད་པའི་མཚན་མར་ལྟ་བ་འདི་ནི། ཉེས་བྱས་ཀྱི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་འབྱུང་བའོ། ། སྙམ་དུ་སེམས་ལ། དེ་ནི། འབྱུང་བ་མ་ཡིན་ཏེ། དེའི་ཕྱིར་འབྱུང་བར་ལྟ་བ་ཞེས་བྱའོ། ། 12.སྒྲིབ་པ་ལ་གསོག་པའི་ལྟ་བ་ནི། ཁ་ན་མ་ཐོ་བ་མེད་པར་ལྟ་བ་དང་། འབྱུང་བར་ལྟ་བ་ཉིད་དེ། སྒྲིབ་པའི་རྒྱུ་ལ་དེའི་གཉེན་པོ་ཡིན་པའི་བློ་འབྱུང་བའི་ཕྱིར་རོ། ། 13.བརྙས་པའི་ལྟ་བ་ནི། གང་མེད་པའི་མཚན་མ་ལ་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་ཉན་ཐོས་ཀྱི་ཐེག་པ་ལ་བརྙས་པའི་སེམས་སྐྱེད་དེ། ཆོས་འདི་དག་ནི། ཆུང་བའི་ཕྱིར་བྱང་ཆུབ་སེམས་དཔས་ཆོས་དེ་དག་གོམས་པར་མི་བྱ། བྱང་ཆུབ་སེམས་དཔས་ཆོས་དེ་དག་ལ་མཁས་པར་མི་བྱའི། བྱང་ཆུབ་སེམས་དཔས་ཆོས་དེ་དག་རིང་དུ་ཡོངས་སུ་སྤང་བར་བྱའོ་སྙམ་སྟེ། དེའི་ཕྱིར་བརྙས་པའི་ལྟ་བ་ཞེས་བྱའོ། ། 14.རབ་ཏུ་འཁྲུགས་པའི་ལྟ་བ་ནི། གང་མེད་པའི་མཚན་མ་ལ་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་ཉན་ཐོས་ཀྱི་ཐེག་པའི་གང་ཟག་དེ་དག་ལ་ཁོང་ཁྲོ་བའི་སེམས་སྐྱེད་དེ། འདི་དག་དང་ལྷན་ཅིག་གནས་པར་མི་བྱ། ། སྨྲ་བ་དང་། ཀུན་ཏུ་སྨྲ་བ་དང་། ཀུན་བརྗོད་པ་དང་། ཆོས་གོས་ལ་སོགས་པ་ཡོངས་སུ་སྤྱད་པ་ཀུན་སྤྱད་པར་མི་བྱའོ། ། སྙམ་སྟེ།དེའི་ཕྱིར་རབ་ཏུ་འཁྲུགས་པའི་ལྟ་བ་ཞེས་བྱའོ། ། 15.བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ་ནི། བརྙས་པའི་ལྟ་བ་དང་། རབ་ཏུ་འཁྲུགས་པའི་ལྟ་བ་ཅན་གྱི་བྱང་ཆུབ་སེམས་དཔའ་དེ་ཉིད་བསོད་ནམས་མ་ཡིན་པ་མང་དུ་སྐྱེད་དེ། དེའི་ཕྱིར་བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ་ཞེས་བྱའོ། ། 16.ལོག་པར་ལྟ་བ་ནི། གང་མེད་པའི་མཚན་མ་ལ་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་སྟོང་པ་ཉིད་ལ་སྟོང་པ་ཉིད་དུ་མི་རྟོག ། མཚན་མ་མེད་པ་ལ་མཚན་མ་མེད་པར་མི་རྟོག ། སྨོན་པ་མེད་པ་ལ་སྨོན་པ་མེད་པར་མི་རྟོག་སྟེ། དེས་ན། དེ་སྒོམ་པའི་ཏིང་ངེ་འཛིན་རྣམ་པ་གསུམ་པོ་འདི་མི་སྒྲུབ་སྟེ། དེའི་ཕྱིར་ལོག་པར་ལྟ་བ་ཞེས་བྱའོ། ། 17.ངལ་བ་འབྲས་བུ་མེད་པའི་ལྟ་བ་ནི། གང་ལོག་པར་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་ཏིང་ངེ་འཛིན་སྒོམ་པའི་ངལ་བ་འབྲས་བུ་མེད་པར་འགྱུར་ཏེ། དེའི་ཕྱིར་ངལ་བ་འབྲས་བུ་མེད་པའི་ལྟ་བ་ཞེས་བྱའོ། ། 18.