11254

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མའི་མངལ་ན་སྲིད་པ་མངོན་པར་འདོད་པ་གནས་པའི་ཞག་བདུན་ཕྲག་སོ་བརྒྱད།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་སྟེ། བདུན་ཕྲག་དང་པོ་ནུར་ནུར་པོའི་སྐབས། བདུན་ཕྲག་གཉིས་པ་ཀུན་སྡུད་ཅེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་གསུམ་པ་མཛོད་སྒོ་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་བཞི་པ་ནང་འདྲེན་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་ལྔ་པ་ཀུན་ཏུ་སྡུད་པ་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་དྲུག་པ་རྒྱ་ཆེན་པོ་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་བདུན་པ་ཀུན་ཏུ་སྒྱུར་བ་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་བརྒྱུད་པ་ཡོངས་སུ་སྒྱུར་བ་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་དགུ་པ་ལུས་ཀྱི་མཚན་མ་དགུ་པོ་འབྱུང་བའི་སྐབས། བདུན་ཕྲག་བཅུ་པ་བརྟན་པ་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་བཅུ་གཅིག་པ་རྟ་བྱེད་ཅེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་བཅུ་གཉིས་པ་ཡོན་པོའི་སྒོ་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་བཅུ་གསུམ་པ་ལྟོའི་ནང་དུ་བཀྲེས་པ་དང་། སྐོམ་པ་འབྱུང་བའི་སྐབས། བདུན་ཕྲག་བཅུ་བཞི་པ་སྐུད་པའི་སྒོ་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་བཅོ་ལྔ་པ་པདྨ་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་བཅུ་དྲུག་པ་མི་འཆི་བ་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་བཅུ་བདུན་པ་འབྲིའི་གདོང་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་བཅོ་བརྒྱད་པ་དྲི་མ་མེད་པ་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་བཅུ་དགུ་པ་དབང་པོ་བཞི་པོ་ཐོབ་པའི་སྐབས། བདུན་ཕྲག་ཉི་ཤུ་པ་སྲ་བ་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་ཉི་ཤུ་རྩ་གཅིག་པ་ཀུན་ཏུ་འབྱུང་བ་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་ཉི་ཤུ་རྩ་གཉིས་པ་ཡོངས་སུ་རྒྱལ་བ་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་ཉི་ཤུ་རྩ་གསུམ་པ་གཙང་འཛིན་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་ཉི་ཤུ་རྩ་བཞི་པ་ཡོངས་སུ་འཕྱོ་བ་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་ཉི་ཤུ་རྩ་ལྔ་པ་ཁྱེར་འཇིག་ཅེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་ཉི་ཤུ་རྩ་དྲུག་པ་སྐྲ་དང་། སྤུ་སེན་མོ་སྐྱེ་བའི་སྐབས། བདུན་ཕྲག་ཉི་ཤུ་རྩ་བདུན་པ་སྣ་ན་ཡོན་པོ་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་ཉི་ཤུ་རྩ་བརྒྱད་པ་ཕྱིན་ཅི་ལོག་གི་འདུ་ཤེས་འབྱུང་བའི་སྐབས། བདུན་ཕྲག་ཉི་ཤུ་རྩ་དགུ་པ་ཡང་དག་སྐྱེད་ཅེས་བྱ་བའི་རླུང་ལྡོང་བའི་སྐབས། བདུན་ཕྲག་སུམ་ཅུ་པ་ལྕགས་ཀྱི་སྒོ་ཞེས་བྱ་བའི་རླུང་ལྡང་བའི་སྐབས། བདུན་ཕྲག་སོ་གཅིག་པ་ནས་སོ་བཞི་བར་མའི་ལྟོའི་ནང་དུ་འཕེལ་ཞིང་རྒྱས་པར་འགྱུར་བའི་སྐབས། བདུན་ཕྲག་སོ་ལྔ་པ་ཡན་ལག་དང་། ཉིང་ལག་ཐམས་ཅད་དང་ལྡན་པར་འགྱུར་བའི་སྐབས། བདུན་ཕྲག་སོ་དྲུག་པ་མངལ་ན་གནས་པ་དེ་འབྱུང་འདོད་ཅིང་མང་ལ་ལ་མངོན་པར་མི་འདོད་པའི་སྐབས། བདུན་ཕྲག་སོ་བདུན་པ་ཕྱིན་ཅི་མ་ལོག་པའི་འདུ་ཤེས་ཐོབ་པའི་སྐབས། ། བདུན་ཕྲག་སོ་བརྒྱད་པ་ཡན་ལག་ཅེས་བྱ་བའི་རླུང་ལྡང་བའི་སྐབས་དང་སོ་བརྒྱད་དོ། ། དེ་ལས།

1.ཞག་བདུན་པ་དང་པོ་ལ་ནི། མངལ་གྱི་ཟུག་རྔུ་མི་གཙང་བ། རུལ་བ། རབ་ཏུ་འབར་བའི་འདམ་གྱི་ནང་ན་འདུག་པ། ལུས་ཀྱི་དབང་པོ་ཐམས་ཅད་སྡུག་བསྔལ་བ། ཤིན་ཏུ་དཀའ་བ། དོག་པ་དང་། ཉམ་ང་བར་གྱུར་པ། སྡུག་བསྔལ་བར་རོ་གཅིག་པའི་རྣམ་པར་ཤེས་པ་ཅན་དེ། མའི་ལྟོར་ནུར་ནུར་པོར་འགྱུར་རོ། ། དེ་ལ་ནུར་ནུར་པོའི་རང་བཞིན་ཇི་ལྟ་བུ་ཞེ་ན། ནུར་ནུར་པོའི་རང་བཞིན་ནི། དཔེར་ན་འབྲས་བུའམ། ཞོའི་ཞོ་ག་ཆུ་ལྟ་བུ་སྟེ། ནུར་ནུར་པོ་ནི། དེ་ལྟ་བུའི་རང་བཞིན་ནོ། ། དེ་དེར་ཞག་བདུན་དུ་གནས་ཤིང་། དེ་ཞག་བདུན་པོ་དེར་གདུང་བ་དང་། ཀུན་ཏུ་གདུང་བ་དང་། ཚ་བ་དང་། ཀུན་ཏུ་ཚ་བ་དང་། ཡོངས་སུ་ཚ་བར་འགྱུར་ཏེ། དེ་ལ་སའི་ཁམས་ནི་སྲ་བ་ཉིད་དུ། ཆུའི་ཁམས་ནི། གཤེར་བ་ཉིད་དུ། མེའི་ཁམས་ནི། ཚ་བ་ཉིད་དུ། རླུང་གི་ཁམས་ནི། ཡང་ཞིང་གཡོ་བ་ཉིད་དུ་ཉེ་བར་གནས་སོ། ། 2.