11296

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan སྐར་རྩིས་བརྟག་པའི་འབྲས་བཤད་སྙིང་བཏུས་ས་བཅད་ལྔ་བཅུ།
Tibetan Alternate
Tibetan Definition དེ་ཡང་། སྐར་རྩིས་བརྟག་པ་སྣ་ཚོགས་ཀྱི་འབྲས་བཤད་མཐོང་བ་རབ་གསལ་ལས་བྱུང་བ་སྟེ།

1.ས་གཡོ་བ་བརྟག་པ་ནི། དང་པོ་ས་གཡོས་བརྟག་པའི་རྩིས། ། ཐ་སྐར་མཆུ་དང་ནབས་སོ་ལ། ། ས་འགུལ་ན་ནི་ཡུལ་དབུས་ཀྱི། ། རྐུན་མ་བབ་ཅོལ་བྱེད་ལ་གནོད། ། ལྷོ་ཕྱོགས་གནས་པའི་རྒྱལ་ཆེན་འཇིག ། བྲ་ཉེ་སྨིན་དྲུག་སྣར་མ་མགོ ། ས་འགུལ་འཇིག་རྟེན་འཇིགས་པ་ཆེ། ། དེ་ལ་དོགས་པར་རབ་ཏུ་འབྱུང་། ། ནུབ་ཕྱོགས་གནས་པའི་རྒྱལ་པོ་འཆི། ། ཀླ་ཀློ་རྐུན་པོས་འཚོ་རྣམས་དང་། །འབིགས་བྱེད་སྟེང་གནས་མི་དབང་བཅས། ། དེ་ཚེ་ནད་ཀྱིས་བརྒྱལ་ཞིང་གནོད། ། དེ་དག་ལ་ཡང་དགྲ་བྱུང་སྟེ། ། གཅིག་ལ་གཅིག་ནི་ཡུལ་འཕྲོག་འགྱུར། ། ལག་དང་རྒྱལ་སྐག་གྲེ་དང་དབོར། ། ས་འགུལ་ན་ནི་མི་བདག་ཀུན། ། མི་མཐུན་ཕན་ཚུན་གནོད་པ་བྱེད། ། གསོད་འཆི་གནོད་བྱེད་མུ་གེ་འབྱུང་། ། ནག་པ་ས་རི་ལྷ་མཚམས་སྣོན། ཁ་བ་ཅན་གནས་ཀླ་ཀློ་དང་། རྐུན་མ་ཀུན་ནས་གནས་པ་དང་། ། བལ་ཡུལ་གྱི་ནི་བདག་པོ་དང་། ཁ་ཤའི་ལུང་པར་གནས་པ་ཡི། ། མི་བདག་མ་ལུས་ཕན་ཚུན་རྩོད། ། སྒྲུབས་དང་ཆུ་སྟོད་ཆུ་སྨད་ལ། ། ས་འགུལ་ཤར་ཕྱོགས་མི་རྣམས་དང་། ། སེནྡྲ་ཨོ་རཱ་ཀ་མ་རུ། ། བྷཾ་ག་ལ་བདག་ངེས་པར་འཆི། ། གོ་ཌའི་བདག་པོ་དམག་གིས་བསྐོར། ། ཡང་ན་ན་འམ་འཆི་བར་འགྱུར། ། རྒྱ་མཚོ་གངྒའི་འགྲམ་གནས་པ། ། ཆུ་ཡིས་ཁྱེར་རམ་ནད་ཀྱིས་ཐེབས། ། གྲོ་བཞིན་མོན་གྲེ་མོན་གྲུ་དང་། ཁྲུམས་སྟོད་ཁྲུམས་སྨད་ནམ་གྲུའི་ཚེ། ། ཉིན་ཕྱེད་ས་གཞི་ཆེར་འགུལ་ན། ། བྱང་དང་ནུབ་དང་ལྷོ་ཡི་ཕྱོགས། ། ཕྱོགས་རྣམས་ཀུན་ལ་གནས་བྱེད་པའི། ། མི་བདག་རྣམས་ནི་ཕན་ཚུན་འཁྲུགས། ། སེམས་ཅན་རྣམས་ནི་གནོད་ཆེན་ལྡན། ། མུ་གེས་ཡུལ་འཁོར་འཇིག་པར་བྱེད། ། དུས་ནི་སྔ་ཕྱི་བརྟག་པ་ལ། ། ཐོ་རེངས་དུས་སུ་ས་གཡོས་པ། ། ལུས་ཅན་གཤིས་དྭངས་ཞི་བ་སྟེ། ། ཚེ་རིང་ནད་མེད་ལོ་ལེགས་བྱེད། ། གྲོང་ཁྱེར་གྱི་ནི་ཁོར་ཡུག་ཏུ། མེ་ཡི་འཇིགས་པ་འབྱུང་བར་ཤེས། ། ཉི་ཤར་དུས་ན་ས་འགུལ་བ། ། ཨ་ག་མ་ག་དྷར་བཅས་པའི། ། ཡུལ་དབུས་རྣམས་ལ་གནོད་འགྱུར་ཏེ། ། རྐུན་མས་འཚེ་ཞིང་ཞག་བདུན་ན། ། མ་ག་དྷ་རྒྱལ་འཆི་བར་འགྱུར། ། ཉིན་ཕྱེད་དམ་ནི་ཕྱི་དྲོ་འགུལ། ། ས་སྟེང་རབ་ཏུ་བྱུང་བ་ཀུན། ། ནད་དང་རིམས་དང་ཡི་ག་འཆུས། ། འབྲུམ་བུས་ཞག་བདུན་བཏབ་སྟེ་འཚོ། ། ཕྱི་དྲོའི་མཐའ་ལ་ས་འགུལ་ན། ། རིགས་བཞིའི་མཆོག་གི་བྲམ་ཟེ་དང་། ། ཉོན་མོངས་རྒྱལ་པོའི་བློན་པོ་ནི། ། འཆི་བར་འགྱུར་བ་ཐེ་ཚོམ་མེད། ། མདུན་ན་འདོན་ནི་ཆོས་ལྡན་དང་། ། བློན་པོའི་ཞམ་རིམ་གཙོ་བོ་དང་། ། སྔགས་རྒྱུད་ཤེས་པའི་བྲམ་ཟེ་འམ། ། རིགས་བཞི་བརྟན་མཁས་དགུ་དང་ནི། ། བསྟན་བཅོས་དེ་ཉིད་རིག་པ་དང་། ། གསོད་དམ་རབ་ཏུ་ཉམས་པའམ། ། དྲན་ལྡན་ཐོས་དང་དེ་ཉིད་ཤེས། ། སྔོན་བྱུང་གཏམ་ལ་བྱང་བ་དག ། མྱུར་དུ་ནད་ཀྱིས་འཇིག་འགྱུར་ཏེ། ། གནམ་ལྕགས་ཀྱིས་ནི་ཤིང་ཉམས་བཞིན། ། ཉི་མ་ནུབ་དང་དེ་ནས་ཡང་། ། ཅུང་ཟད་སོང་དང་ཕྱི་དྲོའི་མཐར། ། གལ་ཏེ་ས་ནི་རབ་ཏུ་འགུལ། ། སེམས་ཅན་འདྲེས་པ་དག་དང་ནི། ། དུད་འགྲོ་དག་གི་འགྲོ་བ་དང་། ། མི་ཡི་འཇིག་རྟེན་གཙོ་བོ་དག དེ་ཚེ་འགུལ་དང་རྣམ་པར་འཇིག ། མཚན་མོའི་ཐུན་གྱི་དང་པོར་འགུལ། ། སེམས་ཅན་འདྲེས་པ་སྣ་ཚོགས་དང་། ། དུད་འགྲོ་རྣམས་དང་མིའི་གཙོ་ལ། ། ཆད་ཆེན་རབ་ཏུ་འབྱུང་བར་འགྱུར། ། ཅུང་ཟད་ཐུན་དེ་བྲི་ནས་འགུལ། ། སླར་ཡང་ཆར་པའི་འཇིགས་ཆེན་འབྱུང་། ། དེ་ནས་ཐུན་དེ་ཟད་མཐར་འགུལ། ། མི་བཟད་ནུབ་ཕྱོགས་མི་བདག་གི་། ཕ་རོལ་དམག་ཚོགས་འབྱུང་བར་འགྱུར། ། ཐུན་ནི་གཉིས་པའི་དང་པོར་འགུལ། ། གཞན་གྱི་དམག་ཚོགས་ནད་དང་འཆི། ། ཁོང་པའི་ནད་ནི་མི་བཟད་འབྱུང་། ། མཁྲིས་པ་བད་ཀན་ལས་གྱུར་ནད། ། སྐྱེ་བོ་རྣམས་ལ་འབྱུང་བར་འགྱུར། ། འབྱུང་པོ་རྣམས་ནི་སྐྱོ་འགྱུར་ཏེ། ། དེ་ཚོ་ཕྱོགས་དང་ཕྱོགས་སུ་འགྲོ། ། གཉིས་པའི་ཐུན་དཀྱིལ་དུ་འགུལ་ན། ། རླུང་ཆེན་འབྱུང་འགྱུར་ཤིང་དང་ནི། ། ལྷ་ཁང་འགྱེལ་འགྱུར་ཡང་ཐོག་དང་། ། རོ་བ་རི་རྩེ་ངེས་པར་འཇིག ། གནས་དང་འདུག་གནས་བཟང་པོ་དང་། ཁང་པ་དང་ནི་རྟ་བབས་དང་། ། དུད་འགྲོ་རྣམས་ཀྱི་འདུག་གནས་ཀྱང་། ། ས་ལ་མྱུར་དུ་ལྟུང་བར་འགྱུར། ། མཚན་ཕྱེད་པ་ན་འགུལ་གྱུར་ན། ། ཤར་ཕྱོགས་མི་ཡི་བདག་པོ་འཆི། ། མུ་གེ་ཡང་ནི་འབྱུང་བར་སྟོན། ། བར་མའི་ཐུན་ནི་བྲི་གྱུར་ནས། ། ཐ་མར་ཉེ་ལ་འགུལ་བ་འབྱུང་། ། ས་རྣམས་དག་ནི་མ་ལུས་ལ། ། ཞི་ཞིང་ནད་མེད་ངེས་པར་སྟོན། ། མཚན་ཕྱེད་མཐར་གྱུར་ས་འགུལ་ན། ། གཤེར་ཆེ་ཡུལ་གྱི་དབུས་དག་ཏུ། ། མི་ཡི་བདག་པོ་ནད་ཀྱིས་གནོད། ། ཕན་ཚུན་མི་མཐུན་གྱུར་ནས་ནི། ། སྡུག་བསྔལ་མི་བཟད་འཆི་བར་འགྱུར། ། ཐུན་ནི་གསུམ་པར་ཕྱི་ནས་འགུལ། ། བྱིས་པ་རྣམས་ལ་བདེ་བ་འབྱུང་། ། སྦྲང་བུ་ཤ་སྦྲང་ཕྱེ་མ་ལེབ། ། རྐུན་པོ་རྣམས་ནི་འཇིག་པར་འགྱུར། ། 2.གཟའ་མཐོང་བ་བརྟག་པ་ནི། གཉིས་པ་གཟའ་རྣམས་མཐོང་བའི་རྩིས། ། ཉིན་ཕྱེད་དང་ནི་ཐོ་རངས་དང་། ། ཉི་མའི་མཐའ་ཡང་གཟའ་བཟང་པོ། ། དཀར་བ་ཟླ་བ་པ་ལ་སངས། ། སེར་བ་གཟའ་ལྷག་ཕུར་བུ་སྟེ། ། སྐྱེ་བོ་རྣམས་ཀྱིས་མཐོང་ན་ནི། ། འབྲས་བུ་འགྲུབ་ཕྱིར་ནུས་པ་ཡིན། ། ཉིན་ཕྱེད་འདས་སམ་ཉི་ནུབ་ན། ། མ་རུང་ཉི་མ་མིག་དམར་དང་། ། མཇུག་རིང་སྒྲ་གཅན་སྤེན་པ་དང་། ། གང་ཡང་གཟའ་ནི་གཙོ་བོ་དང་། ལས་ནི་ངེས་འཇོམས་སྐར་མདའ་ཅན། ། སྐར་མ་ཤིན་ཏུ་མི་བཟད་ཉིད། ། དེ་བཞིན་ནག་པོ་འཆི་ལྟས་སོགས། ། མ་རུང་གཟའ་མཐོང་གང་ཡིན་པ། ། དུས་མིན་འཆི་བ་ས་ལ་ནི། ། མི་བཟད་དེ་ཚེ་སྣང་བ་ཡིན། ། དུས་དང་མུན་པ་འགུལ་བྱེད་པ། ། སྐར་མདའ་ཅན་དང་གཟའ་ངན་དང་། ། འགུལ་བྱེད་སྒྲ་དྲག་དམར་བའི་མདོག ། གནམ་ལྕགས་ཉིད་ཀྱང་རབ་ལྟུང་བྱེད། ། དེ་བཞིན་རྡོ་རྗེ་འཆི་ལྟས་དང་། ། གཞན་ཡང་ཁྱིམ་སོགས་རབ་ཏུ་མཐོང་། ། སྐྱེ་བོ་ཀུན་གྱིས་སྒྲ་གཅན་ནི། ། མི་བཟད་རབ་ཏུ་མཐོང་འགྱུར་ནོ། ། མི་རྣམས་དབུལ་ཞིང་ཚུལ་ཁྲིམས་འཆལ། ། མགོན་མེད་སྡིག་སྤྱོད་སྡུག་བསྔལ་དང་། ། ནད་ཀྱི་གཞི་ནི་སྐྱེ་བར་འགྱུར། ། མཇུག་རིང་ལས་དང་སྐར་མདའ་དང་། ། གནམ་ལྕགས་དང་ནི་རྡོ་རྗེ་དང་། ། དུད་པ་ཕྱོགས་ནི་མཐའ་དག་ཏུ། ། དུ་བ་མཇུག་རིང་རབ་ཏུ་སྣང་། ། ཉི་ཟླའི་དཀྱིལ་འཁོར་མུན་པས་ཁེབས། ། ཉི་ཟླ་རྫུ་འཕྲུལ་ཆེན་པོ་དག ། བུག་པ་ཡོད་པར་སྣང་བ་སོགས། ། མུ་གེ་ཆེ་དང་ཡུལ་འཁོར་འཇིག ། མི་ཡི་བདག་པོ་འཆི་བ་དང་། ། སྡོམ་བརྩོན་འཇིགས་པ་ཆེན་པོ་འབྱུང་། ། འཇིག་རྟེན་དག་ནི་ཐམས་ཅད་ལ། ། དེར་ནི་འཇིགས་རུང་འབྱུང་བར་འགྱུར། ། འདིར་ནི་རྒྱུད་ཀྱི་གླེང་གཞི་ལས། ། རྡོ་རྗེ་འཆི་ལྟས་གནམ་ལྕགས་དུད། ། སྐར་ཡན་རྣམ་པར་འཆར་བར་གསུངས། ། 3.སྐར་མདའ་བརྟག་པ་ནི། གསུམ་པ་སྐར་མདའ་བརྟག་པའི་རྩིས། ། སྐར་མདའ་དཀར་པོ་འབར་གྱུར་ན། ། ས་འགུལ་སོགས་ཀྱི་ཉེས་པ་སེལ། ། རྟག་ཏུ་དགེ་ཞིང་རབ་ཏུ་བསྔགས། ། སྐར་མདའ་མི་བཟད་ཁ་དོག་དམར། ། མེ་ཡིས་འཚིག་པ་ཉེ་བར་སྟོན། དུད་ཁའི་མདོག་ཅན་ནག་པོ་ནི། ། རྒྱལ་པོ་འཆི་བར་སྟོན་པ་ཡིན། ། སེར་བའམ་ཡང་ན་སེར་སྐྱ་འམ། ། འདྲེས་མའི་མདོག་ནི་སྣང་གྱུར་ན། ། དེ་ཚེ་འདྲེས་མའི་ལས་འགྱུར་བ། ། སྐར་མདའ་ལྟུང་བས་རྣམ་པར་སྟོན། ། སྐར་མདའ་ཁོར་ཡུག་དག་ཏུ་ནི། ། གང་དག་ལས་ཀྱིས་བྱུང་གྱུར་པ། ། ཕྱོགས་ཀྱི་ཆར་ནི་རབ་སྣང་བ། ། གཉིས་དང་གསུམ་ནི་མི་བཟད་ཡིན། ། དེར་ནི་འཇིགས་ཆེན་འབྱུང་བར་འགྱུར། ། གཞན་ཡང་སྐར་མདའ་ཕན་ཚུན་འཁྲུགས། ། ཐན་པ་དང་ནི་རིམས་ནད་འོང་། ། སྐར་མདའ་སྒྲ་བཅས་ཚུར་ལྟུང་ན། ། གཟའ་ཀླུ་འཐབ་པའི་རྟགས་སུ་བཤད། ། ཐན་པས་རྩི་ཤིང་ཆུ་རྣམས་སྐམ། ། གཟའ་ཡིས་ཕབ་པའི་སེར་དྲག་འོང་། ། ནད་རིམས་མི་བདེའི་གནོད་མང་འབྱུང་། ། 4.གནམ་གྲུམ་བརྟག་པ་ནི། བཞི་པ་གནམ་གྲུམ་པ་ཡི་རྩིས། ། གནམ་གྲུམ་སྒྲ་ཡི་ལྟས་དག་ཀྱང་། ། གར་བྱུང་ཡུལ་དེར་འབྲས་བུ་འབྱུང་། ། སྒྲ་སྙན་སྙན་པ་བྱུང་ན་ནི། ། བདེ་ཞིང་ནད་མེད་སྟོན་པར་བྱེད། ། རྔ་སྒྲ་ཡིས་ནི་དགེ་བ་སྦྱིན། ། འཇིགས་དང་ཤིན་ཏུ་འཇིགས་རུང་སྒྲས། ། དེར་ནི་མུ་གེ་འབྱུང་བར་སྟོན། ། 5.