འཕེལ་བར་ལྟ་བ་ནི། གང་མེད་པའི་མཚན་མ་ལ་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་འདི་ལྟར་བྱང་ཆུབ་སེམས་དཔའ་གང་སྐྱེ་བོའི་ཚོགས་ཆེན་པོ་ལྟ་བ་འདི་ལ་འཛུད་ཅིང་སྐྱེ་བོའི་ཚོགས་ཆེན་པོ་དད་པར་བྱེད་པ་དེ་བསོད་ནམས་མང་དུ་སྐྱེད་དོ། ། སྙམ་དུ་ལྟ་བར་འགྱུར་ཏེ། དེའི་ཕྱིར་འཕེལ་བར་ལྟ་བ་ཞེས་བྱའོ། ། 19.སླུ་བའི་ལྟ་བ་ནི། གོང་འཕེལ་བར་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་བདག་དང་གཞན་ལ་བསོད་ནམས་ཀྱི་བསམ་པས་བསོད་ནམས་བསླུས་པར་འགྱུར་ཏེ། དེའི་ཕྱིར་སླུ་བའི་ལྟ་བ་ཞེས་བྱའོ། ། 20.ཁས་མི་ལེན་པར་ལྟ་བ་ནི། གང་མེད་པའི་མཚན་མ་ལ་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ཆོས་ཐམས་ཅད་མེད་པ་ཉིད་འདི་ལ་གཞན་དང་རྩོད་པར་གྱུར་ན། བདག་གི་ ཕྱོགས་གང་ཡང་ཁས་མི་བླང་ སྟེ། བདག་གིས་མི་གཟུགས་པ་འབའ་ཞིག་ཏུ་བྱའོ་སྙམ་མོ། ། དེའི་ཕྱིར་ཁས་མི་ལེན་པར་ལྟ་བ་ཞེས་བྱའོ། །

21.གཡོའི་ལྟ་བ་ནི། གང་མེད་པའི་མཚན་མ་ལ་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་ཉིད་ཕྱོགས་ཁས་མི་ལེན་ཏེ། སྒྲ་ཇི་བཞིན་དུ་མེད་པ་དེ་རྣམ་པར་འཇོག་པ་ན་བག་བཟུངས་དང་ལྟག་ཆོད་ཀྱི་སྦྱོར་བར་བྱེད་དེ། བག་བཟུངས་དང་ལྟག་ཆོད་ཀྱི་སྦྱོར་བ་ནི། གཡོ་སྨྲ་བ་ཞེས་བྱ་སྟེ། དེའི་ཕྱིར་གཡོའི་ལྟ་བ་ཞེས་བྱའོ། །

22.ཆད་པས་བཅད་པའི་ལྟ་བ་ནི། བྱང་ཆུབ་སེམས་དཔའ་གང་ཁས་མི་ལེན་པར་ལྟ་བ་དང་། གཡོའི་ལྟ་བ་སྨྲ་བ་དེ་ཉིད་སྨྲ་བ་སྙིང་པོ་མེད་པའི་ཕྱིར་མཁས་པ་རྣམས་ཀྱི་དུས་ཐམས་ཅད་དུ་ཆད་པས་བཅད་པར་འགྱུར་ཏེ། དེའི་ཕྱིར་ཆད་པས་བཅད་པའི་ལྟ་བ་ཞེས་བྱའོ། ། 23.བཀུར་སྟི་བྱེད་པར་ལྟ་བ་ནི། གང་མེད་པའི་མཚན་མར་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་ཉིད་ལྟར་གང་དེ་བཞིན་གཤེགས་པས་གསུངས་པའི་ལྟ་བ་དེ་ལྟ་བུ་འདི་དག་ལ་བརྟེན་པ་དེ་ནི། སྟོན་པ་ལ་བསྟི་སྟང་བྱེད། བླ་མར་བྱེད། རི་མོར་བྱེད་པ་ཡིན་པར་ལྟ་བ་དེ་ནི། རིམ་གྲོ་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་བཀུར་སྟི་བྱེད་པར་ལྟ་བ་ཞེས་བྱའོ། ། 24.སྐུར་པའི་ལྟ་བ་ནི། གང་བཀུར་སྟི་བྱེད་པར་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་ཉིད་དེ་བཞིན་གཤེགས་པ་ལ་སྐུར་པར་བྱེད་དེ། བསྟི་སྟང་མི་བྱེད་པ་འབའ་ཞིག་ནི། མ་ཡིན་ནོ། ། དེའི་ཕྱིར་སྐུར་པའི་ལྟ་བ་ཞེས་བྱའོ། ། 25.རྨོངས་པ་བརྟན་པའི་ལྟ་བ་ནི། གང་མེད་པའི་མཚན་མ་ལ་ལྟ་བའི་བྱང་ཆུབ་སེམས་དཔའ་དེ་སྒྲ་ཇི་བཞིན་དུ་མངོན་པར་མ་ཞེན་པ་ཕྱིན་ཅི་མ་ལོག་པར་ལྟ་བའི་བྱང་ཆུབ་སེམས་དཔའ་གཞན་དག་གིས་རིགས་པར་བསྟན་ཅིང་རྣམ་པ་དུ་མར་བཟློག་པ་བྱས་ཀྱང་ལྟ་བ་དེ་ལས་བསྐྱོད་པར་མི་ནུས་ཏེ། དེའི་ཕྱིར་རྨོངས་པ་བརྟན་པའི་ལྟ་བ་ཞེས་བྱའོ། ། 26.