ཞག་བདུན་པ་གཉིས་པ་ལ་ནི། མངལ་གྱི་ཟུག་རྔུ་མི་གཙང་བ། རུལ་བ། རབ་ཏུ་འབར་བའི་ནང་དུ་འདུག་པ། ལུས་ཀྱི་དབང་པོ་ཐམས་ཅད་རབ་ཏུ་ཚ་བ། ཤིན་ཏུ་མི་བཟད་པ་དང་། དོག་པ་དང་། ཉམ་ང་བར་གྱུར་པ། སྡུག་བསྔལ་བར་རོ་གཅིག་པའི་རྣམ་པར་ཤེས་པ་ཅན་དེ་ལ། མའི་ལྟོར་ནང་གི་རླུང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ་ཀུན་སྡུད་ཅེས་བྱ་བ་དག་ལྡང་སྟེ། དེའི་རེག་པས་མངལ་གྱི་ཟུག་རྔུ་དེ་མེར་མེར་འགྱུར་རོ། ། དེ་ལ་མེར་མེར་པོའི་རང་བཞིན་ཇི་ལྟ་བུ་ཞེ་ན། ཞོའམ་མར་མཁྲང་པོ་ལྟ་བུ་སྟེ། མེར་མེར་པོ་ནི། དེ་ལྟ་བུའི་རང་བཞིན་ཡིན་ནོ། ། དེ་དེར་ཞག་བདུན་དུ་གནས་ཤིང་དེ་ཞག་བདུན་པོ་དེར་གདུང་བ་དང་། ཀུན་ཏུ་གདུང་བ་དང་། ཚ་བ་དང་། ཀུན་ཏུ་ཚ་བ་དང་། ཡོངས་སུ་ཚ་བར་འགྱུར་ཏེ། དེ་ལས་སའི་ཁམས་ནི། སྲ་བ་ཉིད་དུ། ། ཆུའི་ཁམས་ནི། གཤེར་བ་ཉིད་དུ། མེའི་ཁམས་ནི། དྲོ་བ་ཉིད་དུ། རླུང་གི་ཁམས་ནི། ཡང་ཞིང་གཡོ་བ་ཉིད་དུ་ཉེ་བར་གནས་སོ། ། 3.ཞག་བདུན་པ་གསུམ་པ་ལ་ནི། མངལ་གྱི་ཟུག་རྔུ་མི་གཙང་བ། རུལ་བ། རབ་ཏུ་ཚ་བ། འདམ་རྫབ་ཀྱི་ནང་ན་འདུག་པ། ལུས་ཀྱི་དབང་པོ་ཐམས་ཅད་རབ་ཏུ་ཚ་བ། ཤིན་ཏུ་མི་བཟད་པ་དང་། དོག་པ་དང་། ཉམ་ང་བར་གྱུར་པ། སྡུག་བསྔལ་བར་རོ་གཅིག་པའི་རྣམ་པར་ཤེས་པ་ཅན་དེ་ལ། མའི་ལྟོར་ནང་གི་རླུང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པོ། མཛོད་སྒོ་ཞེས་བྱ་བ་དག་ལྡང་སྟེ། དེའི་རེག་པས་མངལ་གྱི་ཟུག་སྡུ་དེ་ནར་ནར་པོར་འགྱུར་རོ། ། དེ་ལ་ནར་ནར་པོའི་རང་བཞིན་ཇི་ལྟ་བུ་ཞེ་ན། དཔེར་ན། ཟངས་ཀྱི་ཐུར་མ་ཕྲ་མོའམ། སྲིན་གྲོལ་མ་ལྟ་བུ་སྟེ། ནར་ནར་པོ་ནི། དེ་ལྟ་བུའི་རང་བཞིན་དུ་འགྱུར་རོ། ། མངལ་གྱི་ཟུག་རྔུ་དེ་དེར་ཞག་བདུན་དུ་གནས་ཤིང་། དེ་ཞག་བདུན་ཞོ་དེར་གདུང་བ་དང་། རབ་ཏུ་གདུང་བ་དང་། ཚ་བ་དང་། ཀུན་ཏུ་ཚ་བ་དང་། ཡོངས་སུ་ཚ་བར་འགྱུར་ཏེ།དེ་ལ་སའི་ཁམས་ནི། སྲ་བ་ཉིད་དུ། ཆུའི་ཁམས་ནི། གཤེར་བ་ཉིད་དུ། མའི་ཁམས་ནི། དྲོ་བ་ཉིད་དུ། རླུང་གི་ཁམས་ནི། ཡང་ཞིང་གཡོ་བ་ཉིད་དུ་ཉེ་བར་གནས་སོ། ། 4.ཞག་བདུན་པ་བཞི་པ་ནི། མངལ་གྱི་ཟུག་རྔུ་མི་གཙང་བ། རུལ་བ། རབ་ཏུ་འབར་བའི་འདམ་གྱི་ནང་དུ་འཇུག་པ། ལུས་ཀྱི་དབང་པོ་ཐམས་ཅད་རབ་ཏུ་ཚ་བ། ཤིན་ཏུ་མི་བཟང་བ་དང་། ཉམ་ང་བ་དང་། དོག་པར་གྱུར་པ། སྡུག་བསྔལ་བར་རོ་གཅིག་པའི་རྣམ་པར་ཤེས་པ་ ཅན་དེ་ལ། མའི་ལྟོར་ནང་གི་རླུང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ། ནང་འདྲེན་པ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེ་གོར་གོར་པོར་འགྱུར་རོ། ། དེ་ལ་གོར་གོར་པོའི་རང་བཞིན་ཇི་ལྟ་བུ་ཞེ་ན། དཔེར་ན། རྔར་རམ་མཆི་གུ་ལྟ་བུ་སྟེ་གོར་གོར་པོ་ནི། དེ་ལྟ་བུའི་རང་བཞིན་ནོ། ། དེ་དེར་ཞག་བདུན་དུ་གནས་ཤིང་། དེ་ཞག་བདུན་པོ་དེར་གདུང་བ་དང་། ཀུན་ཏུ་གདུང་བ་དང་། ཚ་བ་དང་། ཀུན་ཏུ་ཚ་བ་དང་། ། ཡོངས་སུ་ཚ་བར་འགྱུར་ཏེ། དེ་ལ་སའི་ཁམས་ནི། སྲ་བ་ཉིད་དུ། ཆུའི་ཁམས་ནི། གཤེར་བ་ཉིད་དུ། མེའི་ཁམས་ནི། དྲོ་བ་ཉིད་དུ། རླུང་གི་ཁམས་ནི། ཡང་ཞིང་གཡོ་བ་ཉིད་དུ་ཉེ་བར་གནས་སོ། ། 5.ཞག་བདུན་པ་ལྔ་པ་ལ་ནི། མངལ་ན་གནས་པ་དེ་ལ། མའི་ལྟོའི་ནང་དུ་ནང་གི་རླུང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ། ཀུན་ཏུ་སྡུད་པ་ཞེས་བྱ་བ་དག་ལྡང་སྟེ། དེས་ན་མངལ་གྱི་ཟུག་རྔུ་དེའི་ལུས་ལ་མཚན་མ་ལྔ་པོ། དཔུང་པ་གཉིས་ཀྱི་དཔུང་པའི་མཚན་མ་དག་དང་། བརླ་གཉིས་ཀྱི་བརླའི་མཚན་མ་དག་དང་། ལྔ་པ་མགོའི་མཚན་མ་འབྱུང་བར་འགྱུར་རོ། ། དཔེར་ན། དུས་ཚིགས་ཀྱི་དུས་ཀྱི་ཚེ་དབྱར་གྱི་ཆར་བབ་ན་དང་པོར་ཤིང་གི་ཕུང་པོ་དག་ལ་མྱུ་གུ་འབྱུང་བར་འགྱུར་རོ། ། དེ་བཞིན་དུ་མངལ་ན་གནས་པ་དེ་ལ། མའི་ལྟོའི་ནང་དུ་ནང་གི་རླུང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ། ཀུན་ཏུ་སྤུད་པ་ཞེས་བྱ་བ་དག་ལྡང་སྟེ། དེས་ན་མངལ་ན་གནས་པ་དེའི་ལུས་ལ་མཚན་མ་ལྔའོ། ། དཔུང་པ་གཉིས་ཀྱི་དཔུང་པའི་མཚན་མ་དག་དང་། བརླ་གཉིས་ཀྱི་བརླའི་མཚན་མ་དག་དང་། ལྔ་པ་མགོའི་མཚན་མ་འབྱུང་བར་འགྱུར་རོ། ། 6.