ཁུག་སྣ་བརྟག་པ་ནི། ལྔ་པ་ཁུག་སྣ་འཁྲིགས་པའི་རྩིས། ཁུག་སྣའམ་སེར་བའམ་མཇུག་རིང་ནི། ། ཉི་མ་ལྔ་ཡི་བར་དུ་ཡོད། ། དེ་འོག་འཇིག་རྟེན་སེམས་ལས་འགྱུར། ། དོགས་དང་སྤྱོད་ཅིང་གནས་པ་ཡི། ། ཡུལ་མི་ཐམས་ཅད་འཇིག་པར་འགྱུར། ། ནད་ཀྱི་གཞི་ནི་འབྱུང་བ་ཡིན། ། བྱང་ཕྱོགས་གངྒཱའི་འགྲམ་གནས་པའི། ། རྒྱལ་པོ་དག་ནི་འཇིག་པར་འགྱུར། ། དེ་བཞིན་ཁ་བ་ཅན་གྱི་དབུས། ། བགྲོད་དཀའ་འཕྲད་ཁྲོད་ལ་གནས་དང་། ཁོ་ར་ཡུག་ཏུ་རྩི་རྫི་དང་། ། གངྒཱའི་འགྲམ་སྤྱོད་བདག་པོ་དང་། ། མྱ་ངན་གདུང་བ་དུ་མ་ཡིས། ། སྐྱེ་བོ་བདག་པོ་དེ་འཆི་འགྱུར། ། རྒྱུ་སྐར་གང་ལས་ས་འགུལ་བ་བབ། ། (གོང་གི་ས་འགུལ་སྐབས་ཀྱི་རྒྱུ་སྐར་གྱི་འབྲས་བུ་འདིར་ཡང་སྦྱར། མཆན།) དེ་ལ་ཁུག་སྣ་ཡང་དག་བསྟན། ། ཕྱོགས་རྣམས་མ་ལུས་ཁུག་སྣ་ནི། ། མི་བཟད་འོད་ནི་སྤང་བ་དང་། ། ཉི་མ་ལྔ་ཡི་བར་དུའམ། ། རྟག་ཏུ་ཉིན་ཞག་མང་པོ་ནི། ། ཕན་ཚུན་ཆོས་ནི་མི་མཐོང་ནང་། ། མི་རྣམས་ཕན་ཚུན་མི་མཐོང་བ། ། དེར་ནི་འཇིགས་ཆེན་འབྱུང་བར་ཤེས། ། རྒྱལ་པོ་ཡུལ་འཁོར་བཅས་ཏེ་འཇིག། 6.ཆར་འབབ་མིན་བརྟག་པ་ནི། དྲུག་པ་གྲུ་ཆར་འབབ་མིན་རྩིས། ། གྲོང་དུ་སྲོག་ཆགས་ཚང་འཆའ་ཞིང་། ། དེར་ནི་མི་གནས་རིང་དུ་འབྲོས། ། ཞག་བདུན་ནང་དུ་ཆར་ཆེན་འབབ། ། མཚོ་ལ་དྲོད་རྒྱུས་ཉ་ལྕིབས་དང་། ། ཉ་སོགས་མི་གནས་དེར་བབ་པའི། ། ཆུ་ཀླུང་ལ་ནི་གྱེན་དུ་རྒྱུ། ། དེ་ཚེ་ཞག་མ་ལྔ་ནང་བབ། ། ཀ་ཏྲི་ལ་དང་པུ་ཤུད་སོགས། ། ཟུར་ཕུད་ཅན་དག་སྒྲ་འབྱིན་ན། ། ཞག་མ་གསུམ་ནང་ཆར་པ་བབ། ། རི་སྐེད་ན་བུན་དཀར་པོ་ཡིས། ། སྐེ་རགས་རིམ་པ་གཉིས་སམ་གསུམ། ། བཅིངས་ན་དེ་ཚེ་ཆར་ཆེན་འབབ། ། ནམ་ལངས་ཤར་ཕྱོགས་སྤྲིན་དམར་པོ། ། ཐག་དམར་འཐེན་འདྲ་ནུབ་ཏུ་རྒྱུག ། ལྷ་ཡིས་ཕབ་ཆར་མྱུར་དུ་བབས། ། ཤར་ལྷོར་བལ་འདབ་རྩེ་འདྲ་ཡི། ། སྤྲིན་རྩ་འདབ་འབྲེལ་བུ་གུ་མེད། ། དེ་ཚེ་ཉིན་ཞག་གཅིག་ནས་འབབས། ། ཤར་དུ་ལུག་གི་ལྟོ་ཚིལ་འདྲའི། ། སྤྲིན་དཀར་འདབ་ལེགས་རྩེ་མོ་ན། ། མི་རིང་དཀར་པོའི་བལྟས་འདྲའི་གཟུགས། ། བྱུང་ན་ཉིན་མོ་དེ་མཐར་འབབ། ། དཀར་སེར་ཉི་མ་འཆར་ཁ་ཡི། ། ཕྱེ་མ་ལེབ་ཀྱི་གཤོག་བརྐྱང་བཞིན། ། འཇམ་སྤྲིན་སྙོམས་ལེགས་ཤར་ཕྱོགས་ཁེབས། ། དེ་ཚེ་མྱུར་དུ་ཆར་ཆེན་བབས། ། སྣ་ཚོགས་འཇའ་ཚོན་ཤར་དུ་ཟུག ། དེ་ཚེ་ཆར་འབབ་ནུབ་ཏུ་ཆད། ། དངུལ་ཆུའི་མདོག་འདྲ་ཟླ་བའི་ཁྱིམ། ། རིང་པོར་མི་ཐོགས་ཆར་ཆེན་འབབ། ། ཞིབ་པར་དགུན་གྱི་ཉི་ལྡོག་ནས། ། གཤེར་དང་ཁ་བ་གང་འབབ་པ། ། ཞག་རྩིས་མ་ནོར་རིམ་པ་ལྟར། ། དབྱར་གྱི་ཉི་ལྡོག་རྗེས་སྦྱར་ན། ། སྔར་གྱི་དྲུག་འགྱུར་འབབ་པར་བཤད། ། 7.སེར་བ་བརྟག་པ་ནི། བདུན་པ་སེར་བ་བརྟག་པའི་རྩིས། ། ཤར་ཕྱོགས་མཁའ་ལ་སྤྲིན་དམར་རམ། ། སེར་ནག་ཆུང་ངུར་སྐྱེ་འཇིག་བྱེད། ། བཙན་རྣམས་གཡོས་པའི་སེར་བ་འབྱུང་། ། ནམ་ལངས་ཤར་ཕྱོགས་ནམ་མཁའ་ལ། ། ཕྱིང་དཀར་བཏིང་འདྲའི་སྤྲིན་པ་གསུམ། ། ཇི་ལྟར་བྱུང་ཡང་མྱུར་དུ་ནི། ། མཚོ་སྨན་འཁྲུགས་པའི་སེར་བ་འབབ། ། ལྷོ་ཕྱོགས་ས་བདག་གཟུགས་འདྲ་བ། ། གསུམ་སོགས་བྱུང་ཚེ་བདུད་སེར་འབབ། ། ནུབ་ཏུ་གོ་ཆ་གྱོན་འདྲའི་སྤྲིན། ། མ་མོ་ཁྲོས་པའི་སེར་ཀུན་འབབ། ། བྱང་དུ་སྤྲེའུ་ཙོག་པུའི་གཟུགས། ། དཀོར་བདག་གཡོས་པའི་སེར་བ་འབབ། ། དབུས་སུ་སྔོ་དམར་སྦུལ་འཁྱིལ་འདྲ་། ། ཆགས་ན་ཀླུ་ཡི་སེར་བ་འབབ། ། བར་སྣང་མགལ་བ་མེ་ཤོར་འདྲའི། ། སྤྲིན་བྱུང་ཐེའུ་རང་འཁྲུགས་སེར་བབས། ། མདོར་ན་ཁྱི་དཀར་གནམ་མཆོང་ངམ། ། སོག་ཐལ་གནམ་དུ་གཏོར་འདྲའམ། ། གཡག་རྔ་གནམ་དུ་གཟེངས་འདྲ་དང་། ། འཕྱར་ནག་གནམ་དུ་བཏིང་འདྲ་དང་། ། ཕྱོགས་ཀུན་ལེགས་པར་བཀྲམ་འདྲ་དང་། ཁམ་ནག་མཐའ་བཞི་ནོན་པའམ། ། དམར་ནག་ས་བདག་གཟུགས་འདྲ་སོགས། ། སེར་བ་འབབ་པའི་སྤྲིན་དུ་ངེས། ། དེ་ཡང་ཐོ་རངས་དུས་སུ་བརྟག ། སྤྲིན་མདོག་དམར་སྐྱ་དུམ་བུར་ཆད། ། མེ་འབྲུག་ཆད་མེད་འཁོར་བར་བསྒྲགས། ། དེ་ཚེ་གནམ་ལྕགས་འབབ་པར་བཤད། ། 8.འཇའ་ཚོན་བརྟག་པ་ནི། བརྒྱུད་པ་འཇའ་ཚོན་བརྟག་པའི་རྩིས། ། ཆར་པ་འབབ་བཞིན་འཇའ་ཟུག་ན། ། ནམ་མཁའ་སྤྲིན་མེད་གསལ་བར་འགྱུར། ། ཕྱི་དྲོ་འཇའ་ཡི་དུམ་བུ་ཤར། ། ངེས་པར་གནམ་མདངས་འགྱུར་བར་བཤད། ། སྔ་དྲོ་འཇའ་ཡི་དུམ་བུ་ཤར། ། རླུང་འབྱུང་གྱུར་ཀྱང་འགལ་བ་མེད། ། ཉི་མར་འཇའ་ཚོན་ཤར་བའི་རྩིས། ། འབྱུང་བ་ཚ་གྲང་འཐབ་པའི་འོད། ། རླུང་གིས་བཅིངས་པའི་མཚན་མ་ལ། ། གྲོང་ཁྱེར་གང་དུ་འཇའ་མང་ཟུག ། དེ་དག་རིང་པོར་མི་ཐོགས་འཇིག ། གྲོང་ཁྱེར་དམག་གིས་བསྐོར་བའི་ཚེ། ། ཉི་མ་འཇས་ཁེབས་དམག་རྣམས་འཆི། ། གོ་ཆ་གྱོན་ནས་གཡུལ་འཇུག་ཚེ། ། ཉི་མ་མཉམ་པར་འཇའ་ཤར་བ། ། དེ་ཚེ་ཕན་ཚུན་གཉིས་ཀ་གསོད། ། གཡུལ་དུ་ཞུགས་ཚེ་གཡས་གཡོན་ནམ། ། མདུན་དུ་འཇའ་ཚོན་མང་བྱུང་འཆི། ། གང་དུ་འཇའ་ཁྱིམ་ས་གཡོས་བཅས། ། དེར་ནི་འཇིགས་པ་ཆེན་པོ་འབྱུང་། ། མཚན་མོའི་ཆ་ལ་འཇའ་ཚོན་ཤར། ། རྒྱལ་པོ་འཆི་ཞིང་འཐབ་རྩོད་དང་། ། ནད་དང་མུ་གེས་ཡུལ་འཁོར་འཇིག འཕྲུལ་དང་སྤྲུལ་པའི་འཇའ་ཆགས་འཇིག ། མཐོང་ན་གྲོང་དང་རྒྱལ་སྲིད་འཇིག ། འཇའ་གཟུགས་རྒྱལ་མཚན་ཤིང་རྟ་གདུགས། ། འཁོར་ལོ་དར་སོགས་རྣམ་པར་ཤར། ། ལོ་ལེགས་རྒྱལ་པོ་རྒྱལ་བྱེད་ཅིང་། ། དགེ་མཚན་དུ་མས་འཇིག་རྟེན་ཤིས། ། བུག་པ་གཏུན་ཤིང་མདུང་རྩེ་གཞུ། ། སྒྲོག་རུས་ལྟར་མཐོང་ཡུལ་འཁོར་འཇིག ། མགོ་ཐོད་དབྱུག་ཏོ་རུས་སྦལ་དང་། ། ཆུ་སྲིན་ལ་སོགས་ཆུ་གནས་གཟུགས། ། སྣང་ཚེ་མེ་ཆུའི་གནོད་པ་དང་། ། ནད་དང་མུ་གེའི་འཇིགས་པ་འབྱུང་། ཁ་དོག་རིམ་པ་དུ་མའི་འཇའ། ། ཆུ་ལ་ཤར་ན་ཆར་ཆེན་བབ། ། དཀར་པོའི་མདོག་མང་དགེ་སྦྱོང་འཆི། ། མེ་འོད་ལྟར་དམར་སེར་འོད་ཆགས། ། མེ་ཏོག་དམར་སེར་རྩ་སེར་ལྟར། ། གང་དུ་ཟུག་པའི་ཡུལ་དེ་འཇིག ། སྔོན་པོས་ལོ་ཏོག་མ་རུང་གྱུར། ། སྲོད་ལ་ཤར་དུ་འཇའ་ཟུག་པ། ། མི་བདག་འཆི་ལ་ནུབ་ཏུ་ཟུག ། མི་ཡི་གཙོ་བོ་དག་ལ་གནོད། ། འཇའ་ཚོན་ཁ་དོག་ལྔ་པ་ཅན། ། ཤར་ཟུག་ཆར་འབབ་ལྷོ་ནུབ་བྱང་། ། མཆོད་འོས་མཆོད་ལ་ལྷོ་ཕྱོགས་ནས། ། ནུབ་ཏུ་ཟུག་ན་རྒྱལ་པོ་དང་། ། རྗེ་འུ་ཤན་པའི་ཚོགས་ལ་གནོད། ། དུས་གསུམ་མཚམས་ཤར་ལོ་ལེགས་བདེ། ། གཟའ་སོགས་བཟང་པོའི་མཚམས་ཤར་ན། ། རྒྱལ་སྲིད་དགེ་ཞིང་རྐུན་པོ་འཇོམས། ། ཞག་བདུན་ཚུན་དུ་ཆར་བབས་ན། ། འབྲས་བུ་ངན་པ་དག་ཀྱང་ཞི། ། 9.སྒྲ་སྐད་བརྟག་པ་ནི། དགུ་པར་རི་བོ་བར་སྣང་སོགས། ། མི་བཟད་སྒྲ་ཆེན་འབྱུང་བའི་རྩིས། ། ཉི་ཤར་སྒྲ་བྱུང་རྒྱལ་རིགས་འཆི། ། སྔ་དྲོ་རིགས་ངན་གུང་བྲམ་ཟེ། ། ཉི་ནུབ་རྗེ་བོའི་ཚོགས་ལ་གནོད། ། ཐོ་རངས་དུས་སུ་བྲན་གྱི་ཚོགས། ། ནམ་ཕྱེད་སྲིན་པོ་དག་ལ་ངན། ། ནམ་མཁའི་ཁམས་ནས་ཕྱོགས་གཉིས་སུ། ། ཕན་ཚུན་སྒྲ་འབྱུང་རྟ་གླང་འཆི། ། ནམ་ལངས་སྒྲ་བྱུང་མགྲོན་པོར་གནོད། ། དུས་གསུམ་མཚམས་སུ་བྱང་གི་ཕྱོགས། ། བཤེས་གཉེན་དགེ་སྦྱོང་དམ་པ་འདས། ། ལྷོ་ནུབ་མཚམས་བྱུང་མཐའ་འཁོབ་དང་། ། ལྷོ་དང་བལ་པོའི་ཡུལ་མི་དགེ། ། ཤར་ལྷོར་མེ་ཡིས་འཚོ་ལ་ངོན། ། རིང་པོར་སྒྲ་ཆེན་ཕྱོགས་མི་ཤིས། ། འཇིག་རྟེན་ནས་གནས་དཔའ་བོའི་ཚོགས། ། གོ་ཆ་གྱོན་པའི་དམག་དཔུང་འཆི། ། སྒྲ་སྙོམས་དལ་ཞིང་ཆུང་སྙན་དགེ། ། 10.