མི་སྨྲ་བའི་ལྟ་བ་ནི། ཉོན་མོངས་པ་བརྟན་པའི་ལྟ་བ་ཅན་གྱི་བྱང་ཆུབ་སེམས་དཔའ་དེ་ཉིད་མི་སྨྲ་བའི་ལྟ་བ་ཞེས་བྱའོ། ། 27.ལྟ་བ་ཆེན་པོ་ནི། ལྟ་བ་ཉི་ཤུ་རྩ་དྲུག་བོ་དེ་དག་ཐམས་ཅད་ལ་ལྟ་བ་ཆེན་པོ་ཞེས་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། ལྟ་བ་འདི་ཇི་ལྟ་བ་བཞིན་དུ་འཇིག་ཚོགས་ལ་ལྟ་བའི་རྩ་བ་ལས་བྱུང་བ་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ནི། ཇི་ལྟ་ཇི་ལྟར་ཁ་ན་མ་ཐོ་བ་ཆེ་བ་མ་ཡིན་ཏེ། དེའི་ཕྱིར་ལྟ་བ་ཆེན་པོ་ཞེས་བྱའོ། ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་ཤིང་དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་ནས་དེ་ལྟར་ལྟ་བ་མེད་པར་ལྟ་བ་ཡོངས་སུ་བརྗོད་པས་དུས་ཚད་མེད་པར་ལས་ཀྱི་སྒྲིབ་པ་ཡོངས་སུ་འཛིན་པ་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཀྱིས་འཇིག་རྟེན་ཀུན་ཏུ་སྦྱོར་བ་ལྟར་འཇིག་ཚོགས་ལ་ལྟ་བའི་རྩ་བ་ལས་བྱུང་བའི་ལྟ་བར་གྱུར་པ་རྣམས་ནི། དེ་ལྟར་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་ཀྱི་འཇིག་རྟེན་ཀུན་ཏུ་སྦྱོར་བ་མ་ཡིན་ནོ། ། 28.མངོན་པའི་ང་རྒྱལ་གྱི་ལྟ་བ་ནི། ལྟ་བ་ཆེན་པོ་ཉིད་མངོན་པའི་ང་རྒྱལ་གྱི་ལྟ་བ་ཞེས་བྱའོ། ། ཐེག་པ་ཆེན་པོའི་ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་དུ་མངོན་པར་རློམ་སེམས་སུ་བྱེད་པས་ལོག་པར་ལྟ་བ་འདི་འབྱུང་སྟེ། དེའི་ཕྱིར་མངོན་པའི་ང་རྒྱལ་གྱི་ལྟ་བ་ཞེས་བྱའོ། ། འདི་ལ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་སྒྲ་ཇི་བཞིན་དུ་མ་ཡིན་པར་དགོངས་པ་ལས་བྱུང་བའི་དོན་ལ་ཚུལ་བཞིན་དུ་སོ་སོར་རྟོག་པ་ལ་ནི། འཕགས་པའི་ལྟ་བ་རྣམས་མེད་པར་ཡང་ལྟ་བ་འདི་དག་མི་འབྱུང་སྟེ། ཐེག་པ་ཆེན་པོ་ལ་དད་ཅིང་ཡིད་ལ་མངོན་དུ་འགྱུར་རོ། ། དེའི་ཚུལ་བཞིན་ཡིད་ལ་བྱེད་པའི་རྗེས་སུ་འགྲོ་བའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་སྐྱེ་བ་ནི། དོན་ཆེན་པོ་ཡིན་ནོ། ། ཆོས་ལའང་ཆོས་སུ་འདུ་ཤེས་ཤིང་དོན་ལའང་དོན་དུ་འདུ་ཤེས་པ་ཡིན་ཏེ། འདི་ནི། བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པ་ཡིད་ལ་བྱེད་པ་ལས་སྐྱེའོ། །

Tibetan Source 《མདོ་ད་པ་》ཤ་29ན་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number