ཞག་བདུན་པ་དྲུག་པ་ལ་ནི། མངལ་ན་གནས་པ་དེ་ལ། མའི་ལྟོར་ནང་ནས་ནང་གི་རླུང་སྔོན་གྱི་རྣམ་པར་སྨིན་པ་ལས་སྐྱེས་པ། རྒྱ་ཆེན་པོ་ཞེས་བྱ་བ་དག་ལྡང་སྟེ། དེས་ན་མངལ་གྱི་ཟུག་རྔུ་དེའི་ལུས་ལ་མཚན་མ་བཞི་པོ་ལག་ངར་གཉིས་ཀྱི་ལག་ངར་གྱི་མཚན་མ་དག་དང་། རྗེ་ངར་གཉིས་ཀྱི་རྗེ་ངར་གྱི་མཚན་མ་དག་འབྱུང་བར་འགྱུར་རོ། ། དཔེར་ན། དབྱར་གྱི་ཆར་བབ་ན་དང་པོར་རྩྭ་དུར་པའི་མྱུ་གུ་སྐྱེ་བར་འགྱུར་རོ། ། དེ་བཞིན་དུ་མངལ་ན་གནས་པ་དེ་ལ། མའི་ནང་ནས་ནང་གི་རླུང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ། རྒྱ་ཆེན་པོ་ཞེས་བྱ་བ་དག་ལྡང་སྟེ། དེས་ན་མངལ་གྱི་ཟུག་རྔུ་དེའི་ལུས་ལ་མཚན་མ་བཞི་པོ་ལག་ངར་གཉིས་ཀྱི་ལག་ངར་གྱི་མཚན་མ་དག་དང་། རྗེ་ངར་གཉིས་ཀྱི་རྗེ་ངར་གྱི་མཚན་མ་དག་འབྱུང་བར་འགྱུར་རོ། ། 7.ཞག་བདུན་པ་བདུན་པ་ལ་ནི། མངལ་ན་གནས་པ་དེ་ལ། མའི་ལྟོར་ནང་ནས་ནང་གི་རླུང་ཀུན་ཏུ་སྒྱུར་བ་ཞེས་བྱ་བ་དག་ལྡང་སྟེ། དེས་ན་མངལ་ན་གནས་པ་དེའི་ལུས་ལ་མཚན་མ་གཞན་བཞི་པོ་ལག་པའི་བོལ་གཉིས་ཀྱི་ལག་པའི་བོལ་གྱི་མཚན་མ་དག་དང་། རྐང་པའི་བོལ་གཉིས་ཀྱི་རྐང་པའི་བོལ་གྱི་མཚན་མ་རྒྱ་ཆེན་པོ་དག་འབྱུང་བར་འགྱུར་ཏེ། དཔེར་ན། ལྦུ་བའི་ཕུང་པོའམ། ཉ་ལྕིབས་ཀྱི་ཕུང་པོ་ལྟ་བུའོ། ། དེ་བཞིན་དུ་མའི་ལྟོའི་ནང་དུ་མངལ་ན་གནས་པ་ཟུག་རྔུ་དེའི་ལུས་ལ་མཚན་མ་བཞི་པོ། ལག་པའི་བོལ་གཉིས་ཀྱི་ལག་པའི་བོལ་གྱི་མཚན་མ་དག་དང་། རྐང་པའི་བོལ་གཉིས་ཀྱི་རྐང་པའི་བོལ་གྱི་མཚན་མ་དག་འབྱུང་བར་འགྱུར་རོ། ། 8.ཞག་བདུན་པ་བརྒྱུད་པ་ལ་ནི། མངལ་ན་གནས་པ་དེ་ལ། མའི་ལྟོར་ནང་ནས་ནང་གི་རླུང་ཡོངས་སུ་སྒྱུར་བ་ཞེས་བྱ་བ་དག་ལྡང་སྟེ། དེས་ན་མངལ་གྱི་ཟུག་རྔུ་དེའི་ལུས་ ལ་མཚན་མ་ཉི་ཤུ་པོ། ལག་པའི་སོར་མོ་བཅུའི་ལག་པའི་སོར་མོའི་མཚན་མ་རྣམས་དང་། རྐང་པའི་སོར་མོ་བཅུའི་རྐང་པའི་སོར་མོའི་མཚན་མ་རྣམས་སྐྱེ་བར་འགྱུར་རོ། ། དཔེར་ན། དབྱར་ཆར་བབ་ན་དང་པོར་ཤིང་གི་ཕུང་པོའི་དྲུང་གི་རྩ་བ་དག་སྐྱེ་བར་འགྱུར་རོ། ། དེ་བཞིན་དུ་མའི་ལྟོའི། ནང་དུ་མངལ་གྱི་ཟུག་རྔུ་དེའི་ལུས་ལ་མཚན་མ་ཉི་ཤུ་ པོ། ལག་པའི་སོར་མོ་བཅུའི་སོར་མོའི་མཚན་མ་རྣམས་དང་། རྐང་པའི་སོར་མོ་བཅུའི་རྐང་པའི་སོར་མོ་བཅུའི་ མཚན་མ་རྣམས་འབྱུང་བར་འགྱུར་རོ། ། 9.ཞག་བདུན་པ་དགུ་པ་ལ་ནི་མའི་ལྟོའི་ནང་དུ་མངལ་ན་གནས་པ་ཟུག་རྔུ་དེའི་ལུས་ལ་མཚན་མ་དགུ་པོ། མིག་གི་མཚན་མ་གཉིས་དང་། རྣ་བའི་མཚན་མ་གཉིས་དང་། སྣའི་མཚན་མ་གཉིས་དང་། སྨད་ཀྱི་མཚན་མ་གཉིས་དང་། ཁའི་མཚན་མ་འབྱུང་བར་འགྱུར་རོ། ། 10.ཞག་བདུན་པ་བཅུ་པ་ལ་ནི། མངལ་ན་གནས་པ་དེ་ལ་མའི་ལྟོའི་ནང་ནས་ནང་གི་རླུང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་སྐྱེས་པ། བརྟན་པ་ཞེས་བྱ་བ་དག་ལྡང་སྟེ། དེས་ན་མངལ་ན་གནས་པ་དེའི་ལུས་ལ་སྲ་བ་ཉིད་དང་། ལྕི་བ་ཉིད་ཀུན་ཏུ་གནས་པར་འགྱུར་རོ། ། ཞག་བདུན་པ་དེ་ཉེད་ལ་མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་ཀུན་ནས་སྒོ་ཞེས་བྱ་བ་དག་ལྡང་ཞིང་། དེ་དག་གིས་མངལ་ན་གནས་པ་དེ་གང་བར་བྱེད། ཀུན་ཏུ་གང་བར་བྱེད། ཀུན་ཏུ་ཡོངས་སུ་གང་བར་བྱེད། དཔེར་ན། རྐྱལ་པའམ། སྦུད་པ་གང་བ་བཞིན་ནོ། ། 11.ཞག་བདུན་པ་བཅུ་གཅིག་པ་ལ་ནི། མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རྟ་བྱེད་ཅེས་པའི་རླུང་དག་ལྡང་སྟེ། དེས་ན་མངལ་ན་གནས་པ་དེ་ཁོང་སྟོང་དུ་འགྱུར་ཞིང་དེའི་ལུས་ལ་བུ་གུ་དགུ་ཡང་དོད་པར་འགྱུར་ཏེ། ཇི་ལྟ་ཇི་ལྟར་དེའི་མས་བསྐྱོད་པ་དང་། ཀུན་ཏུ་བསྐྱོད་པ་དང་། ཡོངས་སུ་བསྐྱོད་པའམ། དྲག་ཏུ་བརྩལ་བའམ། ལུས་དག་རྣམ་པར་གཡེངས་པ་དེ་དེ་ལྟར་མངལ་ན་གནས་པ་དེ་ཁོང་སྟོང་དུ་འགྱུར་ཞིང་། དེའི་བུ་ག་དེ་དག་ཀྱང་མངོན་པར་འགྲུབ་པར་འགྱུར་རོ། ། རྟ་བྱེད་ཅེས་བྱ་བའི་རླུང་དེ་དག་ནི། གྱེན་དུ་བལྟས་ཏེ་འགྲོ་བ་ན། སྟོད་ཀྱི་བུ་ག་འབྱུང་བར་བྱེད། ། ཐུར་དུ་བལྟས་ཏེ་འགྲོ་བ་ན། སྨད་ཀྱི་བུ་ག་འབྱུང་བར་བྱེད་དོ། ། དཔེར་ན། མགར་བའི་སྦུད་པ་མགར་བ་མཁས་པའམ། མགར་བའི་སློབ་མས་བླངས་པ་ཇི་ལྟ་ཇི་ལྟར་ལག་པ་གཉིས་ཀྱིས་བུས་པ་དེ་ལྟ་དེ་ལྟར་རླུང་གཡོ་བར་འགྱུར་རོ། ། དེ་བཞིན་དུ་རླུང་རྟ་བྱེད་ཅེས་བྱ་བ་དེ་དག་ཀྱང་གྱེན་དུ་བལྟས་ཏེ་འགྲོ་བ་ན། སྟོད་ཀྱི་བུ་ག་འབྱུང་བར་བྱེད། ཐུར་དུ་བལྟས་ཏེ་འགྲོ་བ་ན། སྨད་ཀྱི་བུ་ག་འབྱུང་བར་བྱེད་དོ། ། རླུང་རྟ་བྱེད་དེ་དག་ནི། སྐྱེ་མཆེད་དེ་རྣམས་བཏོད་ནས་དེ་ཉིད་དུ་མེད་པར་འགྱུར་རོ། ། 12.