སྣ་ཚོགས་ལྟས་བརྟག་པ་ནི། བཅུ་པ་སྣ་ཚོགས་ལྟས་ཀྱི་རྩིས། ། ཁྱི་དང་བྱ་རོག་བཞི་མདོར་རྒྱུགས། ། ཅ་ཅོ་ཕ་རོལ་དམག་ཚོགས་ལྷགས། ། བྱ་རོག་བུང་བས་གྲོང་ཁྱེར་དུ། ། ཚང་འཆའ་གློ་བུར་འཇིགས་པ་འབྱུང་། ། སྦྲང་བུ་ཕྱེ་ལེབ་བྱིའུ་སོགས། ། ཡང་ཐོག་སྒོ་ཁང་རྒྱུག་ཅིང་འཛེགས། ཁྱིམ་དེ་དགྲ་ཡིས་འཇོམས་པར་དྲན། ། བྱི་ལ་ཝ་ཚོགས་དུས་མིན་འཁྲིག ། རྒྱལ་པོ་ཡུལ་འཁོར་དང་བཅས་འཇིག ། སེམས་ཅན་མངལ་སྒོ་ཕྱིན་ཅི་ལོག ། བྱུང་ན་ཡུལ་འཁྲུགས་རྒྱལ་པོ་འཆི། ། བྱ་རོག་དཀར་པོ་མཐོང་བ་ན། ། ཡུལ་དེར་ནོར་ནད་འཐབ་རྩོད་ལྡང་། ། སྲོག་ཆགས་ཁ་དོག་རིགས་མིན་གྱུར། ། ཡུལ་བདག་མི་དབང་བཅས་པ་འཆི། ། གྲོང་དབུས་བྱ་རོག་ཀུན་འདུས་ནས། ། ཕྱི་རོལ་འདོང་ན་སྐྱེ་བོས་དབེན། ། ཁྱིམ་དང་ར་བར་ཝ་སྐད་འབྱིན། ། ཡང་ན་ཉི་མ་ལ་བལྟས་ནས། ། རྟག་པར་བརྒྱལ་ན་སྐྱེ་བོ་དང་། རྒྱལ་པོ་ལས་གྱུར་ཉེས་མིང་འབྱུང་། ། གང་དུ་བྱ་རོག་ཁྱུ་རྣམས་ཀྱིས། ། ས་ལ་མཆུ་བཙུགས་སྒྲ་མི་གྲགས། ། ཡུད་ཙམ་འདུག་ནས་འཕུར་བ་ན། ། དེ་ཚོ་དམག་ཚོགས་རབ་ཏུ་འཕུང་། ། ཤ་ཟན་མཁའ་ལྡིང་ཁ་ནས་ཤ ། ལྷུང་(རྒྱལ་པོའི་ཆད་པ་འབྱུང་བའང་བཤད། མཆན།) ན་སྲོག་ལ་རྒོལ་ཉེས་འབྱུང་། ། བྱ་རྒོད་ལ་སོགས་མི་གཟན་བྱ། ཁང་སྟེང་སྒྲ་སྒྲོགས་མི་བདག་འཆི། ། ཉིན་དགུང་བ་གླང་བྲེས་དག་ཏུ། ། འུག་པ་སྣང་ཚེ་རྒྱལ་པོས་མནར། ། སྐྱེད་ཚལ་བྱ་རོག་ཐང་ལ་ནི། ། ངང་པ་རྩེ་ན་ཡུལ་དེ་འཇིག ། ཤིང་ལ་དུས་མིན་འབྲས་བུ་འབྱུང་། ། རྒྱལ་པོ་འཁོར་བཅས་དགྲ་ཡིས་གསོད། ། ཤིང་སྐམ་ཡལ་ག་ལོ་མ་སྐྱེ། ། ཡུལ་དེ་སྐྱེ་བོ་ཕན་ཚུན་འཁྲུགས། ། ལྗོན་ཤིང་ལོ་འབྲས་ཕྱིན་ཅི་ལོག ། དེ་ཡི་བདག་པོ་མྱུར་དུ་འཆི། ། ཤིང་སྡོང་འཆར་ནུབ་གྲིབ་མ་འཛོལ། ། དེ་དུས་རྒྱལ་པོ་འབངས་ཀྱིས་གསོད། ། ཡང་ན་ཡུལ་དེ་དམག་གིས་འཇོམས། ། མེ་ཏོག་ཤིང་ཏོག་འབྲས་བུ་ལས། ། སྔོན་མེད་ཁུ་བ་འཛག་པ་ན། ། རྒྱལ་ཚབ་ལ་གནོད་བཟའ་ཤིང་གི ། འབྲས་བུ་ལྷག་པར་ མདོག་ བཟང་ ངམ། ། ཡང་ན་ཁུ་བ་ཁྲག་འདྲ་འཛག ། ཡུལ་དེར་ནད་ མུག་འཇིགས་ཆེན་འབྱུང་། ། སྐྱེ་ཤིང་འགྲོ་ན་ཡུལ་དེ་འཇིག་ཆུ་ནང་སྲོག་ཆགས་རྒྱུ་བ་སྐམ། ། མི་རིང་ནད་དང་དམག་ཚོགས་འབྱུང་། ། རླུང་མེད་ཆུ་ཀླུང་འཁྲུགས་པའང་ངོན། ། ལུས་མེད་སྣ་ཚོགས་སྒྲ་འབྱིན་དང་། ། དོན་མེད་འོད་དང་དྲི་ངན་མནམ། ། མཚོན་ཆ་འགུལ་དང་མེ་ཆེན་མཐོང་། ། རས་ཀྱི་གྲོང་དྲོ་ལོག་པ་སོགས། ། ནད་དང་མཚོན་དང་ལོ་ཉེས་དང་། ། རྒྱལ་པོ་དམོགེ་བཅས་འཇིག་པར་འགྱུར། ། ཕྱུགས་ལ་མི་ནི་བཙས་གྱུར་ན། ། ཡུལ་དེའི་བུད་མེད་རྣམས་ལ་ངན། ། མངལ་ནས་བུ་སྨྲ་ངུ་འམ་རྒོད། ། ཡུལ་དེར་འཇིགས་པ་ཆེན་པོ་འབྱུང་། ། ཁྱེའུ་རྐང་གཅིག་རྐང་གསུམ་བཞི། ། མ་ནིང་མཚན་གཉིས་སྐྱེས་པ་ན། ། རྒྱལ་པོ་འཆིའམ་མུ་གེ་འབྱུང་། ། བྱོལ་སོང་སྐྱེས་སམ་མགོ་མང་དང་། ། མགོ་བོ་གཅིག་ལ་གདོང་གཉིས་སམ། ། མིག་གསུམ་པ་སྐྱེས་ཡུལ་དེ་སྟོང་། ། ཕག་མགོ་ཅན་ནམ་སོ་སྐྱེས་དང་། ། མགོ་མེད་ལག་པ་གཅིག་པ་འམ། ། མ་ཡིས་མ་ཚོར་མངལ་ནས་བཙའ། ། དེ་དག་གང་བྱུང་ཡུལ་ཁམས་དེར། ། ནད་དང་དམག་དཔུང་ཆེན་པོ་འབྱུང་། ། མཐར་ནི་དགོན་པར་འགྱུར་ཡང་སྲིད། ། སྐུ་གཟུགས་གདན་ལས་འཕོས་སམ་འགྱེལ། ། རྡུལ་ལམ་སྤྱན་ནས་མཆི་མ་འབབ། ། རྒྱལ་པོ་དང་བཅས་ཡུལ་འཁོར་དེ། ། རྒྱལ་ཁབ་གཞན་གྱི་དབང་དུ་འགྱུར། ། ཡང་ན་དཔའ་བོ་བུ་སྨད་བཅས། ། ཡུལ་ལྗོངས་གཞན་དུ་སྤྲུགས་པར་བཤད། ། དུད་འགྲོ་རྐང་མེད་རྐང་མང་སོགས། ། ཕྱིན་ཀ་ལོག་གྱུར་འཇིགས་ཆེན་འབྱུང་། ། ཉིན་པར་རམ་ནི་མཚན་མོ་ཡང་། ། ཁྱི་ནི་གྱེན་དུ་གདོང་བལྟས་ཏེ། ། ཡང་དང་ཡང་དུ་ཟུག་གྱུར་པ། ། གང་དུ་དེར་ནི་འཇིགས་ཆེན་བསྐྱེད། ། དེ་ལྟར་རྣམ་པ་དུ་མ་དང་། ། རྣམ་མང་གང་དུ་རབ་བརྟགས་པ། ། དེར་ནི་ཆར་མི་འབབ་པར་འགྱུར། ། རྒྱལ་པོའི་ཚོགས་ཀྱང་རྣམ་པར་འཇིག། 11.ཉ་དྲུག་འཛོམ་པ་བརྟག་པ་ནི། བཅུ་གཅིག་ཉ་དྲུག་འཛོམ་པའི་རྩིས། ། སྨིན་ཟླའི་བཅོ་ལྔར་ཟླ་བའི་སྔོན། ། སྨིན་དྲུག་བྱུང་ན་ལོ་ཉེས་དང་། ། ཕྱུགས་ཉེས་མི་ནད་དག་ཀྱང་འབྱུང་། ། ཟླ་བའི་རྗེས་བྱུང་འཁྲུགས་རླུང་འོང་། ། ལྷོར་བྱུང་ཐན་པ་ཆེ་བ་དང་། ། རྩྭ་ཤིང་དཀོན་ལ་མུ་གེ་འོང་། ། བྱང་བྱུང་ལོ་ལེགས་ཆར་པ་ཆེ། ། དུས་བདེ་སྐྱ་རྒྱལ་འབྱུང་བ་ཡིན། ། ཧྲིལ་གྱིས་འགྲོགས་ན་ཤིན་ཏུ་བཟང་། ། བཟང་། ། 12.ཟླ་བའི་རྭ་བརྟག་པ་ནི། བཅུ་གཉིས་ཟླ་བའི་རྭ་ལ་བརྟག ། དཔྱིད་འབྲིང་ཉེར་དགུའི་ནམ་ལངས་སམ། ། དཔྱིད་ཐའི་ཚེས་གཅིག་མུན་མཚམས་སུ། ། ཟླ་བའི་གཡས་གཡོན་རྭ་གཉིས་པོ། ། ཤར་ནུབ་དྲོང་པོར་མཉམ་ན་དགེ། ། བྱང་ཕྱོགས་མཐོ་བར་གྱུར་པ་ན། ། མུ་གེ་འབྱུང་ཞིང་ཆར་མི་འབབ། ། ལྷོ་མཐོ་དགེ་ཞིང་ཆར་མང་འབབ། ། 13.སྐྱོར་ཁ་བརྟག་པ་ནི། བཅུ་གསུམ་སྐྱོར་ཁ་བརྟག་པའི་རྩིས། ། མགོ་ཟླའི་ཉེར་བདུན་བཅུ་གཉིས་པའི། ། ཉེར་ལྔ་དང་པོའི་ཉི་ཤུ་གསུམ། ། ཐོ་རངས་སྐར་མ་ལག་སོར་གྱི། ། མཐེབ་མཛུབ་བར་དུ་ཟླ་བ་སོང་། ། དེ་ལ་ལྷ་མོ་འབྲུ་འཐོར་ཟེར། ། ལོ་ཏོག་རྩི་བཅུད་འབྲས་བུ་འཕེལ། ། མཛུབ་མོ་གུང་མོའི་བར་དུ་སོང་། ། དྲང་སྲོང་ནོར་སྡུད་ཅེས་བྱ་བ། ། ལོ་ཏོག་འབྲིང་འགྱུར་གུང་སྲིན་བར། ། བདུད་མོ་ཤ་ཟན་ལོ་ཉེས་དང་། ཁ་བ་ཆེ་ལ་རྟ་གླང་འཆི། ། སྲིན་ལག་མཐེའུ་ཆུང་བར་སོང་ན། ། གནོད་སྦྱིན་འབྲུ་སྡུད་མུ་གེ་དང་། ། རྟ་གླིང་བ་དང་བོང་བུ་འཆི། ། མཐེ་ཆུང་རྩེར་སོང་ལྷ་མོ་ནི། ། དོན་གཉེར་ཞེས་པ་འཇིག་རྟེན་ཀུན། ། དགེ་ལེགས་ཕུན་སུམ་ཚོགས་པ་འབྱུང་། ། གང་དུ་མཐེའུ་ཆུང་རྩ་བར་བབས། ། ནོར་ལྷ་འབྲུ་འཆག་ལོ་ཏོག་ལེགས། ། འཐབ་རྩོད་ཞི་ཞིང་མཁྲིག་མ་ཡི། ། ཕྱི་ཟུར་སྦྲུལ་མགོ་ཆུ་འཐོར་ཞེས། ། ཆར་ཆེན་འབབ་ལ་མཐེ་བོང་གི། ། རྐེད་པར་སོང་ན་ལྕགས་སྤྱད་རྒྱུག ། བ་གླང་འཛིན་ངན་ལོ་ཏོག་འབྲིང་། ། མཐེ་བོང་རྩ་བར་སྲིན་བུ་ནི། ། མེ་ཁྱེར་ཞེས་བྱ་ཐན་པ་འོང་། ། ལག་མཐིལ་ཡི་དྭགས་ཁྱིམ་འཕེལ་ཏེ། ། དེ་ཚེ་ངེས་པར་མུ་གེ་འབྱུང་། ། གདུབ་བུའི་གོང་བ་སོང་གཡང་རྒྱལ་ཡིན། ། ནོར་བུ་འབྲུ་དང་བདེ་ལེགས་འབྱུང་། ། གདུབ་བུའི་འོག་སོང་དབང་རྒྱལ་ཡིན། ། སྐྱེས་བུ་རྒྱན་གྱི་བསམ་པ་འགྲུབ། ། མཁའ་ལ་ཞག་ཆགས་ཉིན་མོ་དྲོ། ། ཀུན་ལ་དགེ་བར་བཤད་པ་ཡིན། ། ལག་པའི་སྒོ་སྨད་ཟན་བརྫི་ཞེས། ། ལོ་ལེགས་སྐྱ་རྒྱལ་དེ་ལས་འགྱངས། ། མས་འབྱམས་ཞེས་བྱ་ཆར་ཆུ་ཆེ། ། གང་དུ་མ་བབས་ལྡིང་བ་ན། ། འབྲས་བུ་ཆེར་མེད་བཏང་སྙོམས་སོ། ། ཟླ་བ་སྔོན་མ་གཉིས་བཟང་ན། ། སྔ་མ་ངན་ཀྱང་གསོ་བར་བཤད། ། གཞན་ཡང་སྔོན་རྗེས་བར་གསུམ་པོ། ། སྔོན་མས་སྔ་བཏབ་བར་མ་ཡིས། ། བར་བཏབ་རྗེས་མས་ཕྱི་བཏབ་དང་། ། སྦྱར་བའི་འབྲས་བུ་བརྗོད་པའང་ཡོད། ། 14.འབྱུང་རྩིས་ཆར་ལྟས་བརྟག་པ་ནི། བཅུ་བཞི་འབྱུང་རྩིས་ཆར་ལྟས་ལ། ། དུས་བཞི་རྒྱུ་སྐར་སོ་སོའི་ཉིན། ། འཐིབས་དྭངས་རླུང་ཆར་ཡོད་མེད་རྩིས། ། མོན་གྲུ་མོན་གེ་ཁྲུམས་སྟོད་དང་། ཁྲུམས་སྨད་དག་ལ་རླུང་ཆར་མང་། ། ནམ་གྲུའི་ཉི་མར་གནམ་ཐང་འགྱུར། ། ཐ་སྐར་བྲ་ཉེར་རླུང་ཆེན་དང་། ། གྲང་ངད་ཆེན་པོ་འབྱུང་བར་འགྱུར། ། སྨིན་དྲུག་སྣར་མ་གཉིས་ཀྱི་ཉིན། ། གནམ་ཁད་འཇམ་ཞིང་ཤིན་ཏུ་དྭངས། ། མགོ་དང་ལག་དང་ནབས་སོ་དང་། ། རྒྱལ་གྱི་ཉི་མར་ཉི་མ་གསལ། ། སྐག་མཆུ་གྲེ་དབོ་ཉིན་དག་ལ། ། འཐིབས་ཀྱང་དྭངས་པར་འགྱུར་བ་ཡིན། ། མེ་བཞི་ནག་པ་གཉིས་ཀྱི་ཉིན། ། ཆར་པ་ཉུང་བར་འགྱུར་བ་དང་། ། རླུང་ཆར་རི་ཡི་སྐེད་པར་རྒྱུ། ། སྐར་མ་ས་རིའི་ཉི་མ་ལ། ། བྱེ་མ་འདྲེས་པའི་རླུང་ཆེན་ལྡང་། ། ས་ག་དང་ནི་ལྷ་མཚམས་དང་། ། སྒྲོན་སྣུབས་བཞི་ཡི་ཉི་མ་ལ། ། རླུང་སྒྲ་སྒྲོག་ཅིང་ཆར་པ་ཡོད། ། ཆུ་སྟོད་ཆུ་སྨད་གཉིས་ཀྱི་ཉིན། ། ཅུང་ཟད་འཐིབས་ལ་ཆར་པ་ཉུང་། ། གྲོ་བཞིན་བྱི་བཞིན་གཉིས་ཀྱི་ཉིན། ། ཅུང་ཟད་འཐིབ་ཅིང་ཆར་པ་ཡོད། ། འདི་ཡན་དཔྱིད་ཀྱི་དུས་ལའོ། ། མོན་གྲུ་མོན་གྲེ་ཁྲུམས་སྟོད་དང་། ཁྲུམས་སྨད་དག་ལ་ཅུང་ཟད་འཐིབས། ། ནམ་གྲུ་ཐ་སྐར་བྲ་ཉེའི་ཉིན། ། ཆར་པ་ཕྲན་བུ་ཕྲན་བུ་འབབ། ། སྨིན་དྲུག་སྣར་མ་གཉིས་ཀྱི་ཉིན། ། ཆར་པ་ཡོད་པར་འགྱུར་བ་ཡིན། ། མགོ་ལག་གཉིས་ཀྱི་ཉི་མ་ལ། ། ནམ་མཁར་སྤྲིན་པ་འཐིབས་པར་འགྱུར། ། ནབས་སོ་རྒྱལ་དང་སྐག་མཆུ་སྟེ། ། བཞི་ལ་འབབས་སམ་ཡང་ན་ཐང་།་ ། གྲེ་དབོ་མེ་བཞི་གསུམ་གྱི་ཉིན། ། སྤྲིན་མེད་ཤིན་ཏུ་དྭངས་པར་འགྱུར། ། ནག་པ་ས་རི་གཉིས་ཀྱི་ཉིན། ། ཉི་མ་མཐོང་བར་འགྱུར་བ་ཡིན། ། ས་ག་ལྷ་མཚམས་གཉིས་ཀྱི་ཉིན། ། རླུང་ཆེན་ཆར་ཆེན་འབྱུང་བར་འགྱུར། ། སྨོན་སྣུབས་གཉིས་ཀྱི་ཉི་མ་ལ། ། ཆར་པ་ངང་གིས་ཡོད་པར་འགྱུར། ། ཆུ་སྟོད་ཆུ་སྨད་གྲོ་བཞིན་དང་། ། བྱི་བཞིན་ལ་ནི་ཐང་པར་འགྱུར། ། འདི་ཡན་དབྱར་གྱི་དུས་ལ་འོ། ། མོན་གྲུ་མོན་གྲེ་ཁྲུམས་སྟོད་དང་། ཁྲུམས་སྨད་དག་ལ་འབྲུག་གི་སྒྲ། ། དྲག་པོ་སྒྲོག་པར་འགྱུར་བ་ཡིན། ། ནམ་གྲུ་ཐ་སྐར་བྲ་ཉེ་དང་། ། སྨིན་དྲུག་དག་ལ་ཆར་པ་ནི། ། ཤར་ཤར་སྒྲ་བཅས་འབབ་པར་འགྱུར། ། སྣར་མ་མགོ་ལག་ནབས་སོ་ལ། ། ཐང་རྗེས་ཆར་པ་ཡང་འབབ་འགྱུར། ། རྒྱལ་སྐག་གཉིས་ཀྱི་ཉི་མ་ལ། ། སྤྲིན་བསལ་མགྲོན་པོ་ལམ་དུ་འཇུག ། མཆུ་གྲེ་དབོ་དང་མེ་བཞི་ཡི། ། ཉི་མར་ཆར་པ་འབབ་མི་འགྱུར། ། ནག་པ་ས་རི་གཉིས་ཀྱི་ཉིན། ། ཆར་སྒྲ་རླུང་སྒྲ་འབྱུང་བར་འགྱུར། ། ས་ག་ལྷ་མཚམས་སྨོན་སྒྲུབས་ཀྱི། ། ཉི་མར་ཆར་པ་ངེས་པར་འབབ། ། ཆུ་སྟོད་ཆུ་སྨད་གྲོ་བཞིན་དང་། ། བྱི་བཞིན་བཞི་ཡི་ཉི་མ་ལ། ། ཆར་པ་སིལ་སིལ་འབབ་པར་འགྱུར། ། འདི་ཡན་སྟོན་གྱི་དུས་སུ་འོ། ། མོན་གྲུ་མོན་གྲེ་ཁྲུམས་སྟོད་དང་། ། ཁྲུམས་སྨད་དག་གི་ཉི་མ་ལ། ། རླུང་དང་ཆར་པ་མང་བ་ཡིན། ། ནམ་གྲུ་མཆུ་ཉིན་ཐང་པར་འགྱུར། ། ཐ་སྐར་བྲ་ཉེ་གཉིས་ཀྱི་ཉིན། ། ཆར་པ་སྒྲ་བཅས་གྲང་ངད་ཆེ། ། སྨིན་དྲུག་སྣར་མ་གཉིས་ཀྱི་ཉིན། ། ནམ་མཁའ་དྭངས་པར་འགྱུར་བ་ཡིན། ། མགོ་དང་ལག་པ་གཉིས་ཀྱི་ཉིན། ། འཕྲལ་དུ་ཐང་པར་འགྱུར་བ་ཡིན། ། ནབས་སོ་རྒྱལ་གྱི་ཉི་མ་ལ། ། ནམ་མཁའི་མདོག་ནི་སེར་པོར་འགྱུར། ། སྐག་གི་ཉི་མར་སྤྲིན་པ་ལྡང་། ། གནམ་གྲང་ཆར་རླུང་སད་འབབ་འགྱུར། ། གྲེ་དབོ་གཉིས་ཀྱི་ཉི་མ་ལ། ཆར་རླུང་རྗེས་སུ་ཉི་མ་མཐོང་། ། མེ་བཞི་ནག་པ་གཉིས་ཀྱི་ཉིན། ། མཚན་འབབ་ཉིན་མོ་ཐང་པར་གྱུར། ། སྐར་མ་ས་རིའི་ཉི་མ་ལ། ། བྱེ་མ་འདྲེས་པའི་རླུང་ཆེན་ལྡང་། ། ས་ག་ལྷ་མཚམས་སྨོན་སྣུབས་ཉིན། ། ཆར་རླུང་དག་གི་སྒྲ་ཐོས་འགྱུར། ། ཆུ་སྟོད་ཆུ་སྨད་གཉིས་ཀྱི་ཉིན། ། ཆར་པ་ཡོད་པར་འགྱུར་བ་ཡིན། ། གྲོ་བཞིན་བྱི་བཞིན་གཉིས་ཀྱི་ཉིན། ། ཤིན་ཏུ་འཐིབས་རྗེས་ཡང་ཐང་འགྱུར། ། འདི་ཡན་དགུན་གྱི་དུས་སུ་འོ། ། 15.སྣར་མའི་ཆར་རྩིས་བརྟག་པ་ནི། བཅོ་ལྔ་ཆར་པ་བརྟག་པའི་རྩིས། ། སྣར་མའི་འཁོར་ལོ་ཞེས་བྱ་བ། ། གཡས་ཀྱི་དཔེ་རིས་ཆུང་བར་གཟིགས། ། ལོ་དེའི་ལུགས་འཕོའི་ཟླ་སྐར་སོགས། ། རྒྱུ་སྐར་ཉེར་བརྒྱད་རིམ་བཞིན་བཀོད། ། (圖表) དང་པོའི་སྐར་མ་སྐྱེས་པ་སྟེ། དེ་རྗེས་སྐར་མ་ཟླ་བའི་མིང་། ། དེ་ནས་སྐར་གཉིས་རྒྱ་མཚོ་སྟེ། ། དེ་ནས་ངོགས་ལ་སྐར་མ་བཞི། ། རི་བོ་ལ་གཉིས་མཚམས་སྦྱོར་བཞི། ། སླར་ཡང་དེ་ཉིད་ལན་གཅིག་བལྡབས། སྣར་མ་གར་ཡོད་བརྟག་པར་བྱ། ། སྐྱེས་པར་ཆར་ཆེ་ཟླ་བར་དགའ། ། རྒྱ་མཚོར་ཤིན་ཏུ་ཆར་པ་ཆེ། ། ངོགས་ལ་ཆར་ལེགས་རི་བོར་ཉུང་། ། མཚམས་སྦྱོར་ཆར་པ་དུམ་བུར་འགྱུར། ། གཞན་ཡང་སྨིན་ཟླའི་ཡར་མར་གྱི། ། བཅུ་གཅིག་མཁའ་ལ་སྤྲིན་འདུས་ན། ། ཆུ་སྟོད་ཟླ་བ་འཆར་བའི་ཚེ། ། ཆར་པ་འབབ་འགྱུར་ཐེ་ཚོམ་མེད། ། མགོ་ཟླའི་ཚེས་བརྒྱད་གློག་འགྱུ་མཐོང་། ། གྲོ་བཞིན་ཟླ་བར་ཆར་འབབ་འགྱུར། ། སྨིན་ཟླ་མགོ་ཟླར་འཕོ་བ་ལ། ། ཆར་བབས་ཆར་ནི་འབྲིང་པོར་བཤད། ། རྒྱལ་ཟླའི་ནག་ཕྱོགས་ཚེས་བཅུ་ལ། ། ཆོར་བྱུང་ཁྲུམས་ཟླར་ཆར་ཆེན་འབབ། ། མཆུ་ཟླའི་བདུན་ལ་ཆར་བབས་ན། ། སྣོན་དང་སྣུབས་ལ་འབབ་མི་འགྱུར། ། ཆུ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི། ། ཚེས་པ་གཉིས་ལ་ཆར་མེད་ན། ། ཟླ་བ་བདུན་པར་ཆར་པ་འབབ། ། ཚེས་གསུམ་ཤར་ནས་རླུང་ལྡང་ཞིང་། ། ཤར་ནས་སྤྲིན་གསར་འོང་གྱུར་ན། ། ཟླ་བ་བརྒྱད་པར་ཆར་ཆེན་འབབ། ། ཚེས་བཞིར་ཆར་བབས་ཆར་ཆེན་འབྱུང་། ། དེ་ཉིན་ལྷོ་ནས་རླུང་ལྡངས་ཤིང་། ། སྤྲིན་རྣམས་ཤར་དུ་འགྲོ་གྱུར་ན། ། ཟླ་བ་དགུ་པར་ཆར་པ་འབྱུང་། ། ཚེས་ལྔར་བྱུང་ནས་རླུང་ལྡངས་ཤིང་། ། ཆར་སྤྲིན་མཐོང་ན་བཅུ་པ་ལ། ། ངེས་པར་ཆར་པ་འབྱུང་བ་ཡིན། ། ཉ་ལ་ལྷོ་ནུབ་ནས་རླུང་ལྡངས། ། ཆར་མེད་ཁྲོན་པ་དང་བཅས་སྐམ། ། གྲོ་བཞིན་ཟླ་བའི་ཚེས་ལྔ་ལ། ། ཆར་བབས་ཆུ་ཡིས་ས་གཞི་ཁྱབ། ། རྒྱུ་སྐར་གང་ལ་ཆར་བབས་པ། ། དེ་ཚེ་ཁ་ཟས་ཕུད་རྣམས་ཀྱིས། ། ས་གཞི་མཆོད་པས་དགེ་བར་འགྱུར། ། 16.ཉི་ཁྱིམ་དྲུག་ཅུ་བརྟག་པ་ནི། བཅུ་དྲུག་ཉི་ཁྱིམ་དྲུག་ཅུའི་རྩིས། ། ཤིང་ཕོ་བྱི་ཉིན་ཆར་བབས་ན། ། མེ་ཕོ་སྟག་ཉིན་ཆར་མཚམས་བྱེད། ། ཤིང་མོ་གླང་ཉིན་ཆར་བབས་ན། ། མེ་མོ་ཡོས་ཀྱི་ཉིན་ལ་ཆད། ། མེ་ཕོ་སྟག་གི་ཉི་མ་ལ། ། ཆར་བབས་འདི་ཉིན་འཆད་པར་འགྱུར། ། མེ་མོ་ཡོས་ཀྱི་ཉིན་འབབ་ན། ། ཡུན་མི་རིང་བར་འཆད་པར་འགྱུར། ། ས་ཕོ་འབྲུག་གི་ཉི་མ་ལ། ། ཆར་འབབ་མཚན་ཕྱེད་དུས་སུ་ཆད། ། ས་མོ་སྦྲུལ་གྱི་ཉི་མ་ལ། ། ཆར་པ་བབས་ཀྱང་འཕྲལ་དུ་ཆད། ། ལྕགས་ཕོ་རྟ་ཡི་ཉིན་བབས་ན། ། ལྕགས་མོ་ལུག་གི་ཉི་མར་ཆད། ། ལྕགས་མོ་ལུག་གི་ཉིན་བབས་ན། ། ས་ཕོ་སྟག་གི་ཉི་མར་ཆད། ། ཆུ་ཕོ་སྤྲེལ་གྱི་ཉི་མ་ལ། ། ཆར་བབས་དེ་མ་ཐག་ཏུ་ཆད། ། ཆུ་མོ་བྱ་ཡི་ཉིན་བབས་ན། ། ཤིང་ཕོ་ཁྱི་ཡི་ཉི་མར་ཆད། ། ཤིང་ཕོ་ཁྱི་ཡི་ཉི་མ་ལ། ། ཆར་པ་བབས་ན་མྱུར་དུ་ཆད། ། ཤིང་མོ་ཕག་གི་ཉི་མ་ལ། ། ཆར་བབས་དེ་ཉིན་འཆད་པར་འགྱུར། ། མེ་ཕོ་བྱི་བའི་ཉི་མ་ལ། ། ཆར་འབབ་འཕྲལ་དུ་འཆད་པར་འགྱུར། ། མེ་མོ་གླང་གི་ཉི་མ་ལ། ། ཆར་བབས་ཡུན་མི་རིང་བར་ཆད། ། ས་ཕོ་སྟག་གི་ཉི་མ་ལ། ། ཆར་བབས་དུས་དེ་ཉིད་ལ་ཆད། ། ས་མོ་ཡོས་ཀྱི་ཉི་མ་ལ། ། འབབ་པའི་ཆར་པ་འཕྲལ་དུ་ཆད། ། ལྕགས་ཕོ་འབྲུག་གི་ཉི་མ་ལ། ། ཆར་པ་འབབ་པ་འཕྲལ་དུ་ཆད། ། ལྕགས་མོ་སྦྲུལ་གྱི་ཉི་མར་བབས། ། ཆུ་མོ་ལུག་གི་ཉི་མར་ཆད། ། ཆུ་ཕོ་རྟ་ཡི་ཉི་མ་ལ། ཆར་བབས་དེ་མ་ཐག་ཏུ་ཆད། ། ཆུ་མོ་ལུག་གི་ཉི་མ་ལ། ། ཆར་བབས་ཤིང་ཕོ་སྤྲེལ་ཉིན་ཆད། ། ཤིང་ཕོ་སྤྲེལ་གྱི་ཉི་མ་ལ། ། ཆར་པ་བབས་པ་འཕྲལ་དུ་ཆད། ། ཤིང་མོ་བྱ་ཡི་ཉིན་བབས་ན། ། མེ་ཕོ་ཁྱི་ཡི་ཉི་མར་ཆད། ། མེ་ཕོ་ཁྱི་ཉིན་ཆར་བབས་ན། ། དུས་དེ་ཉིད་དུ་འཆད་པར་འགྱུར། ། མེ་མོ་ཕག་གི་ཉི་མ་ལ། ། དུས་དེ་ཉིད་དུ་ཆད་པ་ཆད། ། ས་ཕོ་བྱི་བའི་ཉིན་བབས་ན། ། ལྕགས་ཕོ་སྟག་གི་ཉི་མར་ཆད། ། ས་མོ་གླང་གི་ཉིན་བབས་ན། ། ཆུ་མོ་གླང་གི་ཉི་མར་ཆད། ། ལྕགས་ཕོ་སྟག་གི་ཉི་མ་ལ། ། ཆར་བབས་དུས་དེར་འཆད་པར་འགྱུར། ། ལྕགས་མོ་ཡོས་ཉིན་ཆར་བབས་ན། ། ཆུ་མོ་སྦྲུལ་གྱི་ཉི་མར་ཆད། ། ཆུ་ཕོ་འབྲུག་གི་ཉིན་བབས་ན། ། ལྕགས་མོ་གླང་གི་ཉིན་ལ་ཆད། ། ལྕགས་མོ་སྦྲུལ་གྱི་ཉི་མ་ལ། ། ཆར་བབས་ཡུན་མི་རིང་བར་ཆད། ། ཤིང་ཕོ་ལྟར་བབས་དུས་དེར་ཆད། ། ཤིང་མོ་ལུག་ལོ་ཆར་བབས་ན། ། མེ་མོ་བྱ་ཡི་ཉི་མར་ཆད། མེ་ཕོ་སྤྲེལ་བབས་འཕྲལ་དུ་ཆད། ། མེ་མོ་བྱ་ཡི་ཉི་མ་ལ། ། ཆར་བབས་ས་མོ་ཕག་ལ་ཆད། ། ས་ཕོ་ཁྱི་ལ་བབས་གྱུར་ན། ། ལྕགས་མོ་གླང་གི་ཉི་མར་ཆད། ། ས་མོ་ཕག་གི་ཉི་མ་ལ། ། ཆར་བབས་དུས་དེར་འཆད་པར་འགྱུར། ། ལྕགས་ཕོ་བྱི་བའི་ཉི་མ་ལ། ། ཆར་བབས་མེ་ཕོ་འབྲུག་ཉིན་ཆད། ། ལྕགས་མོ་གླང་ཉིན་ཆར་བབས་ན། ། ཆུ་ཕོ་སྟག་གི་ཉིན་ལ་ཆད། ། ཆུ་ཕོ་སྟག་གི་ཉི་མ་ལ། ། ཆར་བབས་དུས་དེར་འཆད་པར་འགྱུར། ། ཆུ་མོ་ཡོས་ཉིན་ཆར་བབས་ན། ། དེ་མ་ཐག་ཏུ་འཆད་པར་འགྱུར། ། ཤིང་ཕོ་འབྲུག་གི་ཉི་མ་ལ། ། ཆར་བབས་འཕྲལ་དུ་འཆད་པར་འགྱུར། ། ཤིང་མོ་སྦྲུལ་གྱི་ཉི་མ་ལ། ། ཆར་བབས་མེ་ཕོ་རྟ་ལ་ཆད། ། མེ་ཕོ་རྟ་ཡི་ཉི་མ་ལ། ། ཆར་བབས་དུས་དེར་འཆད་པར་འགྱུར། ། མེ་མོ་ལུག་གི་ཉི་མ་ལ། ། ཆར་པ་བབས་པ་མྱུར་དུ་ཆད། ། ས་ཕོ་སྤྲེལ་གྱི་ཉི་མ་ལ། ། ཆར་བབས་ལྕགས་ཕོ་ཁྱི་ལ་ཆད། ། ས་མོ་བྱ་ཡི་ཉི་མ་ལ་། ཆར་བབས་ལྕགས་མོ་ཕག་ལ་ཆད། ། ལྕགས་ཕོ་ཁྱི་ཡི་ཉི་མ་ལ། ། ཆར་བབས་དུས་དེར་འཆད་པར་འགྱུར། ། ལྕགས་མོ་ཕག་གི་ཉི་མ་ལ། ། ཆོར་བབས་ཆུ་མོ་གླང་ལ་ཆད། ། ཆུ་ཕོ་བྱི་བའི་ཉི་མ་ལ། ། ཆར་བབས་ཆུ་མོ་གླང་ལ་ཆད་། ། ཆུ་མོ་གླིང་གི་ཞི་ལ། ། ཆར་པ་བབས་པ་དུས་དེར་ཆད། ། ཤིང་ཕོ་སྟག་གི་ཉི་མ་ལ། ། ཆར་བབས་དེ་མ་ཐག་ཏུ་ཆད། ། ཤིང་མོ་ཡོས་ཀྱི་ཉི་མ་ལ། ། ཆར་བབས་མེ་ཕོ་འབྲུག་ཉིན་ཆེད། ། མེ་ཕོ་འབྲུག་ལ་བབས་གྱུར་ན། ། མེ་མོ་སྦྲུལ་ཉིན་འཆད་པར་འགྱུར། ། མེ་མོ་སྦྲུལ་གྱི་ཉི་མ་ལ། ། ཆར་བབས་དུས་དེར་འཆད་པར་འགྱུར། ། ས་ཕོ་རྟ་ལ་བབས་གྱུར་ན། ། དེ་མ་ཐག་ཏུ་འཆད་པར་འགྱུར། ། ས་མོ་ལུག་གི་ཉི་མ་ལ། ། ཆར་བབས་དུས་དེར་འཆད་པར་འགྱུར། ལྕགས་ཕོ་སྤྲེལ་ཉིན་བབས་གྱུར་ན། ། ཤིང་ཕོ་བྱི་བའི་ཉིན་ལ་ཆད། ། ལྕགས་མོ་བྱ་ཡི་ཉི་མ་ལ། ། ཆར་བབས་དུས་དེར་འཆད་པར་འགྱུར། ། ཆུ་ཕོ་ཁྱི་ཡི་ཉི་མ་ལ། ། ཆར་བབས་འཕྲལ་དུ་འཆད་པར་འགྱུར། ། ཆུ་མོ་ཕག་གི་ཉི་མ་ལ། ། ཆར་བབས་དེ་མ་ཐག་ཏུ་ཆད། ། 17.ནམ་མཁའི་མདངས་བརྟག་པ་ནི། བཅུ་བདུན་ནམ་མཁའི་མདངས་བརྟག་པ། ། ཉི་ཤར་ཤར་ལྷོ་མདངས་ནག་ན། ། ཉིན་དགུང་སྔོན་དུ་ཆར་པ་ཡོད། ། ཉི་ནུབ་ནུབ་བྱང་མདངས་ནག་ན། ། མཚན་ཕྱེད་ཆར་པ་ཡོད་པར་འགྱུར། ། 18.