ཞག་བདུན་པ་བཅུ་གཉིས་པ་ལ་ནི། མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་ཡོན་པོའི་སྒོ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ལྟོ་གཡས་གཡོན་དུ་རྒྱུ་མ་དང་། གཉེ་མ་དག་མངོན་པར་འགྲུབ་པར་བྱེད་དེ། དཔེར་ན། པདྨའི་རྩ་བའི་སྦུ་བུའི་རྩ་ལག་དག་བྲེང་ཆགས་པ་བཞིན་དུ་དེའི་ནང་ཁྲོལ་འབྲེལ་པ། དོག་པ། འཛིངས་པ་ལྟ་བུ་དེ་འདྲ་བ་ལུས་ལ་བརྟེན་པར་འགྱུར་རོ། ། དེ་ནས་ཞག་བདུན་པ་དེ་ཉིད་ལ་རླུང་སྦུ་བྱེད་ཅེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ལུས་ལ་ཚིགས་སུམ་བརྒྱ་སུམ་ཅུ་ལས། མི་མང་མི་ཉུང་བསྐྱེད་ཅིང་། རླུང་གི་དབང་གིས་ལུས་ལ་ནད་བརྒྱ་རྩ་གཅིག་ཀྱང་བརྟེན་པར་འགྱུར་རོ། ། 13.ཞག་བདུན་པ་བཅུ་གསུམ་པ་ལ་ནི། མངལ་ན་གནས་པ་དེ་ལ། མའི་ལྟོའི་ནང་དུ་བཀྲེས་པ་དང་། སྐོམ་པ་དག་འབྱུང་སྟེ། དེའི་མས་ཟོས་ཤིང་འཐུངས་པ་གང་ཡིན་པ་དེ་ལས་བཅུད་དེའི་ལྟེ་བ་ནས་འཇུག་ཅིང་། དེ་དེ་ན་དེས་འཚོ་བར་བྱེད་དོ། ། དེ་ཡི་མ་ཡིས་ཟས་དང་སྐོམ། ། གཉིས་པོ་སྤྱད་པ་གང་ཡིན་དེས། ། མ་ཡི་ལྟོ་ན་འདུག་པ་ཡི། ། མི་དེ་དེ་ན་སྐྱེད་པར་བྱེད། ། 14.ཞག་བདུན་པ་བཅུ་བཞི་པ་ལ་ནི། མངལ་ན་གནས་པ་དེ་ལ། མའི་ལྟོར་ནང་ནས་རླུང་སྐུད་པའི་སྒོ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ལུས་ལ་ཆུ་རྒྱུས་དགུ་བརྒྱ་པོ་ལུས་ཀྱི་མདུན་དུ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་དང་། ལུས་ཀྱི་རྒྱབ་ཏུ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་དང་། ལུས་ཀྱི་གཡས་སུ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་དང་། ལུས་ཀྱི་གཡོན་དུ་ཉིས་བརྒྱ་ཉི་ཤུ་རྩ་ལྔ་སྐྱེད་པར་བྱེད་དོ། ། 15.ཞག་བདུན་པ་བཅོ་ལྔ་པ་ལ་ནི། མངལ་ན་གནས་པ་དེ་ལ། མའི་ལྟོར་ནང་ནས་རླུང་པདྨ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ལུས་ལ་རྩ་ཉི་ཤུ་བསྐྱེད་པར་འགྱུར་ཏེ། དེ་ལ་ལུས་ཀྱི་མདུན་དུ་རྩ་ལྔའོ། ། ལུས་ཀྱི་རྒྱབ་ཏུ་རྩ་ལྔའོ། ། ལུས་ཀྱི་གཡས་སུ་རྩ་ལྔའོ། ། ལུས་ཀྱི་གཡོན་དུ་རྩ་ལྔའོ། ། རྩ་དེ་དག་ལ་ཡང་མིང་དུ་མ་དང་། མིང་སྣ་ཚོགས་དང་། ཁ་དོག་དུ་མ་དང་། ཁ་དོག་སྣ་ཚོགས་ཏེ། གྲོགས་ཞེས་བྱ་བ་ཡོད། སྟོབས་ཞེས་བྱ་བ་ཡོད། ། བརྟན་པ་ཞེས་བྱ་བ་ཡོད། མཐུ་ཅན་ཞེས་བྱ་བ་ཡོད་དོ། ། ཁ་དོག་སྔོན་པོ་དང་། ཁ་དོག་སེར་པོ་དང་། ཁ་དོག་དམར་པོ་དང་། ཁ་དོག་དཀར་པོ་དང་། བབ་ལ་ལྟ་བུའི་སེར་སྐྱ་དང་། ཁྲ་བོ་དང་། མར་གྱི་ཁ་དོག་དང་། ཞོའི་ཁ་དོག་དང་། འབྲུ་མར་གྱི་ཁ་དོག་དང་། མཁྲིས་པ་མ་སྨིན་ པས་ཁྱབ་པ་དང་། མཁྲིས་པ་སྨིན་པས་ཁྱབ་པ་དག་ཡོད་དོ། ། ཡང་རྩ་ཉི་ཤུ་པོ་དེ་དག་རེ་རེ་ལ་ཡང་འཁོར་རྩ་བཞི་ བཅུ་བཞི་བཅུ་ཡོད་པས། རྩ་དེ་དག་བརྒྱུད་བརྒྱུར་འགྱུར་རོ། ། དེ་ལ་ཉིས་བརྒྱ་ནི། ལུས་ཀྱི་མདུན་དུ། ཉིས་བརྒྱ་ནི། ལུས་ཀྱི་རྒྱབ་ཏུ། ཉིས་བརྒྱ་ནི། ལུས་ཀྱི་གཡས་སུ། ཉིས་བརྒྱ་ནི། ལུས་ཀྱི་གཡོན་དུ་འབྱུང་དུ་འབྱུང་བར་འགྱུར་ཏེ། ཉིས་བརྒྱ་ནི། གྲོགས་ཀྱི་ཡིན། ཉིས་བརྒྱ་ནི། སྟོབས་རྣམས་ཀྱི་ཡིན། ཉིས་བརྒྱ་ནི། བརྟན་པ་རྣམས་ཀྱི་ཡིན། ཉིས་བརྒྱ་ནི། མཐུ་ཅན་རྣམས་ཀྱི་ཡིན་ནོ། ། ཡང་རྩ་བརྒྱད་བརྒྱ་པོ་དེ་དག་རེ་རེ་ལ་ཡང་འཁོར་རྩ་བརྒྱ་བརྒྱ་ཡོད་དེ། དེ་ལྟར་ན། རྩ་དེ་དག་བརྒྱད་ཁྲིརའགྱུར་རོ། ། དེ་ལ་ཉི་ཁྲི་ནི། ལུས་ཀྱི་མདུན་དུ། ཉི་ཁྲི་ནི། ལུས་ཀྱི་རྒྱབ་ཏུ། ཉི་ཁྲི་ནི། ལུས་ཀྱི་གཡས་སུ། ཉི་ཁྲི་ནི། ལུས་ཀྱི་གཡོན་དུ་འབྱུང་བར་འགྱུར་རོ། ། ཡང་རྩ་བརྒྱད་ཁྲི་པོ་དེ་དག་གི་གཞི་ལ་བུ་གུ་དུ་མ་དང་། བུ་གུ་སྣ་ཚོགས་ཏེ། བུ་གུ་གཅིག་པ་ཡང་ཡོད། བུ་གུ་གཉིས་པ་དང་། བུ་གུ་གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་དང་། ། བུ་གུ་བདུན་པ་དག་ཀྱང་ཡོད་དེ། འདི་ལྟ་སྟེ། དཔེར་ན། པདྨའི་རྩ་བ་དང་། སྡོང་བུ་ལ་བུ་གུ་དུ་མ་དང་། བུ་གུ་སྣ་ཚོགས་ཏེ། བུ་གུ་གཅིག་པ་ཡང་ཡོད། བུ་གུ་གཉིས་པ་དང་། བུ་གུ་གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་དང་། བུ་གུ་བདུན་པ་དག་ཡོད་པ་དེ་བཞིན་དུ། རྩ་བརྒྱད་ཁྲི་པོ་དེ་དག་གཞི་ལ་ཡང་བུ་གུ་དུ་མ་དང་། བུ་གུ་སྣ་ཚོགས་ཏེ། བུ་གུ་གཅིག་པ་ཡང་ཡོད། བུ་གུ་གཉིས་པ་དང་། བུ་གུ་གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་དང་། བུ་གུ་བདུན་པ་དག་ཡོད་དོ། ། དེ་ལ་རྩ་དེ་དག་ནི། བ་སྤུའི་ཁུང་བུ་སོ་སོ་སོ་སོ་དང་འབྲེལ་པར་འཇུག་གོ ། ། 16.ཞག་བདུན་པ་བཅུ་དྲུག་པ་ལ་ནི། མངལ་ན་གནས་པ་དེ་ལ། མའི་ལྟོར་ནང་ནས་རླུང་མི་འཆི་བ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་མིག་གི་སྐྱེ་མཆེད་གཉིས་ཀུན་ཏུ་འགོད་པར་བྱེད། ངེས་པར་འགོད་པར་བྱེད། འཇོག་པར་བྱེད། ཡང་དག་པར་འཇོག་པར་བྱེད། སོ་སོར་འཇོག་པར་བྱེད་ཅིང་། དེའི་རྣ་བའི་སྐྱེ་མཆེད་གཉིས་དང་། སྣའི་སྐྱེ་མཆེད་གཉིས་དང་། ཁའི་སྒོ་དང་། མིད་པ་དང་། སྙིང་གི་ཐན་ཀོར་དང་། གང་གིས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་འཇུ་བར་བྱེད་པ་དང་། གང་དུ་གནས་པ་དང་། གང་གིས་ཐུར་དུ་འབྱུང་བར་བྱེད་པ་དེ་ཡང་དེ་ལ་ཀུན་ཏུ་འགོད་པར་བྱེད། ངེས་པར་འགོད་པར་བྱེད། འཇོག་པར་བྱེད། ཡང་དག་པར་འཇོག་པར་བྱེད། སོ་སོར་འཇོག་པར་བྱེད་དོ། ། དཔེར་ན། རྫ་མཁན་ནམ། རྫ་མཁན་གྱི་སློབ་མ་མཁས་པ་འཇིམ་གོང་དུ་ལེགས་པར་བསྟར་པ་བླངས་ནས་འཁོར་ལོའི་སྟེང་དུ་བཞག་སྟེ། སྣོད་ཀྱི་རྣམ་པ་ཀུན་ཏུ་འགོད་པར་བྱེད། ངེས་པར་འགོད་པར་བྱེད། འཇོག་པར་བྱེད། ཡང་དག་ པར་འཇོག་པར་བྱེད། སོ་སོར་འཇོག་པར་བྱེད་དེ། དེ་བཞིན་དུ་རྣམ་པར་སྨིན་པ་ལས་སྐྱེས་པའི་རླུང་དེ་དག་ཀྱང་དེའི་མིག་གི་སྐྱེ་མཆེད་གཉིས་དང་། རྣ་བའི་སྐྱེ་མཆེད་དག་དང་། སྣའི་སྐྱེ་མཆེད་དག་དང་། ཁའི་སྒོ་དང་། མིད་པ་དང་། སྙིང་གི་ཐན་ཀོར་དང་། གང་གིས་ཟོས་པ་དང་། འཐུངས་བ་དང་། འཆོས་པ་དང་། མྱངས་པ་འཇུ་བར་བྱེད་པ་དང་། གང་དུ་གནས་པ་དང་། གང་གིས་ཐུར་དུ་འབྱུང་བར་བྱེད་པ་དེ་ཡང་ཀུན་ཏུ་འགོད་པར་བྱེད། ངེས་པར་འགོད་པར་བྱེད། འཇོག་པར་བྱེད། ཡང་དག་པར་འཇོག་པར་བྱེད། སོ་སོར་འཇོག་པར་བྱེད་དོ། ། 17.ཞག་བདུན་པ་བཅུ་བདུན་པ་ལ་ནི། མངལ་ན་གནས་པ་དེ་ལ། མའི་ལྟོར་ནང་ནས་རླུང་འབྲིའི་གདོང་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་མིག་གི་སྐྱེ་མཆེད་གཉིས་ཡོངས་སུ་བྱང་བར་བྱེད། སོ་སོར་འཇོག་པར་བྱེད། ངེས་པར་འགོད་པར་བྱེད། རྣམ་པར་འགོད་པར་བྱེད། ཀུན་ནས་འཇོག་པར་བྱེད་ཅིང་། དེའི་རྣ་བའི་སྐྱེ་མཆེད་གཉིས་དང་། སྣའི་སྐྱེ་མཆེད་དག་དང་། ཁའི་སྒོ་དང་། མིད་པ་དང་། སྙིང་གི་ཐན་ཀོར་དང་། གང་གིས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་འཇུ་བར་བྱེད་པ་དང་། གང་དུ་གནས་པ་དང་། གང་གིས་ཐུར་དུ་འབྱུང་བར་བྱེད་པ་དེ་ཡང་། ཡོངས་སུ་བྱང་བར་བྱེད་པ། ཀུན་ཏུ་འཇོག་པར་བྱེད། སོ་སོར་འཇོག་པར་བྱེད་། ངེས་པར་འགོད་པར་བྱེད། ་རྣམ་པར་འགོད་པར་བྱེད། ཡང་དག་པར་འགོད་པར་བྱེད་དོ། ། 18.ཞག་བདུན་པ་བཅོ་བརྒྱད་པ་ལ་ནི། མངལ་ན་གནས་པ་དེ་ལ་མའི་ལྟོ་ནང་ནས་རླུང་དྲི་མ་མེད་པ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་དེའི་སྐྱེ་མཆེད་དེ་རྣམས་ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བར་འགྱུར་རོ། ། དེ་བཞིན་དུ་ཞག་བདུན་ཕྲག་བཅོ་བརྒྱད་པ་ལ་ཡང་། མངལ་ན་གནས་པ་དེ་ལ། མའི་ལྟོའི་ནང་ན་རླུང་དྲི་མ་མེད་པ་ཞེས་བྱ་བ་དག་ལངས་ན། དེ་དག་གིས་དེའི་སྐྱེ་མཆེད་རྣམས་ཡོངས་སུ་དག་པ་དང་། ཡོངས་སུ་བྱང་བར་འགྱུར་རོ། ། 19.ཞག་བདུན་པ་བཅུ་དགུ་པ་ལ་ནི། མངལ་ན་གནས་པ་དེའི་མའི་ལྟོའི་ནང་དུ་དབང་པོ་བཞི་པོ་མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི་དབང་པོ་དང་། ལྕེའི་དབང་པོ་ཐོབ་པར་འགྱུར། དབང་པོ་གསུམ་པོ་ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་དང་། སྲོག་གི་དབང་པོ་དག་ནི། དེས་སྔོན་མའི་མངལ་དུ་ཞུགས་པ་ན་ཐོབ་པར་འགྱུར་རོ། ། 20.ཞག་བདུན་པ་ཉི་ཤུ་པ་ལ་ནི། མངལ་ན་གནས་པ་དེ་ལ་རླུང་སྲ་བ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་རྐང་པ་གཡོན་པ་ལ་བརྟེན་ནས་རུས་པ་ཉི་ཤུ་སྐྱེད་པར་བྱེད་དོ། ། རྐང་པ་གཡས་པ་ལ་བརྟེན་ནས་རུས་པ་ཉི་ཤུ་སྐྱེད་པར་བྱེད། ལོང་བུའི་རུས་པ་བཞི་དང་། རྗེ་ངར་གྱི་རུས་པ་གཉིས་དང་། པུས་མོའི་རུས་པ་གཉིས་དང་། བརླའི་རུས་པ་གཉིས་དང་། མཇུག་དོའི་རུས་པ་གསུམ་དང་། སྒལ་ཚིགས་ཀྱི་རུས་པ་བཅོ་བརྒྱད་དང་། རྩིབ་མའི་རུས་པ་ཉི་ཤུ་རྩ་བཞི་དང་། རྐེད་པའི་རུས་པ་གསུམ་སྐྱེད་པར་བྱེད་དོ། ། ལག་པ་གཡོན་པ་ལ་བརྟེན་ནས་རུས་པ་ཉི་ཤུ་སྐྱེད་པར་བྱེད། ལག་པ་གཡས་ལ་བརྟེན་ནས་རུས་པ་ཉི་ཤུ་སྐྱེད་པར་བྱེད། དཔུང་པའི་རུས་པ་གཉིས་དང་། ལག་ངར་གྱི་རུས་པ་བཞི་དང་། བྲང་གི་རུས་པ་བདུན་དང་། སོག་ཕྲག་གི་རུས་པ་བདུན་དང་། སྒྲོག་རུས་དང་། འགྲམ་གླང་གི་རུས་པ་གཉིས་དང་། སོའི་རྩ་བའི་རུས་པ་སུམ་ཅུ་རྩ་གཉིས་དང་། མགོའི་ཐོད་པའི་རུས་པ་བཞི་སྐྱེད་པར་བྱེད་དོ། ། ཞག་བདུན་པ་ཉི་ཤུ་པ་ལ་ནི། རུས་པ་ལྷན་ཅིག་འབྱུང་བ་ཆུ་ངུ་ཆུང་ངུ་དང་ཕྲ་མོ་མ་གཏོགས་པ་རུས་པ་ཆེན་པོ་ཉིས་བརྒྱ་འབྱུང་བར་འགྱུར་རོ། ། 21.