སྤྲིན་པ་བརྟག་པ་ནི། བཅོ་བརྒྱད་སྤྲིན་པ་བརྟག་པའི་རྩིས། ཉི་ཤར་སྤྲིན་པ་མེད་གྱུར་ན། ། ཉི་མ་འཆར་བ་མདངས་དང་ལྡན། ། ཉི་ནུབ་ནུབ་ཏུ་མདངས་གསལ་ན། ། ཕྱི་ཉིན་ནམ་མཁའ་དྭངས་པར་འགྱུར། ། རྒྱུ་ཐག་བར་སྣང་གཡེང་གྱུར་ན། ། རེ་ཞིག་ནམ་མཁའ་དྭངས་པར་འགྱུར། ། ཉི་ཤར་ཤར་ཕྱོགས་སྤྲིན་འཕགས་ན། ། རླུང་བཅས་ཆར་པ་མྱུར་དུ་འབབ། ། རླུང་དལ་ཚ་རླངས་འབྱུང་གྱུར་ན། ། སྤྲིན་འཐིབས་འབྲུག་སྒྲ་སྒྲོག་པར་འགྱུར། ། ཤར་རླུང་སྤྲིན་པ་ནུབ་ཏུ་རྒྱུ། ། ཆར་པ་དུས་ལས་ཡོལ་མི་འགྱུར། ། ཡོས་དུས་ཤར་ལྷོར་སྤྲིན་ཐོན་ན། ། སྦྲུལ་གྱི་དུས་སུ་ཆར་པ་ཡོད། ། ལྷོ་རིར་སྤྲིན་སྟུག་ཐོན་གྱུར་ན། ། འབྲུག་དུས་རླུང་དང་ཆར་པ་འབྱུང་། ། ཉི་ཤར་ཡོས་དུས་སྤྲིན་བྱུང་ན། ། ཆར་པ་མེད་ཀྱང་གནམ་འཐིབས་འགྱུར། ། རླུང་ཆར་སྤྲིན་པ་མགྱོགས་པར་རྒྱུ། ། མི་འགྱངས་རླུང་དང་ཆར་པ་ཆད། ། ཐད་ཀའི་སྤྲིན་རླུང་མཉམ་དུ་རྒྱུ། ། རླུང་ཆར་དུས་ཚོད་གཞན་དུ་འཕོ། ། ཉི་ནུབ་སྤྲིན་པ་ནག་པོས་བསུ། ། རླུང་དང་ཆར་པ་ངེས་པར་འབྱུང་། ། རི་བོ་སྤྲིན་པས་ཁེབས་གྱུར་ན། ། མཚན་སྦྲེལ་ཆར་པ་འབབ་པར་འགྱུར། ། འབྲུག་སྒོའི་ཕྱོགས་ནས་སྤྲིན་པ་ཐོན། ། རླུང་བཅས་ཆར་དྲག་འབབ་པར་འགྱུར། ། ནུབ་བྱང་སྤྲིན་པ་ནག་པོས་ཐོན། ། འབྲུག་སྒྲ་དང་བཅས་ཆར་པ་འབབ། ། སྤྲིན་པ་ཀ་ཁྲབ་འདྲ་བ་འབྱུང་། ། ཕྱི་ཉིན་རླུང་ཆེན་ལྡང་བར་འགྱུར། ། ཉི་མ་ཕྱེད་ཡོལ་དུས་ཙམ་དུ། ། སྤྲིན་པ་བསྒྲིགས་པར་གྱུར་པ་ན། ། རླུང་འབྱུང་མི་འབྱུང་ངེས་པ་མེད། ། དབྱར་དུས་སྤྲིན་པ་དཀྱིལ་དུ་ཐོན། ། སྟོན་རླུང་ཁད་ཀྱིས་འབྱུང་བར་འགྱུར། ། ནམ་ལངས་ཤར་ཕྱོགས་སྤྲིན་ཐོན་ན། ། ཆར་མེད་མཚན་མོར་སྤྲིན་པ་དག ། ནུབ་ཏུ་བྱུང་ཚེ་སྤྲིན་འཁྲུགས་ན། ། རླུང་དང་ཆར་པ་མི་ཉུང་འབྱུང་། ། རླུང་གིས་ཆར་པ་བདས་གྱུར་ན། ། ཆར་པ་ཤིན་ཏུ་ཆེ་བ་འབབ། ། སྤྲིན་པ་ཁད་ཀྱིས་ཉམས་གྱུར་ན། ། སྤྲིན་དམར་པ་དང་བཅས་ཉི་མ་ཤར། ། མགྲོན་པོ་ཤུལ་རིང་བགྲོད་མི་བྱ། ། ཉི་ནུབ་དུས་སུ་སྤྲིན་དམར་འབྱུང་། ། ཆར་པ་འབབས་སམ་མི་འབབ་ཅེས། ཁ་དམར་གདགས་པར་མི་ནུས་སོ། ། 19.རླུང་བརྟག་པ་ནི། བཅུ་དགུ་རླུང་ལ་བརྟག་པའི་རྩིས། ། སྟོན་དགུན་ཤར་ལྷོའི་རླུང་བྱུང་ན། ། དེ་ཉིན་ཆར་པ་འབབ་མི་འགྱུར། ། དཔྱིད་དབྱར་ནུབ་བྱང་རླུང་ལང་ན། ། ནམ་མཁའ་ངེས་པར་དྭངས་པར་འགྱུར། ། སྔ་དྲོ་རླུང་ལ་རྒྱུན་མི་རིང་། ། ཕྱི་དྲོ་རླུང་ལང་ཆར་པ་ཆེ། ། དཔྱིད་དབྱར་ཤར་ལྷོའི་རླུང་ལྡང་ན། ། གནམ་ལ་དྲི་བ་བྱ་མི་དགོས། ། སྟོན་དགུན་ནུབ་བྱང་རླུང་ལང་ན། ། ནམ་མཁའ་ངེས་པར་དྭངས་པར་འགྱུར། ། དབྱར་གྱི་དུས་སུ་རླུང་ཁད་འཇམ། ། གྲུ་བོ་ཆུ་བོར་བགྲོད་པ་བདེ། ། སྟོན་གྱི་དུས་སུ་རླུང་འབྱུང་བས། ། ཆུ་བོའི་རླབས་ཆེན་འཕྱུར་བར་འགྱུར། ། དབྱར་དུས་རླུང་ནི་མཚན་སྦྲེལ་ན། ། ཉིན་གྱི་སྔོན་དུ་རླུང་ཆགས་འགྱུར། ། ཆར་རྗེས་ཤར་ལྷོའི་རླུང་བྱུང་ན། ། ཕྱི་དྲོ་རླུང་ནི་ཆེས་ཆེར་ལྡང་། ། སྔ་དྲོའི་དུས་སུ་ཆར་རླུང་བྱུང་། ། རླུང་ཆེན་ཉམས་པར་འགྱུར་བ་ཡིན། ། ཚེས་གསུམ་རླུང་ཆེན་ལང་གྱུར་ན། ། ཚེས་བཞི་ལ་ཡང་རླུང་ལྡང་སྟེ། ། ཉི་ཤུ་གསུམ་གྱི་ཉི་མ་ལ། ། ཤིན་ཏུ་ཆེ་བའི་རླུང་འབྱུང་ངོ་། ། ཚེས་བདུན་ཚེས་པ་བརྒྱད་དག་ལ། ། ངེས་པར་རླུང་ཡོང་སྤྲིན་སྔོན་འབྱུང་། ། དཔྱིད་དུས་ཁ་བ་བབས་པའི་རྗེས། ། ཞག་པོ་བརྒྱ་དང་ཉི་ཤུ་ན། ། ངེས་པར་རླུང་ཡོད་སེམས་ལ་ཞོག ། ཟླ་བ་གཉིས་པར་ཆར་རླུང་མང་། ། མགྲོན་པོ་དག་གི་སེམས་ལ་ཞོག ། ཚེས་པ་བརྒྱད་དང་བཅུ་གསུམ་དང་། བཅུ་དགུ་དང་ནི་ཉི་ཤུ་གཅིག ཟླ་བ་གསུམ་པའི་ཚེས་བརྒྱུད་བཅས། ། ཆར་པ་ངེས་པར་འབབ་གྱུར་ན། ། ཟླ་བ་བཞི་པའི་བཅོ་བརྒྱད་ལ། ། ཆར་པ་འབབ་པར་འགྱུར་བ་ཡིན། ། རླུང་ཆར་འབྱུང་བའི་རླན་ཡང་འབྱུང་། ། གྲུར་ཞུགས་མིས་ཀྱང་བཤོལ་དུ་མེད། ། ཟླ་བ་ལྔ་པའི་ཚེས་ལྔ་ལ། ། རླུང་གི་ཉམས་ཤིག་བྱུང་གྱུར་ན། ། གཉིས་དང་དགུ་དག་ངེས་པར་བྱ། ། ནུབ་བྱང་ངོས་ནས་རླུང་ཆེན་ལང་། ། ལྷོ་རུ་རིམ་གྱིས་ཆེ་བར་འགྱུར། ། ཟླ་བ་དྲུག་པའི་ཚེས་བཅུ་གཅིག ། བཅུ་གཉིས་དག་ལ་འཛེམ་པ་གཅེས། ། ཟླ་བ་བདུན་པའི་ཡར་ངོ་ལ། ། རླུང་བྱུང་སྟོན་དུས་གྲུ་མི་གཏོང་། ། ཟླ་བ་བརྒྱད་པའི་དཀྱིལ་གྱི་དུས། ། ངེས་པར་རླུང་འབྱུང་ཆར་ལ་ཡོད། ། 20.ཉི་འོད་བརྟག་པ་ནི། ཉི་ཤུ་ཉི་མ་བརྟག་པའི་རྩིས། ། ཉི་མ་སྤྲིན་ནག་དང་འབྲེལ་ན། ། མྱུར་དུ་ཆར་པ་འཐིག་པར་འགྱུར། ། སྤྲིན་རུམ་ནས་ནི་ཉི་མ་གསལ། ། ནམ་མཁའ་ཤིན་ཏུ་དྭངས་པར་འགྱུར། ། སྔ་དྲོར་ཉི་དཀྱིལ་རྣ་ལུང་འབྱུང་། ། རླུང་དྲག་ལྡང་བར་འགྱུར་བ་ཡིན། ། སྤེལ་དུས་ཉི་དཀྱིལ་རྣ་ལུང་འབྱུང་། ། ཕྱི་ཉིན་ཆར་པ་འབབ་པའི་རྟགས། ། ཉི་མའི་རྣ་ལུང་གཅིག་པ་ནི། ། སྐར་མ་ཟུང་མིན་དག་ལ་འབྱུང་། ། ཉི་མའི་རྣ་ལུང་གཉིས་པ་ནི། ། སྐར་མ་ཟུང་ལ་འབྱུང་བ་ཡིན། ། ཉིན་དགུང་སྔོན་དུ་ཉི་མ་ནི། ། མི་གསལ་གྱུར་ཚེ་བྱང་རླུང་ལྡང་། ། ཉིན་དགུང་རྗེས་སུ་ཉི་མ་ནི། ། མི་གསལ་གྱུར་ཚེ་རླུང་འབྱུང་ངོ་། ། ཉི་དཀྱིལ་བསྒྲིབས་པ་བསལ་རྗེས་སུ། ། རླུང་ཤུགས་ཉམས་པར་འགྱུར་བ་ཡིན། ། སྔ་དྲོར་ཉི་མའི་མདོག་དཀར་ཞིང་། ཕྱི་དྲོར་མདོག་ནི་དམར་གྱུར་ན། ། བྱེ་མ་འདྲེས་པའི་རླུང་ལྡང་འགྱུར། ། ཉི་ནུབ་དུས་སུ་དམར་གྱུར་ན། ། ཆར་པ་མེད་ཅིང་རླུང་འབྱུང་ངོ་། ། སྔ་དྲོར་ནམ་མཁའ་དྭངས་གྱུར་ན། ། བསེར་བུ་ལྡང་བར་འགྱུར་བ་ཡིན། ། སྔ་དྲོ་ས་གཞི་དྭངས་གྱུར་ན། ། ཆར་འཇམ་འབབ་པར་འགྱུར་བ་ཡིན། ། མཚན་མོ་ནམ་མཁའི་མདངས་གསལ་ན། ། ཉིན་མཚན་སྦྲེལ་བའི་ཆར་པ་འབབ། ། ཉི་མའི་གཟི་བྱིན་རབ་གསལ་ན། ། རེ་ཞིག་ནམ་མཁའ་དྭངས་པ་འབྱུང་། ། ཉི་མའི་འོད་ཟེར་འཆར་སྔ་ན། ། ནམ་མཁའ་དྭངས་པ་རེ་ཞིག་ཙམ། ། ཉི་མའི་འོད་འགྱུར་སེར་པོར་གྱུར། ། ཕྱི་ཉིན་རླུང་དྲག་གཡོ་བར་འགྱུར། ། ཉིན་ཕྱེད་རྗེས་སུ་སྤྲིན་པ་ཡིས། ། ཉི་མ་བསྒྲིབས་ན་མཚན་ཆར་ཆེ། ། 21.སྨུག་པ་བརྟག་པ་ནི། ཉེར་གཅིག་སྨུག་པ་བརྟག་པའི་རྩིས། ། སྔ་དྲོར་སྨུག་པ་བྱུང་མ་ཐག ། སྡུད་པར་གྱུར་ན་གནམ་མཐོང་འགྱུར། ། སྔ་དྲོར་སྨུག་པ་རྒྱུན་རིང་འཐིབས། ། ཆར་པ་སིལ་བུ་འབབ་པར་འགྱུར། ། ཉིན་གསུམ་སྨུག་པ་སྟུག་པོར་འཐིབས། ། ངེས་པར་རླུང་ཆེན་ལྡང་བར་འགྱུར། ། འཇའ་དཀར་ཤར་བར་གྱུར་ན་ནི། ། སྨུག་པ་སྡུག་པོ་སྡུད་པར་འགྱུར། ། 22.གློག་འོད་བརྟག་པ་ནི། ཉེར་གཉིས་གློག་འོད་བརྟག་པའི་རྩིས། ། ལྷོ་ནུབ་ཕྱོགས་སུ་གློག་འོད་འཁྱུགས། ། ཕྱི་ཉིན་ཚ་བ་འཐིབས་པར་འགྱུར། ། ནུབ་ཏུ་གློག་འོད་འཁྱུགས་གྱུར་ན། ། ཆར་པ་རྒྱུན་རིང་འབབ་པར་འགྱུར། ། འབྲུག་དུས་གློག་འོད་དྲག་པོ་འཁྱུགས། ། ངེས་པར་རླུང་ཆེན་ལྡང་བར་འགྱུར། ། གློག་འོད་འཆལ་བར་འཁྲུགས་གྱུར་ན། ། ཆར་མེད་རླུང་ཡང་འཇོགས་པར་འགྱུར། ། གློག་འོད་སིལ་བུར་འཁྱུགས་གྱུར་ན། ། ཆར་འབབ་རླུང་ཆེན་ལྡང་བར་འགྱུར། ། 23.ལོ་ཏོག་ལེགས་ཉེས་བརྟག་པ་ནི། ཉེར་གསུམ་དུས་མཚམས་ཉེར་བཞི་ལ། ། ལོ་ཏོག་ལེགས་ཉེས་བརྟག་པའི་རྩིས། ། ཟླ་བ་དང་པོའི་ཚེས་གཅིག་ཉིན། ། སྔ་དྲོའི་དུས་སུ་ཕྱོགས་བཞི་འཐིབས། ཁ་བ་ཆེ་ཞིང་ཐན་པའི་ལོ། ། དཔྱིད་ཀྱི་དབུགས་ནི་ཐོབ་པའི་ཉིན། ། ཉི་ཤར་ནས་བཟུང་ཉི་ནུབ་བར། ། རླུང་མེད་ཁམས་འཇམ་བྱུང་གྱུར་ན། ། ཞིང་པས་དཀའ་ཚེགས་བྱེད་མི་དགོས། ། ཟླ་བ་གཉིས་པའི་དུས་སུ་ནི། ། འབུ་སྲིན་དག་གི་དབུགས་རྒྱུ་དུས། ། འབྲུག་གྲགས་འབྲུ་རྣམས་འདམ་བཞིན་འགྱུར། ། ཉིན་མཚན་མཉམ་པའི་ཉི་མ་ལ། ། ཆར་བབས་ལོ་དེར་ནད་པ་ཉུང་། ། ཟླ་བ་གཉིས་པ་འདི་ཡི་ནང་། ། ཡོས་ཀྱི་ཉི་མ་གསུམ་བྱུང་ན། ། གྲོ་སོགས་འབྲུ་རྣམས་སྨིན་པར་འགྱུར། ། ཟླ་བ་གསུམ་པའི་དུས་སུ་ནི། ། ཚེས་གཅིག་ནས་ནི་རླུང་ཆར་བྱུང་། ། རིམས་ཀྱིས་འདེབས་ཤིང་མི་རྣམས་སྡུག ། གནམ་དྭངས་ཞེས་བྱའི་ཉི་མ་ལ། ། ལྷོ་ཡི་ཕྱོགས་ནས་རླུང་བྱུང་ན། ། ངེས་པར་ཞིང་སའི་ལོ་ཏོག་སྨིན། ། ཟླ་བ་བཞི་པའི་དུས་སུ་ནི། ། དབྱར་གྱི་དབུགས་ཐོབ་ཉི་མ་ལ། ། ཤར་ནས་རླུང་འབྱུང་ནད་ཉུང་འགྱུར། ། ཟླ་བ་འདི་ཡི་ཚེས་བརྒྱད་ལ། ། ནམ་མཁའ་ཤིན་ཏུ་དྭངས་གྱུར་ན། ། ཤིང་ཏོག་རྣམས་ནི་སྨིན་པར་འགྱུར། ། ཤིང་ཕོ་བྱི་དང་ལྕགས་ཕོ་འབྲུག ། འདི་གཉིས་ཉི་མར་འབྲུག་གྲགས་ན། ། ཆ་གས་ལོ་ཏོག་ཟ་བར་འགྱུར། ། ཟླ་བ་ལྔ་པའི་དུས་སུ་ནི། ། སངས་རྒྱས་སྨན་བླའི་ཉི་མ་ལ། ། ཆར་བབས་ལོ་ཏོག་ལེགས་པར་སྨིན། ། མྱུར་འདེབས་ཞེས་བྱའི་དུས་ཀྱི་ཉིན། ། འབྲུག་སྐད་གྲགས་ན་ལོ་ཏོག་བཟང་། ། ཉི་མ་ལྡོག་ཉིན་ནུབ་བྱང་ནས། ། རླུང་བྱང་སྔོ་ཚོད་དག་ལ་ངན། ། ཟླ་བ་དྲུག་པའི་དུས་སུ་ནི། ། ཚད་དུས་གསུམ་གྱི་ཉིན་དག་ཏུ། ། ལྷག་པར་ཚ་ན་འབྲུ་མི་སྨིན། ། འདི་དུས་ནད་དག་མེད་གྱུར་ན། ། དགུན་ཟླ་གསུམ་ལ་ཁ་བ་ཆེ། ། ཟླ་བ་བདུན་པའི་དུས་སུ་ནི། ། སྟོན་དབུགས་ཐོབ་པའི་ཉི་མ་ལ། ། ཆར་པ་མེད་ན་སྡུག་བསྔལ་འབྱུང་། ། ལོ་ཏོག་ཕྱེད་ཙམ་སྨིན་པ་ཡིན། ། ཚ་བ་ཐོན་པའི་ཉི་མ་ལ། ། ཆར་པ་བབས་པར་གྱུར་ན་ནི། ། འབྲུ་རྣམས་ཐོགས་ཀྱང་ཕན་པ་མེད། ། ཟླ་བ་བརྒྱད་པའི་དུས་སུ་ནི། ། སྟོན་གྱི་ཉིན་མཚན་མཉམ་པའི་ཉིན། ། སྤྲིན་དཀར་མང་བྱུང་འབྲུ་རྣམས་སྨིན། ། ཉིན་མཚན་མཉམ་པའི་དུས་དེ་ལ། ། འབྲུག་གྲགས་གློག་འཁྱུགས་བྱུང་ན་ངན། ། དགུན་དུས་འབྲུ་རིན་ཆེ་བར་འགྱུར། ། ཟླ་བ་དགུ་པའི་དུས་སུ་ནི། ། ཚེས་གཅིག་སད་འབབ་ཞིང་པར་ངན། ། ཚེས་དགུ་ཆར་པ་མ་བབས་ན། ། དགུན་རིང་ཁ་བ་དཀོན་པར་འགྱུར། ། འདི་དུས་ཟླ་དབུས་དམར་ཐིག་འབྱུང་། ། མི་ལ་ན་ཚ་སྣ་ཚོགས་འབྱུང་། ། འདི་ཉིན་འབྲུག་གྲགས་སྔོ་ཚོད་རྣམས། ། རིན་ཆེ་དཀོན་པར་འགྱུར་བ་ཡིན། ། ཟླ་བ་བཅུ་པའི་དུས་སུ་ནི། ། ཆུ་ཕོའི་ཁམས་ཀྱི་ཉི་མ་ལ། ། དགུན་དབུགས་ཐོབ་པར་གྱུར་ན་ནི། ། ཕྱི་ལོའི་ཞིང་ལས་དོན་མེད་འགྱུར། ། འདི་ཉིན་ཆུ་ཕོ་བྱི་བར་འཕྲད། ། མི་ལ་ནད་ཀྱིས་འདེབས་པར་འགྱུར། ། ཟླ་བ་བཅུ་གཅིག་པ་ཡི་དུས། ། ཚེས་གཅིག་ནུབ་ནས་རླུང་ལང་ན། ། རྐུན་མ་མང་པོས་ལྗང་འགྱུར་ཞིང་། ཁ་བ་ཆེ་ལ་བར་ཆད་མང་། ། དགུན་ཉི་ལྡོག་པའི་ཉི་མ་ལ། ། གནམ་ཁད་འཇམ་ཞིང་ཉི་མདངས་བཟང་། ། ཕྱི་ལོར་མི་རྣམས་བདེ་བ་དང་། ། སྐྱ་རྒྱལ་འབྱུང་བས་བཟང་བ་ཡིན། ། ཟླ་བ་བཅུ་གཉིས་པ་ཡི་དུས། ། ཚེས་གཅིག་ཤར་རླུང་ལང་གྱུར་ན། ། ཕྱུགས་ལ་གོད་ཁ་འབྱུང་བར་འགྱུར། ། འདི་ཉིན་རླུང་དང་ཁ་བ་ཆེ། ། ཕྱི་ལོ་ཐུན་པའི་ལོ་རུ་འགྱུར། ། འདི་ཉིད་ནམ་མཁའ་དྭངས་བྱུང་ན། ། ཞིང་པ་སེམས་བདེར་བསྡད་པས་ཆོག། 24.རླུང་ཆར་འཐིབས་དྭངས་བརྟག་པ་ནི། ཉེར་བཞི་སྟག་ཟླའི་ཚེས་གཅིག་ཉིན། ། རླུང་ཆར་འཐིབས་དྭངས་བརྟག་པའི་རྩིས། ། ཟླ་བ་དང་པོའི་ཚེས་གཅིག་ལ། ། གནམ་གྱི་ཁད་ནི་འཇམ་གྱུར་ན། ། དུས་ཚོད་ཀུན་ཏུ་བཟང་བ་ཡིན། ། རྒྱལ་ཁམས་བདེ་ཞིང་འབངས་ཀྱང་སྐྱིད། ། འབྲུ་སྣ་ལྔ་རྣམས་ཤིན་ཏུ་འཕེལ། ། མི་ལ་ནད་ཉུང་དུད་འགྲོ་འཕེལ། ། རྐུན་མ་དག་ནི་ཉམས་པར་འགྱུར། ། འདི་ཉིན་ཆར་པ་བབས་གྱུར་ན། ། མི་ལ་ནད་འབྱུང་ཆར་ཞོད་ཆེ། ། དུད་འགྲོ་མི་འཕེལ་ཤིང་ཏོག་བྲུལ། ། འདི་ཉིན་གློ་བུར་རླུང་ཆེན་ལངས། ། ངེས་པར་ཀུན་མས་སྡང་བར་འགྱུར། ། གསར་རྨོས་སར་བཏབ་སྨིན་མི་འགྱུར། ། ཕྱུགས་ལ་ཕྱུགས་ནད་འབྱུང་བ་དང་། ཆར་དཀོན་ཐན་པ་འབྱུང་བ་ཡིན། ། སྔོ་ཚོད་དག་ཀྱང་ཉུང་བར་འགྱུར། ། འདི་ཉིན་ཁ་བ་ཆེར་བབས་ན། ། འབྲུ་རྣམས་འཕེལ་ཀྱང་ནོར་ལུག་ངན། ། ཤིང་ཐོག་སྡོང་པོར་མེ་ཏོག་ཉུང་། ། འབྲུ་རྣམས་མོད་པར་འགྱུར་བ་ཡིན། ། གོས་སྲིན་ཉུང་ཞིང་ཤིང་ཏོག་ཀྱང་། ། ཉུང་ལ་སྔོ་ཚོད་མང་བ་དང་། ། བུད་མེད་དག་ལ་ནད་རིམས་འབྱུང་། ། འདི་ཉིན་སྨུག་པ་ཆེར་འཐིབས་ན། ། ལོ་འདིར་སྐྱེས་པའི་བུ་ཆུང་ལ། ། ནད་འབྱུང་གོས་ཀྱི་སྲིན་བུ་འཕེལ། ། ཆར་པ་སྙོམས་པོ་འབྱུང་བ་ཡིན། ། འདི་ཉིན་ཆར་བབས་གློག་འགྱུ་ན། ། སྡུག་འདྲེ་རྐུན་མ་མང་བ་ཡིན། ། མི་ལ་རྨ་འབྱུང་གཡན་པ་འབྱུང་། ། ཟླ་བ་འདི་ལ་གློག་འཁྱུགས་ན། ། དུས་ཚོད་འཚོལ་བར་འགྱུར་བ་ཡིན། ། ཐབས་ཆ་ཤེས་ཆ་གོ་ལོག་ཡིན། ། ཚེས་མགོར་གློག་འགྱུ་མི་ལ་ངན། ། འདི་ཉིན་བྱེ་འདྲེས་རླུང་ཆར་བྱུང་། ། གོས་ཆེན་དཀོན་ཅིང་ཞིང་ས་སྟོང་། ། འདི་ཉིན་ཕྱོགས་བཞིར་མདངས་སེར་ན། ། ལོ་ཏོག་སྨིན་ཅིང་མདོག་དཀར་ན། ། ངན་ལ་མདོག་སྔོ་ཆ་ག་མང་། ། མདངས་དམར་ཐན་པ་འབྱུང་བ་ཡིན། ། མདངས་ནག་ཆར་ཞོད་ཆེན་པོ་འབྱུང་། ། འདི་ཉིན་སྔ་དྲོར་ནུབ་རླུང་འབྱུང་། ། འབུ་སྲིན་མང་བར་འགྱུར་བ་ཡིན། ། བྱང་རླུང་བྱུང་ན་སྲན་མ་འཕེལ། ། སྟོན་དུས་ཆར་པ་མང་བར་འགྱུར། ། ལྷོ་རླུང་བྱུང་ན་ཐན་པའི་རྟགས། ། ཟླ་བ་ལྔ་པར་ཁྲེས་དཀོན་འགྱུར། ། ལྷོ་ནུབ་རླུང་བྱུང་ས་རྨོ་རུང་། ། ནོར་ལུག་དག་ལ་ས་དུག་ཕོག ། འབངས་མི་དག་ལ་ནད་འབྱུང་ངོ་། ། གཞན་ཡང་དང་པོའི་ཚེས་གཅིག་གི ། སྔ་དྲོ་ནས་བཟུང་ཉིན་དགུང་བར། ། སྤྲིན་དང་ཆར་པ་མེད་གྱུར་ན། ། ལོ་ཏོག་སྔ་བར་སྨིན་པ་འབྱུང་། ། སྔ་དྲོ་ནས་བཟུང་ཉི་ནུབ་བར། ། སྤྲིན་དང་ཆར་པ་མེད་གྱུར་ན། ། མེ་ཏོག་འཕྱིས་པར་སྨིན་པ་འབྱུང་། ། ཤར་ཕྱོགས་རླུང་ནག་བྱུང་གྱུར་ན། ། དཔྱིད་ཀ་ཆར་པ་མོད་པ་ཡིན། ། སྤྲིན་སྔོན་བྱུང་ན་འབངས་རྣམས་ལྟོགས། ། མི་དག་མི་བདེ་སྡུག་བསྔལ་མང་། སྤྲིན་དཀར་བྱུང་ན་མྱ་ངན་འབྱུང་། ། ལྷོ་ཕྱོགས་སྤྲིན་ནག་བྱུང་གྱུར་ན། ། དབྱར་དུས་ཆར་པ་མང་བ་ཡིན། ། སྤྲིན་པ་དམར་པོ་བྱུང་གྱུར་ན། ། ཟླ་བ་ལྔ་པར་ཐན་པ་འབྱུང་། ། ཟླ་བ་དྲུག་པའི་ནང་དུ་ནི། ། ཆར་པ་ཚིམ་པར་འབབ་པ་ཡིན། ། ནུབ་ཏུ་སྤྲིན་ནག་ལང་གྱུར་ན། ། སྟོན་དུས་ཆར་པ་མང་པོ་འབབ། ། སྤྲིན་དཀར་སྟོན་དུས་མི་མི་བདེ། ། ནུབ་བྱང་སྤྲིན་ནག་བྱུང་གྱུར་ན། ། ཁ་ཆར་མང་པོ་འབབ་པར་འགྱུར། ། 25.གནམ་གྱི་ཁམས་བཅུ་བརྟག་པ་ནི། ཉེར་ལྔ་གནམ་གྱི་ཁམས་བཅུའི་རྩིས། ། ཟླ་བ་དང་པོའི་ཚེས་གཅིག་ཉིན། ། ཤིང་ཕོ་འབྲུ་མོད་མི་མི་བདེ། ། ཤིང་མོ་འབྲུ་དཀོན་མི་ནད་འབྱུང་། ། མེ་ཕོ་ཞག་པོ་བཞི་བཅུ་འམ། ། ཟླ་བཞིའི་བར་དུ་ཐན་པ་འབྱུང་། ། མེ་མོ་སྐུད་པ་སྲོ་མ་དཀོན། ། ས་ཕོ་འབྲུ་གྲོ་ཉ་ཚྭ་དཀོན། ། ཐན་པ་འབྱུང་ཞིང་ས་མོ་འཕྲད། གོས་སྲིན་འབྲུ་དཀོན་རླུང་ཆར་མང་། ། ལྕགས་ཕོ་ལྕགས་ཉུང་ལོ་ཏོག་འཁྲུངས། ། མི་ལ་ནད་འབྱུང་ལྕགས་མོ་ལ། ། ཏིལ་འབྲུ་དཀོན་ལ་ལོ་ཏོག་སྨིན། ཆུ་ཕོ་དང་འཕྲད་འབྲུ་གྲོ་མོད། ། དར་རས་སྲན་དཀོན་ཆུ་མོ་ལ། ། ལོ་ཏོག་དག་ལ་གནོད་པ་འབྱུང་། ། མི་ལ་ནད་དང་ཆར་པ་མང་། ། 26.ཁམས་ལྔའི་བྱི་བ་བརྟག་པ་ནི། ཉེར་དྲུག་ཁམས་ལྔ་བྱི་བའི་བརྟག ། ཟླ་བ་དང་པོའི་ཡར་ཚེས་ལ། ། ཤིང་བྱི་བྱུང་ན་ལོ་ཏོག་བཟང་། ། མེ་ཕོ་བྱི་བར་ཐན་པ་འབྱུང་། ། ས་ཕོ་བྱི་བར་ཆ་ག་མང་། ། ལྕགས་བྱི་ལ་ནི་སོས་མི་བདེ། ། ཆུ་ཕོ་བྱི་བར་ཆར་ཞོད་ཆེ། ། 27.གླང་འབྲུག་མང་ཉུང་བརྟག་པ་ནི། ཉེར་བདུན་གླང་འབྲུག་བརྟག་པའི་རྩིས། ། དང་པོའི་གཅིག་ནས་བཅུ་གཉིས་ཚུན། ། སྔོན་དུས་ཉུང་ལ་རྗེས་མ་མང་། ། གླང་ནི་ས་ནི་གསོས་ཡིན་ཕྱིར། ། ཇི་ཙམ་མང་བ་སོས་བུད་སྔ། ། ས་བཅུད་འཕེལ་ཞིང་དགེ་བར་ཐོས། ། སྟོན་འཇུག་རིང་ལ་འབྱོར་པ་རྒྱས། ། བརྒྱད་ཕྱིན་རབ་ལ་བཞི་ཚུན་ཐ། ། འབྲིང་པོ་བར་གྱི་རིགས་པས་ཤེས། ། འདི་ཡིས་ས་ཆ་སྟོད་སྨད་དང་། ། སོས་བུད་སྔ་ཕྱི་བར་ཡང་རྟོགས། ། འབྲུག་ནི་གནམ་ལྷ་གནམ་གྱི་གསོས། ། རྒྱ་མཚོ་ལས་ནི་ཆུ་འཐུངས་ནས། ། མཁའ་ལས་ཆར་པ་འབེབས་ཞེས་གྲགས། ། ཇི་ཙམ་མང་བ་ཆར་ཚེ་ཡང་། ། ས་བཅུད་མཁའ་ལ་འཁུར་བས་ངན། ། བརྒྱད་ཕྱིན་ལྕེ་འབབ་སེར་བས་འཇིག ། ལྔ་ཚུན་ཆར་དཀོན་དྲུག་བདུན་སྙོམས། ། 28.དུས་བཞིའི་ཆར་འབེབས་བརྟག་པ་ནི། ཉེར་བརྒྱད་དུས་བཞི་ཤིང་བྱིའི་རྩིས། ། དཔྱིད་ཀྱི་ཤིང་བྱིར་ཆར་བབས་ན། ། ཆར་འབེབས་ནོར་ལུག་འཁྱགས་པས་འཆི། ། ཆུ་དམར་དཔག་ཚད་སྟོང་ཕྲག་འཕྱུར། ། དབྱར་གྱི་ཤིང་བྱིར་ཆར་བབས་ན། ། ཆར་པ་རབ་ཆེ་ལམ་སྲང་དུ། ། གྲུ་གཏོང་དགོས་འོང་སྟོན་དུས་ཀྱི། ། ཤིང་བྱིར་ཆར་འབེབས་འབྲུ་མི་སྨིན། ། དགུན་ཀར་ཤིང་བྱིར་ཆར་བབས་ན། ཁ་བ་ས་ལེ་བར་སྟོང་འབབས། ། གླང་ལུག་ལྷག་པས་འཆི་བའང་བཤདོ། ། 29.འབྲུག་སྐད་བརྟག་པ་ནི། ཉེར་དགུ་འབྲུག་སྐད་བརྟག་པའི་རྩིས། ། འབྲུག་སྐད་ཐོག་མར་བྱང་ཤར་བྱུང་། ། འབྲུ་མོད་ཤར་ཕྱོགས་ལོ་ཏོག་བཟང་། ། ཤར་ལྷོར་གྲགས་ན་འབུ་སྲིན་མང་། ། ལྷོ་ཕྱོགས་ནས་གྲོགས་ཐན་པ་འབྱུང་། ། ལྷོ་ནུབ་གྲགས་ན་ཆ་ག་མང་། ། ནུབ་ཏུ་གྲགས་ན་གསེར་ལྕགས་དཀོན། ། ནུབ་བྱང་ནས་གྲགས་རྒྱལ་ཁམས་རྣམས། ། བདེ་ཡང་མི་ནད་འབྱུང་བར་ཐོས། ། བྱང་དུ་གྲགས་ན་ཆར་པ་མང་། ། གཞན་ཡང་དང་པོར་འབྲུག་གྲགས་ན། ། མི་ལ་མི་དགའ་དུ་མ་འབྱུང་། ། སྟོན་དུས་འབྲུག་མང་འབྲུ་མི་སྨིན། ། དགུན་དུས་འབྲུག་གྲགས་འབྲུ་སྨིན་ཡང་། ། མི་ལ་ངན་ཅིང་དམག་འཁྲུག་འབྱུང་། ། 30.