ཞག་བདུན་པ་ཉི་ཤུ་རྩ་གཅིག་པ་ལ་ནི། མངལ་ན་གནས་པ་དེ་ལ་མའི་ལྟོའི་ནང་ནས་རླུང་ཀུན་ཏུ་འབྱུང་བ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་དེའི་ཤ་སྐྱེད་པ་བྱེད་དོ། ། དཔེར་ན། ཞལ་ཞལ་མཁན་ནམ། ཞལ་ཞལ་མཁན་གྱི་སློབ་མ་མཁས་པས་འཇིམ་པ་ལེགས་པར་བྱས་པའི་རྩིག་པའི་གཞི་ལ་ཞལ་ཞལ་བྱེད་དོ། ། དེ་བཞིན་དུ་ཀུན་ཏུ་འབྱུང་བའི་རླུང་དེ་དག་ཀྱང་། མངལ་ན་གནས་པ་དེ་ལ་ཤ་སྐྱེད་པར་བྱེད་དོ། ། 22.ཞག་བདུན་པ་ཉི་ཤུ་རྩ་གཉིས་པ་ལ་ནི། མངལ་ན་གནས་པ་དེ་ལ། མའི་ལྟོ་ནང་ནས་རླུང་ཡོངས་སུ་རྒྱལ་བ་ཞེས་བྱ་བ་ལྡེང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ཁྲག་སྐྱེད་པར་བྱེད་དོ། ། 23.ཞག་བདུན་པ་ཉི་ཤུ་རྩ་གསུམ་པ་ལ་ནི། མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་གཙང་འཛིན་ཅེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ལུས་ལ་པགས་པ་སྐྱེད་པར་བྱེད་དོ། ། 24.ཞག་བདུན་པ་ཉི་ཤུ་རྩ་བཞི་པ་ལ་ནི། མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་ཡོངས་སུ་འཕྱོ་བ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ལུས་ལ་པགས་པ་རབ་ཏུ་དང་བར་བྱེད་དོ། ། 25.ཞག་བདུན་པ་ཉི་ཤུ་རྩ་ལྔ་པ་ལ་ནི། མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་ཁྱེར་འཇིག་ཅེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ལུས་ལ་ཤ་དང་ཁྲག་རབ་ཏུ་དང་བར་བྱེད་དོ། ། 26.ཞག་བདུན་པ་ཉི་ཤུ་རྩ་དྲུག་པ་ལ་ནི། མངལ་ན་གནས་པ་དེ་ལ་མའི་ལྟོའི་ནང་དུ་སྐྲ་དང་། སྤུ་དང་། སེན་མོ་དག་སྐྱེ་བར་འགྱུར་རོ། ། སྐྲ་དང་སྤུ་དང་སེན་མོ་དེ་དག་ཀྱང་སོ་སོ་སོ་སོར་རྩ་རྣམས་དང་འབྲེལ་ཏོ། ། 27.ཞག་བདུན་པ་ཉི་ཤུ་རྩ་བདུན་པ་ལ་ནི། མངལ་ན་གནས་པ་དེ་ལ་མའི་ལྟོ་ནས་རླུང་སྨན་ཡོན་པོ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་སྐྲ་དང་། སྤུ་དང་། སེན་མོ་རྣམས་རབ་ཏུ་དང་བར་བྱེད་དོ། ། གལ་ཏེ་དེས་སྔོན་སེར་སྣའི་དྲི་མས་ཀུན་ནས་དཀྲིས་ཤིང་འཇུངས་པར་གྱུར་པ་དང་། ཡོ་བྱད་ཀུན་ཏུ་འཛིན་པ་དང་། བླ་མ་རྣམས་ལ་གུས་པར་མི་ཉན་པས་ལུས་དང་། ངག་དང་། ཡིད་ཀྱི་སྡིག་པ་མི་དགེ་བའི་ལས་བྱས་ཤིང་བསགས་ལ། དེ་ཡང་གལ་ཏེ་རྣམ་པར་སྨིན་པའི་ཕྱིར་མངོན་དུ་གྱུར་ན། དེ་བརྒྱ་ལ་མི་རྣམས་དང་སྐལ་བ་མཉམ་པ་འདི་ལྟ་བུར་འོང་ན་ཡང་། དབྱིབས་ཀྱི་སྡོམ་གྱི་ཚིགས་སུ་བཅད་པ། རིང་དང་ཐུང་དང་འབྲེལ་པ་དང་། ། དེ་བཞིན་དུ་ནི་མང་བ་ཉིད། ། མཉམ་དང་ཡང་དང་མཁྲེགས་པ་དང་། ། མཐོ་དང་ནག་པོ་མཛེས་པའོ། ། དེ་ཡན་ལག་རིང་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེའི་ཐུང་ངུར་གྱུར་ལ། ཐུང་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་རིང་པོར་འགྱུར། སྦོམ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་ཕྲ་མོར་འགྱུར། ཕྲ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་སྦོམ་པར་འགྱུར། འབྲེལ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་མ་འབྲེལ་བར་འགྱུར། མ་འབྲེལ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་འབྲེལ་པར་འགྱུར། མང་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་མི་མང་བར་འགྱུར། མི་མང་ན་མཛེས་པ་གང་དག་ནི། དེ་ལ་མང་བར་འགྱུར། མཉམ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་མི་མཉམ་པར་འགྱུར། མི་མཉམ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་མཉམ་པར་འགྱུར། ཡངས་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་ནི་མི་ཡངས་པར་འགྱུར། ་མི་ཡངས་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་ཡངས་པར་འགྱུར། མཁྲེགས་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་མ་མཁྲེགས་པར་འགྱུར། མ་མཁྲེགས་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་མཁྲེགས་པར་འགྱུར། དམའ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་མཐོ་བར་འགྱུར། མཐོ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་དམའ་བར་འགྱུར། ནག་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་དཀར་པོར་འགྱུར། དཀར་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་ནག་པོར་འགྱུར་རོ། ། དེས་ཇི་ལྟར་སྡིག་པ་མི་དགེ་བའི་ལས་བྱས་ཤིང་བསགས་པ་དེ་ལྟ་དེ་ལྟར་གླེན་པ་དང་། ལྐུགས་པ་དང་། མཐོང་ན་ཡིད་དུ་མི་འོང་བ་དང་། རྟེན་འཕྱེ་དང་། རྣ་བ་ཉམས་པ་དང་། ལྕེ་ཉམས་པ་དང་། ཁའི་སྒོ་ཟུམ་པ་དང་། ལག་པ་ཞ་བར་འགྱུར་ཞིང་། ཡི་དྭགས་རྣམས་དང་འདྲ་བར་འགྱུར་གྱི། མི་རྣམས་དང་འདྲ་བར་ནི་མ་ཡིན་ནོ། ། དེ་རང་གི་ཉེ་དུ་དང་། སྣག་གི་གཉེན་མཚམས་རྣམས་ཀྱིས་ཀྱང་མི་འདོད་པ་དང་། མཐོང་ན་ཡིད་དུ་མི་འོང་བ་དང་། སྡང་བའི་ཆོས་ཅན་དུ་འགྱུར་ན། སྐྱེ་བོ་གཞན་གྱིས་ལྟ་སྨོས་ཀྱང་དགོས་ཏེ། དེས་འཇིག་རྟེན་ལ་ལུས་དང་། ངག་དང་། ཡིད་ཀྱིས་གང་ཅུང་ཟད་བསྒྲུབས་པ་དེ་ཐམས་ཅད་ཀྱང་། འཇིག་རྟེན་ལ་གཟུང་བར་འོས་པ་དང་། མངོན་པར་དགའ་བར་མི་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་ནི། སྡིག་པ་མི་དགེ་བའི་ལས་བྱས་པ་དང་། བསགས་པའི་ཕྱིར་དེ་ལྟ་བུར་འགྱུར་རོ། ། གལ་ཏེ་དེས་སེར་སྣའི་དྲི་མ་སྔངས་ཤིང་གཏོང་བ་དང་ལྡན་པ་དང་། བླ་མ་ལ་གུས་པར་ཉན་པས་ལུས་དང་། ངག་དང་། ཡིད་ཀྱི་ལས་དགེ་བ་བྱས་ཤིང་བསགས་ལ། དེ་ཡང་གལ་ཏེ་རྣམ་པར་སྨིན་པའི་ཕྱིར་མངོན་དུ་གྱུར་ན། དེ་བརྒྱ་ལ་མི་རྣམས་དང་སྐུལ་པ་མཉམ་པ་འདི་ལྟ་བུར་འོང་ན་ཡང་། དེ་ཡན་ལག་རིང་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་རིང་པོར་འགྱུར་ལ། ཐུང་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་ཐུང་བར་འགྱུར། ཡན་ལག་སྦོམ་ན་མཛེས་པ་གང་་དག་ཡིན་པ་དེ་དག་ནི། དེ་ལ་སྦོམ་པོར་འགྱུར། ཡན་ལག་ཕྲ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་ཕྲ་མོར་འགྱུར། འབྲེལ་ན་མཛེས་པ་གང་ཡིན་པ་དེ་དག་ནི། དེ་ལ་འབྲེལ་བར་འགྱུར། མ་འབྲེལ་ན་མཛེས་པ་གང་ཡིན་དེ་དག་ནི། མི་འབྲེལ་བར་འགྱུར། མང་ན་མཛེས་པ་གང་ཡིན་པ་དེ་དག་ནི། དེ་ལ་མང་པོར་འགྱུར། མི་མང་ན་མཛེས་པ་གང་ཡིན་པ་དེ་དག་ནི། དེ་ལ་མི་མང་བར་འགྱུར། མཉམ་ན་མཛེས་པ་གང་ཡིན་པ་དེ་དག་ནི། དེ་ལ་མཉམ་པར་འགྱུར། མི་མཉམ་ན་མཛེས་པ་གང་ཡིན་པ་དེ་དག་དེ་ལ་མི་མཉམ་པར་འགྱུར། ཡངས་ན་མཛེས་པ་གང་ཡིན་པ་དེ་དག་ནི། དེ་ལ་ཡངས་པར་འགྱུར། མི་ཡངས་ན་མཛེས་པ་གང་ཡིན་པ་དེ་དག་ནི། དེ་ལ་མི་ཡངས་པར་འགྱུར། མཁྲེགས་ན་མཛེས་པ་གང་ཡིན་པ་དེ་དག་ནི། དེ་ལ་མཁྲེགས་པར་འགྱུར། མ་མཁྲེགས་ན་མཛེས་པ་གང་ཡིན་པ་དེ་དག་ནི། དེ་ལ་མ་མཁྲེགས་པར་འགྱུར། དམའ་ན་མཛེས་པ་གང་ཡིན་པ་དེ་དག་ནི། དེ་ལ་དམའ་བར་འགྱུར། མཐོ་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་མཐོ་བར་འགྱུར། ནག་ན་མཛེས་པ་གང་དག་ཡིན་པ་དེ་དག་ནི། དེ་ལ་ནག་པོར་འགྱུར། དཀར་ན་མཛེས་པ་གང་ཡིན་པ་དེ་དག་ནི། དེ་ལ་དཀར་པོར་འགྱུར་རོ། དེས་ཇི་ལྟ་ཇི་ལྟར་དགེ་བའི་ལས་བྱས་ཤིང་བསགས་པ་དེ་ལྟ་དེ་ལྟར་གཟུགས་བཟང་བ་དང་། མཛེས་པ་དང་། བལྟ་ན་སྡུག་པ་དང་། ཁ་དོག་རྒྱས་པ་མཆོག་དང་ལྡན་པར་འགྱུར་ཞིང་དེ་སྐྱེ་བོ་གཞན་གྱིས་ཀྱང་འདོད་པ་དང་། ཡིད་དུ་འོང་བར་འགྱུར་ན། ཉེ་དུ་དང་སྣག་གི་གཉེན་མཚམས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། དེས་ལུས་དང་། ངག་དང་། ཡིད་ཀྱིས་འཇིག་རྟེན་ལ་གང་ཅུང་ཟད་བསྒྲུབས་པ་ཐམས་ཅད་ཀྱང་འཇིག་རྟེན་ལ་གཟུང་བར་འོས་པ་དང་། མངོན་པར་དགའ་བར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར། དེ་ནི། ལས་དགེ་བ་དག་བྱས་པ་དང་། བསགས་པའི་ཕྱིར་དེ་ལྟར་འགྱུར་བའི་ཕྱིར་རོ། ། གལ་ཏེ་ཁྱེའུར་འགྱུར་ན་ནི། དེ་མའི་དཀུ་གཡས་པར་ཙོག་ཙོག་པོར་འདུག་སྟེ། ལག་པ་གཉིས་ཀྱིས་གདོང་བཀབ་ནས་མའི་སྒལ་ཚིགས་ལ་ཁ་བལྟས་ཏེ་ཕོ་བའི་འོག ལོང་གའི་སྟེང་ན་ཕོ་བས་བཀབ། ལོང་གས་བརྟེན་ནས་བཅིང་བ་ལྔས་བཅིངས་པའམ། གསལ་ཤིང་གིསབཙུགས་པ་བཞིན་གནས་པའོ། ། གལ་ཏེ་བུ་མོར་འགྱུར་ན་ནི། མའི་དཀུ་གཡོན་པར་ཙོག་ཙོག་པོར་འདུག་སྟེ་ལག་པ་གཉིས་ཀྱིས་གདོང་བཀབོ་ནས་མའི་ལྟོ་བ་ལ་ཁ་བལྟས་ཏེ། ཕོ་བའི་འོག