དཔྱིད་ཀྱི་དབུགས་ཐོབ་བརྟག་པ་ནི། སུམ་ཅུ་དཔྱིད་ཀྱི་དབུགས་ཐོབ་བརྟག ། དཔྱིད་དབུགས་ཐོབ་པའི་ཉི་མ་ལ། ། ནམ་མཁའ་དྭངས་ན་རྩི་བཅུད་འཁྲུངས། ། འདི་ཉིན་གནམ་འཐིབས་ཆར་བབས་ན། ། ཆར་ཞོད་ཆེ་ལ་ཤར་ཕྱོགས་སུ། ། ལང་ལོང་སྤྲིན་བྱུང་ལོ་ཏོག་བཟང་། ། ཤར་རླུང་འབྲུ་མོད་མི་རྣམས་བདེ། ། ནུབ་ནས་རླུང་བྱུང་ཐན་པ་འབྱུང་། ། འབྲུ་དཀོན་རྐུན་པོ་དག་ཀྱང་མང་། ། ལྷོ་རླུང་བྱུང་ན་དུད་འགྲོ་བདེ། ། བྱང་ནས་རླུང་བྱུང་ཆུ་བོར་ནུབ། ། ཁྱད་པར་དཔྱིད་ཀྱི་དབུགས་ཐོབ་ཉིན། ། ཉི་མ་ཁམས་འཕྲད་བལྟ་བར་བྱ། ། ཤིང་ཕོའམ་ཤིང་མོ་དང་འཕྲད་ན། ། ལོ་ཏོག་ཡོངས་སུ་སྨིན་པ་འབྱུང་། ། མེ་ཕོ་མེ་མོ་དང་འཕྲད་ན། ། ལོ་ཏོག་ལ་ནི་ཐན་པ་འབྱུང་། ། ས་ཕོ་ས་མོ་དང་འཕྲད་ན། ། ལོ་ཏོག་ལ་ནི་གནོད་པ་འབྱུང་། ། ལྕགས་ཕོ་ལྕགས་མོ་དང་འཕྲད་ན། ། མི་རྣམས་ལ་ནི་བདེ་བ་མེད། ། ཆུ་ཕོ་ཆུ་མོ་དང་འཕྲད་ན། ། ཆར་ཞོད་ཆེན་པོ་འབྱུང་བ་ཡིན། ། 31.དཔྱིད་ཀྱི་ཉིན་མཚན་མཉམ་པ་བརྟག་པ་ནི། སོ་གཅིག་དཔྱིད་དུས་མཉམ་པའི་རྩིས། ། དཔྱིད་ཀྱི་ཉིན་མཚན་མཉམ་པའི་ཉིན། ། ཤར་ཕྱོགས་སྤྲིན་སྔོན་གྲོ་འཕེལ་ལ། ། སྤྲིན་མེད་གནམ་ཐང་འབྲུ་མི་རྒྱུས། ། མི་ལ་ཚ་བའི་ནད་ཀྱང་འབྱུང་། ། ནུབ་རླུང་གྲོ་དཀོན་ཐན་པས་ཉེན། ། ཤར་རླུང་གྲོ་མོད་འབྲུ་གཞན་འབྲིང་། ། ལྷོ་རླུང་བྱུང་ན་སྣོན་ཟླའི་ནང་། ། སྔོན་དུ་ཆར་ཆེ་རྗེས་སུ་འཚིག ། བྱང་ནས་རླུང་བྱུང་འབྲུ་རྣམས་དཀོན། ། 32.དབྱར་གྱི་དབུགས་ཐོབ་བརྟག་པ་ནི། སོ་གཉིས་དབྱར་དབུགས་ཐོབ་པའི་བརྟག ། འདི་ཉིན་ཤིན་ཏུ་གནམ་མཐོང་ན། ། ལོ་འདིར་ངེས་པར་ཐན་པ་འབྱུང་། ། ཤར་རླུང་བྱུང་ན་འབྲུ་རྣམས་སྨིན། ། མི་ཡང་བདེ་ཞིང་ལྷོ་རླུང་བྱུང་། ། མི་ལ་ནད་འབྱུང་མྱུ་གུ་སྐམ། ། ནུབ་རླུང་ནོར་ལུག་ནད་ཡམས་འབྱུང་། ། བྱང་རླུང་ཆུ་བོར་ཉ་སྲིན་མང་། ། ཡང་ན་སྦྲུལ་དུས་ཤར་ནུབ་རླུང་། ། ཉིན་བཅུ་མཁའ་མདངས་སྔོན་པོ་འཆར། ། ཤར་ལྷོར་རླུང་བྱུང་ལོ་འདིར་ཚ། ། མཁའ་མདངས་སྔོན་པོ་མ་ཤར་ན། ། ལོ་འདིར་རླུང་ཆེན་མང་བར་བཤད། ། ཉིན་བཅུའི་ནང་དུ་ངེས་པར་འབྱུང་། ། འབྲུ་དག་ལ་གནོད་བྱ་རླུང་བྱུང་། ། ཆུ་མིག་ལུད་ཅིང་ས་འགུལ་འབྱུང་། ། མི་ལ་ནད་མང་ནུབ་རླུང་བྱུང་། ། ཆ་ག་མང་འཕེལ་མི་ནད་འབྱུང་། ། ཤར་རླུང་བྱུང་ཞིང་འབྲུག་གྲགས་ན། ། དུས་མ་ཡིན་པར་ཐོག་ཀྱང་འབབ། ། 33.དབྱར་གྱི་ཉི་ལྡོག་བརྟག་པ་ནི། སོ་གསུམ་དབྱར་གྱི་ཉི་ལྡོག་རྩིས། ། འདི་ཉིན་མེ་སྟག་ཉི་མ་འམ། ། མེ་ཡོས་འཕྲད་ན་འབྲུ་རྣམས་དཀོན། ། ཉིན་དགུང་རྟ་དུས་ལྷོ་ངོས་སུ། ། སྤྲིན་དམར་རྟ་ཡི་དབྱིབས་ཅན་བྱུང་། ། དེ་ལ་ལི་ཡི་དཀྱིལ་འཁོར་གྱི། ། རང་མདངས་ཞེས་ཟེར་འབྲུ་སྣ་ལྔ། ། མང་དུ་འཕེལ་ཞིང་སྤྲིན་དམར་པོ། ། རྟ་ཡི་དབྱིབས་དེ་མ་བྱུང་ན། ཁྲེས་རིགས་ལྔ་པོ་སྨིན་མི་འགྱུར། ། མི་ལ་མིག་ནད་ཐན་པ་འབྱུང་། ། ལྷོ་རླུང་བྱུང་ན་ཚ་བ་ཆེ། ། བྱང་ནས་རླུང་བྱུང་རི་ཁ་ཡི། ། ལོ་ཏོག་རྣམས་ནི་ཐོན་པས་གདུང་། ། ལྷོ་ནུབ་རླུང་བྱུང་མི་ནད་དང་། ། ཆུ་སྟོད་ཟླ་བར་ཆར་ཞོད་ཆེ། ། ནུབ་རླུང་སྟོན་དུས་ཆར་པ་ཆེ། ། ཤར་རླུང་ཟླ་བ་བརྒྱད་པའི་ནང་། ། མི་ལ་ན་ཚ་འབྱུང་བའི་ལྟས། ། བྱང་རླུང་འབྲུ་རྣམས་ཤིན་ཏུ་དཀོན། ། ནམ་གྱི་གང་དེར་རླུང་ཆར་བྱུང་། ། ཕྱི་ལོར་འབྲུ་རྣམས་དཀོན་པར་འགྱུར། ། 34.སྟོན་གྱི་དབུགས་ཐོབ་བརྟག་པ་ནི། སོ་བཞི་སྟོན་དབུགས་ཐོབ་པའི་རྩིས། ། འདི་ཉིན་འབྲུག་གྲགས་ལོ་མི་སྨིན། ། ཆར་པ་བབས་ན་སྔོ་ཚོད་བཟང་། ། ཤར་རླུང་ནད་འབྱུང་རྩྭ་ལྡུམ་བཟང་། ། ལྷོ་རླུང་སྟོན་དུས་ཐན་པ་འབྱུང་། ། ནུབ་ནས་རླུང་བྱུང་ཆར་པ་ཆེ། ། བྱང་རླུང་བྱུང་ན་ཆར་སྤྲིན་མང་། ། སྤྲེལ་གྱི་དུས་སུ་ལྷོ་ནུབ་ནས། ། སྤྲིན་དམར་བྱུང་ན་འབྲུ་འབྲིང་ཙམ། ། སྤྲིན་པ་མེད་ན་འབྲུ་མི་སྨིན། ། ས་འགུལ་ཕྱི་ལོར་ནོར་ལུག་འཆི། ། སད་འབབ་པ་ཡི་ཉིན་རྗེས་མར། ། གལ་ཏེ་སད་ནི་བབས་པ་ན། ། དགུན་ཉི་ལྡོག་རྗེས་ཁ་ཆར་དང་། ། རླུང་དང་གྲང་འཁྱག་འབྱུང་བར་འགྱུར། ཁྲུམས་ཟླའི་ཚེས་གཅིག་གནམ་འཐིབས་ན། ། ཕྱི་ལོར་ལོ་ཏོག་ཤིང་ཏོག་ལེགས། ། དེ་ཡི་རྗེས་ལོར་ཐན་པ་འབྱུང་། ། སྟོན་གྱི་བྱི་བའི་ཉི་མ་ལ། ། ཆར་པ་བབས་ན་སྟོན་དུས་དེར། ། ཞག་མ་དྲུག་ཅུའི་བར་དུ་འབབ། ། ཟླ་བ་དགུ་པའི་ཚེས་དགུའི་ཉིན། ། ཆར་པ་སྡུད་པའི་དུས་ཡིན་ཀྱང་། ། འདི་ཉིན་ཆར་བབས་ཕྱི་ལོར་བཟང་། ། 35.སྟོན་གྱི་ཉིན་མཚན་མཉམ་པ་བརྟག་པ་ནི། སོ་ལྔ་སྟོན་གྱི་ཉིན་མཚན་མཉམ། ། གནམ་མཐོང་བྱུང་ན་འབྲུ་མི་སྨིན། ། ཉུང་ངུར་འབབ་ཅིང་འཐིབས་ན་བཟང་། ། འདི་ཉིན་བྱ་ཡི་དུས་ཚོད་ལ། ། རླུང་ལྡང་སྤྲིན་དཀར་ལུག་གི་དབྱིབས། ། བྱུང་ན་རང་མདངས་ཤར་བ་ཡིན། ། འབྲས་རྣམས་འཁྲུངས་སོ་མདངས་དཀར་པོ། ། འཁྲུག་ཅིང་མི་གསལ་གྱུར་ན་ཏིལ། ། འཁྲུངས་པར་བཤད་ལ་སད་འབབ་ན། ། ཕྱི་ལོའི་དབོ་ཟླར་མི་ནད་མང་། ། ཤར་རླུང་འབྲུ་རྣམས་མི་སྨིན་དཀོན། ། ནུབ་རླུང་མི་དང་ལོ་ཏོག་རྒྱས། ། ནུབ་བྱང་རླུང་བྱུང་འབྲུ་འཕྲོག་འགྱུར། ། ཤར་ལྷོར་རླུང་བྱུང་རླུང་དྲག་གཡོ། ། མགོ་ཟླར་རྒྱུན་པར་གནམ་འཐིབས་འགྱུར། ། བྱང་ནས་རླུང་བྱུང་གྲང་ལྷགས་ཆེ། ཚེས་གཅིག་ལྷོ་རླུང་བྱུང་ན་ངན། ། ནུབ་རླུང་བྱས་ན་ས་ལས་བཟང་། ། 36.དགུན་གྱི་དབུགས་ཐོབ་བརྟག་པ་ནི། སོ་དྲུག་དགུན་དབུགས་ཐོབ་པའི་རྩིས། ། འདི་ཉིན་མེ་ཁམས་དང་འཕྲད་ཅིང་། ཁ་ཆར་མེད་ན་ལོ་འདིར་དྲོ། ། ཕྱི་ལོར་ཐན་པ་དག་ཀྱང་འབྱུང་། ། ཤིང་ཁམས་སམ་ནི་ཆུ་ཁམས་འཕྲད། ། ཕྱི་ལོར་དཔྱིད་དུས་ཆར་པ་མང་། ། ཤིང་ཏོག་སྡོང་པོར་མེ་ཏོག་ཤར། ། དེ་ཡི་རྗེས་ལོར་ཐན་པ་དང་། ། ཤར་རླུང་དག་ཀྱང་འབྱུང་བར་བཤད། ། ལྷོ་རླུང་བྱུང་ན་ཕྱི་མའི་ལོར། ། ཟླ་བ་ལྔ་པར་མི་ནད་འབྱུང་། ། ནུབ་རླུང་ངན་ཅིང་བྱང་རླུང་བྱུང་། ། དུད་འགྲོ་འཁྱག་འཆི་ཁ་བ་ཆེ། ། ནུབ་བྱང་སྤྲིན་དཀར་རྟའམ་འབྲུག ། དབྱིབས་ཅན་བྱུང་ན་ཏིལ་རྣམས་སྨིན། ། རྟ་འབྲུག་ལྟ་བུའི་སྤྲིན་མེད་ན། ། ཕྱི་ལོའི་ཟླ་བ་བཞི་པ་ལ། ། གྲང་ལྷག་ཆེ་ཞིང་མི་ནད་འབྱུང་། ། དགུན་དུས་འབྲུག་གྲགས་དེ་ཡང་ངན། ། 37.དགུན་ཉི་བྱང་བགྲོད་བརྟག་པ་ནི། སོ་བདུན་དགུན་ཉི་བྱང་བགྲོད་རྩིས། ། འདི་ཉིན་ཆུ་ཕོ་དང་འཕྲད་ན། ། ས་ལ་བར་སྟོང་ཐན་པ་འབྱུང་། ། དེ་ཡི་ཕྱི་ཉིན་ཆུ་ཁམས་དང་། ། འཕྲད་ན་ཐན་པ་ཆུང་བ་ཡིན། ། ཉི་མ་གསུམ་པར་ཆུ་ཁམས་དང་། ། འཕྲད་ན་ཐན་པ་ཆེ་བ་ཡིན། ། བཞི་པར་ཆུ་ཁམས་ཁྲེས་རིགས་སྨིན། ། ལྔ་པར་ཆུ་ཁམས་ཆུ་ཀླུང་ཆུང་། ། དྲུག་པར་ཆུ་ཁམས་ཆུ་རྣམས་ཆེ། ། བདུན་པར་ཆུ་ཁམས་ཆུ་བོ་ལུད། ། བརྒྱད་པར་ཆུ་ཁམས་རྒྱ་མཚོ་ལུད། ། དགུ་པར་ཆུ་ཁམས་ཚ་བ་ཆེ། ། ཉི་མ་བཅུ་དང་བཅུ་གཅིག་དང་། ། བཅུ་གཉིས་རྣམས་ལ་ཆུ་ཁམས་ཡོད། ཁྲེས་རིགས་ལྔ་པོ་སྨིན་མི་སྲིད། ། གལ་ཏེ་དགུན་ཉི་ལྡོག་པའི་ཉིན། ། རླུང་དང་གྲང་ལྷག་ཆེ་བ་ན། ། ཕྱི་ལོར་འབྲུ་བཅུད་ཤིན་ཏུ་བཟང་། ། ཤར་རླུང་བྱུང་ན་མི་ནད་དང་། ། བ་གླང་མང་པོ་འཆི་བར་འགྱུར། ། ལྷོ་རླུང་འབྲུ་དཀོན་བྱང་རླུང་ལ། ལོ་ཏོག་སྨིན་ཅིང་ནུབ་རླུང་བྱུང་། ། ལོ་ཏོག་རབ་སྨིན་མི་རྣམས་བདེ། ། བྱུང་ན་སྤྲིན་པ་སྔོན་པོ་ཡོད། ། ཕྱི་ལོར་འབྲུ་ལེགས་སྤྲིན་མེད་ངན། ། སྤྲིན་དམར་བྱུང་ན་ཐན་པའི་རྟགས། ། སྤྲིན་ནག་ཡོད་ན་ཆར་ཆུ་ཆེ། ། སྤྲིན་དཀར་ལ་ནི་མི་ནད་འབྱུང་། ། སྤྲིན་སེར་ཨར་པོ་བྱེད་པ་བཟང་། ། 38.མིག་འགུལ་བ་བརྟག་པ་ནི། སོ་བརྒྱད་མིག་གཉིས་འགུལ་བའི་རྩིས། ། བྱི་དུས་གཡོན་འགུལ་མི་ཆེན་འཕྲད། ། གཡས་པ་འགུལ་ན་བཟང་བཏུང་རྙེད། ། གླང་དུས་གཡོན་པ་མྱ་ངན་འོང་། ། གཡས་པས་གཞན་གྱིས་རང་ལ་སེམས། ། སྟག་དུས་གཡོན་པར་ཐག་རིང་གི། ། མགྲོན་པོ་འོང་ལ་གཡས་བཀྲ་ཤིས། ། ཡོས་དུས་གཡོན་པ་ཡ་རབས་ཀྱི། ། མགྲོན་པོ་འོང་ཞིང་གཡས་པ་འབྲིང་། ། འབྲུག་དུས་གཡོན་པར་རིང་མགྲོན་འོང་། ། གཡས་པ་རྐྱེན་ངན་འཚེ་བའི་ངོ་། ། སྦྲུལ་དུས་གཡོན་པ་བཟའ་བཏུང་ཐོབ། ། གཡས་པ་འགུལ་ན་བཀྲ་མི་ཤིས། ། རྟ་དུས་གཡོན་པར་ཟས་ཆང་དང་། ། འཕྲད་ཅིང་གཡས་པར་འཚེ་བ་འབྱུང་། ། ལུག་དུས་གཡོན་པར་བཀྲ་ཤིས་ཤིང་། ། གཡས་པར་དགའ་བ་ཆུང་ངུར་འོང་། ། སྤྲེལ་དུས་གཡོན་པར་ནོར་རྫས་ཐོབ། ། གཡས་པས་བུད་མེད་རང་ལ་སེམས། ། བྱ་དུས་གཡོན་པར་མགྲོན་པོ་འོང་། ། གཡས་པ་ལ་ཡང་ཉེ་དུ་འོང་། ། ཁྱི་དུས་གཡོན་པར་མགྲོན་པོ་སླེབས། ། གཡས་པར་མི་མང་འདུ་ཚོགས་འོང་། ། ཕོག་དུས་གཡོན་པར་མགྲོན་བཟང་འོང་། ། གཡས་པར་དཔོན་པོའི་དོན་ཞིག་འོང་། ། (ཆད་ལས་འོང་སྣང་།) 39.རྣ་བ་ངུ་བ་བརྟག་པ་ནི། སོ་དགུ་རྣ་བ་ངུ་བའི་རྩིས། ། བྱི་དུས་རྣ་བ་གཡོན་པ་ངུ་། ། བུད་མེད་ཀྱི་ནི་རང་ལ་སེམས། ། གཡས་པ་ངུ་ན་སྟོར་བརླག་འོང་། ། གླང་དུས་གཡོན་པར་ཁ་མཆུའི་ངོ་། ། གཡས་པ་ལ་ཡང་རྩོད་པའི་ངོ་། ། སྟག་དུས་གཡོན་པར་བོར་སྟོར་ངོ་། ། གཡས་པར་དུ་ན་བྲེལ་བ་འོང་། ། ཡོས་དུས་གཡོན་པར་སེམས་སྡུག་འོང་། ། གཡས་པ་ལ་ནི་མགྲོན་པོ་སླེབས། ། འབྲུག་དུས་གཡོན་པར་ཐག་རིང་དུ། ། འགྲོ་དགོས་གཡས་པར་མགྲོན་པོ་འོང་། ། སྦྲུལ་དུས་གཡོན་ངན་གཡས་པ་དགེ། ། རྟ་དུས་གཡོན་པར་རིང་མགྲོན་འོང་།(ཐག་རིང་སྐད་ཐོས་མཆན)། གཡས་པ་ལ་ནི་གཉེན་བཤེས་འོང་། ། ལུག་དུས་གཡོན་པར་བཟའ་བཏུང་དང་། ། གཡས་པར་ཐག་རིང་མི་གཅིག་འོང་། ། སྤྲེལ་དུས་གཡོན་པར་འགྲོ་དགོས་འོང་། ། གཡས་པ་ལ་ནི་དགའ་བ་ཐོབ། ། བྱ་དུས་གཡོན་པར་སྟོར་བརླག་འོང་། ། གཡས་པ་ལ་ནི་དགེ་བར་བཤད། ཁྱི་དུས་གཡོན་པར་ཤ་ཆང་འོང་། ། གཡས་པ་ལ་ནི་མགྲོན་པོ་སླེབས། ། ཕག་དུས་གཡོན་པར་བཀྲ་ཤིས་འབྱུང་། ། གཡས་པ་ལ་ཡང་ཟས་ཆང་ཐོབ། ། 40.རྣ་བ་ཚ་བ་བརྟག་པ་ནི། བཞི་བཅུ་རྣ་བ་ཚ་བའི་རྩིས། ། བྱི་དུས་ཧྭ་ཤང་གྲོས་ཁ་བྱེད། ། གླང་དུས་བཀྲ་ཤིས་སྟག་ཟས་ཆང་། ། ཡོས་དུས་ཐག་རིང་མགྲོན་པོ་འཕྲད། ། འབྲུག་དུས་ནོར་རྙེད་སྦྲུལ་དུས་ལ། ། ནོར་སྟོར་བྱ་བའི་ལས་མི་འགྲུབ། ། རྟ་དུས་བཀྲ་ཤིས་ལུག་དུས་སུ། ། མགྲོན་པོ་འོང་ནས་ཞུ་བ་བྱེད། ། སྤེལ་དུས་དགའ་སྟོན་འཚོགས་པའི་ངོ་། ། བྱ་དུས་གཉེན་བྱེད་ཀྱི་དུས་འཐབ། ། ཕག་དུས་ལ་ནི་གཏུག་བཤེར་ངོ་། ། 41.གདོང་པ་ཚ་བ་བརྟག་པ་ནི། ཞེ་གཅིག་གདོང་ལ་ཚ་དྲོད་སྐྱེ། ། བྱི་དུས་བཀྲ་ཤིས་ནོར་ཡང་རྙེད། ། གླང་དུས་མྱ་ངན་སྟག་གི་དུས། ། ཐག་རིང་མགྲོན་འཕྲད་ཡོས་དུས་ལ། ། ཕྱི་ཡི་མི་འོང་ཟས་ཆང་ངོ་། ། འབྲུག་དུས་ཐག་རིང་མགྲོན་དང་ཐུག ། སྦྲུལ་དུས་གལ་ཆེའི་མི་དང་འཕྲད། ། རྟ་དུས་ཉེ་དུ་དང་མཉམ་དུ། ། འདུ་བའི་ངོ་ཡིན་ལུག་གི་དུས། ། གཏུག་བཤེར་སྤྲེལ་དུས་མི་བཟང་འཕྲད། ། བྱ་དུས་མི་བཟང་ཚུར་འཕྲད་འོང་། ། ཁྱི་དུས་ཟས་ཆང་སྐྱེལ་མཁན་འོང་། ། ཕག་དུས་གཏུག་བཤེར་མི་བདེ་འབྱུང་། ། 42.ཤ་འཕྲིག་པ་བརྟག་པ་ནི། ཞེ་གཉིས་ལུས་ཀྱི་ཤ་འཕྲིག་བརྟག ། བྱི་དུས་མཐོན་པོའི་མི་འོང་བཟང་། ། གླང་དུས་རང་ལུས་བདེ་བ་འོང་། ། སྟག་དུས་འཚེ་བ་མི་མངོན་ཏེ། ། སླར་བཟང་ཡོས་དུས་ནོར་རྫས་ཐོབ། ། འབྲུག་དུས་ནད་ངོ་སྦྲུལ་རོགས་འཕྲད། ། རྟ་དུས་སེམས་ལས་ཐེ་ཚོམ་འབྱུང་། ། ལུག་དུས་ནོར་རྙེད་བཀྲ་ཤིས་ངོ་། ། སྤྲེལ་དུས་གྱོད་ངོ་འཛེམས་ན་བཟང་། ། བྱ་དུས་ནོར་སྟོར་འཚེ་བའི་ངོ་། ། ཁྱི་དུས་ཐག་རིང་མགྲོན་འོང་བཟང་། ། ཕག་དུས་བྱ་བ་བཀྲ་ཤིས་དགེ། ། 43.གློ་བུར་སེམས་འཁྲུགས་པའི་བརྟག་པ་ནི། ཞེ་གསུམ་གློ་བུར་སེམས་འཕར་བརྟག ། བྱི་དུས་བུད་མེད་ཀྱིས་དྲན་ལེགས། ། གླང་དུས་བཀྲ་ཤིས་སྟག་དུས་ལ། ། མགྲོན་པོ་འོང་ནས་བཟའ་བཏུང་བྱེད། ། ཡོས་དུས་མགྲོན་འོང་བཟའ་བཏུང་ངོ་། ། འབྲུག་དུས་དོན་གྲུབ་མཐུན་པ་འབྱུང་། ། སྦྲུལ་དུས་བུད་མེད་རང་ལ་སེམས། ། རྟ་དུས་ཟས་ཆང་ལུག་དུས་ཀྱང་། ། བུད་མེད་ཀྱིས་དྲན་སྦྲེལ་དུས་ཤིས། ། བྱ་དུས་གཞན་ནས་འཕྲིན་སྙན་སྐྱེལ། ། ཁྱི་དུས་མི་ཆེན་མྱུར་སླེབས་བཟང་། ། ཕག་དུས་རྨི་ལམ་ངན་པའི་ངོ་། ། 44.སྦྲིད་པའི་བརྟག་པ་ནི། ཞེ་བཞི་སྦྲིད་པ་བརྟག་པའི་རྩིས། ། བྱི་དུས་དགའ་སྟོན་བྱེད་པའི་ངོ་། ། གླང་དུས་མགྲོན་པོས་ཞུ་བ་བྱེད། ། སྟག་དུས་བུད་མེད་ཟས་ཆང་འཕྲད། ། ཡོས་དུས་ནོར་རྫས་དོན་རྣམས་ལེགས། ། འབྲུག་དུས་ཟས་ཆང་མང་པོ་འབྱུང་། ། སྦྲུལ་དུས་མི་བཟང་ནོར་སློང་འོང་། ། རྟ་དུས་མགྲོན་པོའི་བཟའ་བཏུང་བྱེད། ། ལུག་དུས་ཟས་ཆང་འཕྲད་ཅིང་དགེ། ། སྤྲེལ་དུས་རྨི་ལམ་ཟས་བཅས་ངན། ། བྱ་དུས་བུད་མེད་གཏམ་འདྲིར་འོང་། ཁྱི་དུས་བུད་མེད་དང་འཕྲད་བཟང་། ། ཕག་དུས་འཇིགས་ཀྱང་ཕྱི་ནས་བཟང་། ། 45.གོས་བཀལ་ཟགས་པའི་བརྟག་པ་ནི། ཞེ་ལྔ་གོས་བཀལ་ཟགས་པའི་རྩིས། ། བྱི་བའི་དུས་ལ་སྐྱེས་པའི་གོས། ། གདང་ལས་ལྷུང་ན་ཟས་ཆང་ངོ་། ། བུད་མེད་ལ་ནི་གཉེན་བྱེད་ངོ་། ། གླང་དུས་ཐེ་ཚོམ་ནོར་སྟོར་འོང་། ། སྟག་དུས་མྱ་ངན་འབྱུང་ན་ཡང་། ། སྐྱོན་མེད་ཙམ་དང་ཡོས་དུས་ལ། ། ཟླ་གྲོགས་འཚོགས་ནས་དགའ་སྟོན་བྱེད། ། འབྲུག་དུས་ནོར་སྟོར་མྱ་ངན་ནད། ། སྦྲུལ་དུས་བུད་མེད་གཞན་ལ་སེམས། ། རྟ་དུས་ནོར་རྙེད་རིང་མགྲོན་འོང་། ། ལུག་དུས་ཁྲུག་ངོ་ཆེ་ཡང་དྲག ། སྤྲེལ་དུས་གློ་བུར་ནོར་རྙེད་བཟང་། ། བྱ་དུས་མགྲོན་འོང་ནོར་འཆོར་ངན། ། ཁྱི་དུས་གྱོད་ངོ་ནོར་ཡང་རྙེད། ། ཕག་དུས་དཔོན་དང་མཇལ་ཏེ་བཟང་། ། 46.ཐབ་ཀྱི་ཟངས་སྐད་བརྟག་པ་ནི། ཞེ་དྲུག་ཐབ་ཀྱི་ཟངས་སྐད་བརྟག ། བྱི་དུས་རྟ་ནོར་བདེ་ཞིང་བཟང་། ། གླང་དུས་ཕྱུག་པོར་འགྱུར་ཏེ་བཟང་། ། སྟག་ཡོས་གཉིས་ལ་ཁྱིམ་དུ་ངན། ། འབྲུག་དུས་ལོ་ཏོག་སྨིན་ཅིང་ཕན། ། སྦྲུལ་དུས་ནོར་དང་བཀྲ་ཤིས་འབྱུང་། ། རྟ་དུས་རྒྱལ་ཁྲིམས་ལ་ཐུག་པའི། ། བྱ་བ་ཚར་བས་དེ་ཡང་བཟང་། ། ལུག་གི་དུས་ལ་འཚེ་བའི་ངོ་། ། སྦྲེལ་དུས་ཐག་རིང་མགྲོན་འོང་བཟང་། ། བྱ་དུས་ཐག་རིང་སོང་བ་སླེབས། ། ཁྱི་དུས་ཟས་དང་གོས་ཀྱི་ངོ་། ། ཕག་དུས་གཞུང་གི་དོན་ལ་བཟང་། ། 47.ཐབ་ཀྱི་མེ་ལྕེ་བརྟག་པ་ནི། ཞེ་བདུན་ཐབ་ཀྱི་མེ་ལྕེའི་བརྟག ། བྱི་གླང་དུས་སུ་མེ་ལྕེ་མཆེད། ། བུད་མེད་སྐྱེས་པ་གཞན་ལ་སེམས། ། སྟག་དུས་ནོར་རྫས་རྙེད་དེ་བཟང་། ། ཡོས་དུས་ནོར་ཐོབ་ལམ་དུ་རྒྱུག ། འབྲུག་དུས་མྱ་ངན་བུ་ཆུང་ངན། ། སྦྲུལ་དུས་ལས་བཟུང་བྲས་ཆང་འདུ། ། རྟ་དུས་རྩོད་དམ་མེ་ཡིས་འཇིག ། ལུག་དུས་ནོར་རྙེད་རྟག་པར་ཤིས། ། སྤྲེལ་དུས་ནོར་དང་དོན་རྣམས་འཁོར། ། བྱ་དུས་ན་ཚ་ཁྱི་དུས་སུ། ། མྱ་ངན་བྱུང་ཡང་སྐྱོན་མེད་དོ། ། ཕག་དུས་ན་ཞིང་སྐྱོན་མི་སྲིད། ། 48.སྐྱ་ཀའི་སྐད་བརྟག་པ་ནི། ཞེ་བརྒྱད་སྐྱ་ཀའི་སྐད་བརྟག་པ། ། བྱི་དུས་ཐག་རིང་མགྲོན་སླེབས་བཟང་། ། གླང་དུས་ལ་ཡང་ཤིན་ཏུ་དགེ། ། སྟག་དུས་གཏུག་བཤེར་ཡོས་དུས་ལ། ། ནོར་དང་ཟས་ཆང་རྙེད་དེ་བཟང་། ། འབྲུག་དུས་ཐག་རིང་མགྲོན་པོ་འཁོར། ། སྦྲུལ་དུས་བཀྲ་ཤིས་འབྱུང་བ་ཡིན། ། རྟ་དུས་ནད་འབྱུང་ལྷ་གསོལ་བྱོས། ། ལུག་དུས་ཕྱུགས་ལ་གཏོར་བརླག་འོང་། ། སྤྲེལ་དུས་བཟང་ཞིང་བྱ་དུས་ལ། ། བྱ་བ་མི་བདེ་བ་ཞིག་འབྱུང་། ། ཁྱི་དུས་ནོར་འདུ་དོན་རྣམས་འགྲུབ། ། ཕག་དུས་ལ་ནི་འཐབ་རྩོད་ངོ་། ། 49.ཁྱི་ངུ་བའི་བརྟག་པ་ནི། ཞེ་དགུ་ཁྱི་དུ་བརྟག་པའི་རྩིས། ། བྱི་དུས་བུད་མེད་འཐབ་རྩོད་བྱེད། ། གླང་དུས་སེམས་ལ་མྱ་ངན་སྐྱེ། ། སྟག་ཡོས་དུས་སུ་བདག་པོ་ལ། ། བལྟས་ནས་ངུ་ན་ནོར་རྙེད་བཟང་། ། འབྲུག་དུས་ནོར་ཐོབ་སྦྲུལ་དུས་ལ། ། གཉེན་གྱིས་གླེང་དང་འཕྲིན་གྱི་ངོ་། ། རྟ་དུས་སྟོན་མོ་ལུག་དུས་ལ། ། བུད་མེད་ཁྱོ་གཞན་དག་ལ་སེམས། ། ནོར་སྟོར་འབྱུང་ཞིང་སྤྲེལ་དུས་སུ། ཁྱིམ་གྱི་བུ་ཆུང་དག་ལ་ངན། ། བྱ་དུས་ཟས་གོས་གོ་ས་འཕར། ཁྱི་ཕག་དུས་སུ་ཁ་མཆུའི་ངོ་། ། གཞན་ཡང་ཁྱི་རྣམས་རྟེན་འབྲེལ་གྱི། ། མ་རིག་ཉི་མར་རིང་མགྲོན་འོང་། ། འདུ་བྱེད་རྒྱལ་པོའི་བྱ་བ་འབྱུང་། ། རྣམ་ཤེས་ཟས་རྙེད་རྐུན་པོའང་འོང་། ། མིང་གཟུགས་ངོ་ཤེས་མི་གཅིག་འཆི། ། སྐྱེ་མཆེད་འཐབ་རྩོད་ཅ་ཅོ་འབྱུང་། ། རེག་པ་ཤེས་རབ་ཚོར་བ་འཁྲུགས། ། སྲེད་ལེན་རྩོད་ཅིང་སྲིད་པ་ལ། ། འགོ་བའི་ལྷ་ཁྲོས་སྐྱེ་བར་དགེ། ། རྒ་ཤི་དག་ལ་བྱ་བ་ལྡང་། ། 50.སྤྱི་བོ་ཀན་ཟ་བརྟག་པ་ནི། ལྔ་བཅུ་སྤྱི་བོར་རྐན་ཟ་བ། ། མ་རིག་པ་ཡི་ཉི་མ་ལ། ། སྤྱི་བོ་རྐན་ཟ་འཐབ་མོ་འབྱུང་། ། འདུ་བྱེད་ནོར་རྙེད་རྣམ་ཤེས་ལ། འཇིགས་སྐྲག་དངངས་སྐྱེད་མིང་གཟུགས་ལེགས། ། སྐྱེ་མཆེད་དྲུག་ལ་བྱ་བ་ལྡང་། ། རེག་པས་ཕ་མར་སྐྲག་པ་འབྱུང་། ། ཚོར་བས་གཞན་སོང་མྱུར་དུ་བཟློག ། སྲེད་པས་འཇིགས་འབྱུང་ལེན་པ་ལ། ། མགྲོན་འོང་སྲིད་པར་བདེ་ལེགས་བྱེད། ། སྐྱེ་བས་དངངས་སྐྲག་རྒ་ཤི་ལ། ། རྒན་རབས་སྤྱོད་ཚུལ་སེམས་པར་འགྱུར། ། ཞེས་སོ། །

Tibetan Source 《བོད་ཀྱི་རྩིས་རིག་ཆེན་མོ་》དེབ་གཉིས་པ་ཤ་388.1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number