ལོང་གའི་སྟེང་ན་ཕོ་བས་བཀབ། ལོང་གས་བརྟེན་ནས་བཅིང་བ་ལྔས་བཅིངས་པ་འམ། གསལ་ཤིང་གིས་བཙུགས་པ་བཞིན་གནས་སོ། ། མ་ཧ་ཅང་ཟས་མང་དུ་ཟོསན། མངལ་ན་གནས་པ་ལ་གནོད་ཅིང་། ཧ་ཅང་ཟས་ཉུང་དུ་ཟོས་ན་ཡང་མངལ་ན་གནས་པ་ལ་གནོད་པར་འགྱུར་ལ། དེ་བཞིན་དུ་མ་ཧ་ཅང་སྣུམ་པ་དང་། ཧ་ཅང་རྩུབ་པ་དང་། ཧ་ཅང་གྲང་བ་དང་། ཧ་ཅང་ཚ་བ་དང་། ཧ་ཅང་ལན་ཚ་ཆེ་བ་དང་། ཧ་ཅང་སྐྱུར་བ་དང་། ཧ་ཅང་མངར་བ་དང་། ཧ་ཅང་ཚ་བ་དང་། ཧ་ཅང་བསྐུ་བའི་ཟས་དོག་ཟོས་ན་ཡང་མངལ་ན་གནས་པ་ལ་གནོད་པར་འགྱུར་རོ། ། འདོད་པ་དག་ལ་སྤྱོད་པར་བྱེད་པ་དང་། ཧ་ཅང་རྒྱུག་པ་དང་། མགྱོགས་པ་དང་། མཆོང་བ་དང་། རྐྱལ་པ་དག་ལ་སྤྱོད་པར་བྱེད་ན། འགྲོ་བ་ལ་ཞུགས་པ་མངལ་ན་གནས་པ་ལ་གནོད་པ་དང་། མེའི་དྲུང་དུ་འདུག་གམ། ཙོག་ཙོག་པོར་འདུག་ན། མངལ་ན་གནས་པ་ལ་གནོད་པར་འགྱུར་ཏེ། མའི་མངལ་ན་གནས་པ་ནི། དེ་ལྟར་སྡུག་བསྔལ་དྲག་པོ། རྩུབ་པ། ཚ་བ་ཡིད་དུ་མི་འོང་བ་ཡིན་ནོ། ། བདེ་འགྲོའི་འགྲོ་བར་མིང་ཐོགས་པ། མི་གང་དག་ཡིན་པ་དེ་ལ་ཡང་དེ་ལྟ་བུའི་སྡུག་བསྔལ་མྱོང་བར་འགྱུར་ན། ངན་སོང་ངན་འགྲོ་ལོག་པར་ལྟུང་བ། སེམས་ཅན་དམྱལ་བ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་སྡུག་བསྔལ་ནི། དཔེ་བྱ་བར་ཡང་མི་ནུས་སོ། ། དེ་ལ་སྲིད་པ་ཚོལ་བ་མའི་མངལ་ན་གནས་པ་ལ་མནོག་ཅི་ཞིག་ཡོད། 28.ཞག་བདུན་པ་ཉི་ཤུ་རྩ་བརྒྱད་པ་ནི། མངལ་ན་གནས་པ་དེས་མའི་མངལ་གྱི་ནང་དུ་ཕྱིན་ཁི་ལོག་གི་འདུ་ཤེས་བརྒྱད་པོ། ཁྱིམ་གྱི་འདུ་ཤེས་དང་། བཞོན་པའི་འདུ་ཤེས་དང་། སྐྱེད་མོས་ཚལ་གྱི་འདུ་ཤེས་དང་། ཁང་པ་བརྩེགས་པའི་འདུ་ཤེས་དང་། ཀུན་དགའ་ར་བའི་འདུ་ཤེས་དང་། ཁྲིའི་འདུ་ཤེས་དང་། ཆུ་བོའི་འདུ་ཤེས་དང་། རྫིང་བུའི་འདུ་ཤེས་ཐོབ་པར་འགྱུར་རོ། ། 29.ཞག་བདུན་པ་ཉི་ཤུ་རྩ་དགུ་པ་ལ་ནི། མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་ཡང་དག་སྐྱེད་པ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ལུས་ཀྱི་པགས་པའི་མདོག་ཡོངས་སུ་བྱང་བར་བྱེད། ། རབ་ཏུ་དང་བར་བྱེད་དོ། ། དེ་ལ་ཁ་ཅིག་གི་པགས་པའི་མདོག་ནི། ལས་ཀྱི་རྣམ་པར་སྨིན་པས། ནག་པ། ཁ་དོག་ནག་པོ། ནག་པོ་ལྟ་བུར་སྟོན་པ། འོད་ནག་པོ་འབྱུང་བ་ཡོངས་སུ་བྱང་བར་བྱེད། རབ་ཏུ་དང་བར་བྱེད་དོ། ། ཁ་ཅིག་གི་པགས་པའི་མདོག་ནི། སྔོ་བསངས། ཁ་དོག་སྔོ་བསངས། སྔོ་བསངས་ལྟ་བུར་སྟོན་པ། འོད་སྔོ་བསངས་འབྱུང་བ་ཡོངས་སུ་བྱང་བར་བྱེད། རབ་ཏུ་དང་བར་བྱེད་དོ། ། ཁ་ཅིག་གི་པགས་པའི་མདོག་ནི། རྩུབ་པ། ཁ་དོག་རྩུབ་པ། རྩུབ་པ་ལྟ་བུར་སྟོན་པ། འོད་རྩུབ་པོ་འབྱུང་བ་ཡོངས་སུ་བྱང་བར་བྱེད། རབ་ཏུ་དང་བར་བྱེད་དོ། ། དེ་བཞིན་དུ་ཁ་ཅིག་གི་མདོག་ནི། སྣུམ་པ་དང་། དཀར་པོ། ཁ་དོག་དཀར་པོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། ། ཁ་ཅིག་གི་པགས་པའི་མདོག་ནི། ཁ་དོག་རྩེ་དུར་པའི་ཤུན་པའི་མདོག་ལྟ་བུ། རྩྭ་དུར་པའི་ཤུན་པའི་མདོག་ལྟ་བུར་སྟོན་པ། རྩ་དུར་བའི་ཤུན་པའི་མདོག་ཡོངས་སུ་བྱང་བར་བྱེད། རབ་ཏུ་དང་བར་བྱེད་དོ། ། 30.ཞག་བདུན་པ་སུམ་ཅུ་པ་ལ་ནི། མངལ་ན་གནས་པ་དེ་ལ་མའི་ནང་ནས་རླུང་ལྕགས་ཀྱི་སྒོ་ཞེས་བྱ་བ་དག་སྟེ། དེ་དག་གིས་མངལ་ན་གནས་པ་དེའི་ལུས་ལ་སྐུ་དང་། སྤུ་དང་། སེན་མོའི་བར་ཡོངས་སུ་འབྱེད་པར་བྱེད། རབ་ཏུ་དང་བར་བྱེད་ཅིང་། ཁ་ཅིག་གི་ནི། སྐྲ་དང་། སྤུ་དང་། སེན་མོའི་བར་ནག་པ། ཁ་དོག་ནག་པ། ཁ་ཅིག་ནི། སེར་སྐྱ། ཁ་དོག་སེར་སྐྱ། རྩུབ་པ། ཁ་དོག་རྩུབ་པ། སྣུམ་པ། ཁ་དོག་སྣུམ་པ་ཡོངས་སུ་བྱང་བར་བྱེད། རབ་ཏུ་དང་བར་ བྱེད་དོ། ། 31.ཞག་བདུན་པ་སུམ་ཅུ་རྩ་གཅིག་པ་ལ་ནི། མངལ་ན་གནས་པ་དེ་མའི་ལྟོའི་ནང་དུ་འཕེལ་ཞིང་རྒྱས་པར་འགྱུར་རོ། ། 32.-34.དེ་བཞིན་དུ་ཞག་བདུན་པ་སུམ་ཅུ་རྩ་གཉིས་པ་དང་། སུམ་ཅུ་རྩ་གསུམ་དང་། སུམ་ཅུ་རྩ་བཞི་པ་ལ་ཡང་མངའ་ན་གནས་པ་དེ། མའི་ལྟོ་ནང་དུ་འཕེལ་ཞིང་རྒྱས་པར་འགྱུར་རོ། ། 35.ཞག་བདུན་པ་སུམ་ཅུ་རྩ་ལྔ་པ་ལ་ནི། མངལ་ན་གནས་པ་དེ་མའི་ལྟོའི་ནང་ནས་ཡན་ལག་དང་། ཉིང་ལག་ཐམས་ཅད་དང་ལྡན་པར་འགྱུར་རོ། ། 36.ཞག་བདུན་པ་སུམ་ཅུ་རྩ་དྲུག་པ་ལ་ནི། མངལ་ན་གནས་པ་དེ་འབྱུང་འདོད་ཅིང་མངོན་པར་མི་དགའོ། ། 37.ཞག་བདུན་པ་སུམ་ཅུ་རྩ་བདུན་པ་ལ་ནི། མངལ་ན་གནས་པ་དེས་མའི་ལྟོའི་ནང་དུ་ཕྱིན་ཅི་མ་ལོག་པའི་འདུ་ཤེས་གསུམ་པོ། མི་གཙང་བའི་འདུ་ཤེས་དང་། དྲི་ང་བའི་འདུ་ཤེས་དང་། འབྱུང་བའི་འདུ་ཤེས་དག་ཐོབ་པར་འགྱུར་རོ། ། 38.ཞག་བདུན་པ་སུམ་ཅུ་རྩ་བརྒྱད་པ་ལ་ནི། མངལ་ན་གནས་པ་དེ་ལ་མའི་ལྟོར་ནང་ནས་རླུང་ཡན་ལག་ཅེས་བྱ་བ་དག་ལྡང་སྟེ། དེ་དག་གིས་མངལ་ན་གནས་པ་དེ་བསྒྱུར་ནས་ལག་པ་གཉིས་བཙུམ་སྟེ་མའི་མངལ་གྱི་སྒོར་འཇོག་པར་བྱེད་དོ། ། དེའི་ལས་དང་། འབྲས་བུས་རླུང་ཁ་ཐུར་དུ་ལྟ་བ་ཞེས་བྱ་བ་དག་ལྡང་སྟེ། དེ་དག་གིས་དེའི་རྐང་པ་གྱེན་དུ་བསྟན་ཅིང་། མགོ་ཐུར་དུ་བསྟན་ནས་མའི་གཅི་བའི་ལམ་དུ་ཕྱོགས་པར་འཕུལ་ལོ། །

Tibetan Source 《འདུལ་བ་ཐ་པ་》ཤ་201ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number