11358

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan འདུ་བྱེད་ཀྱི་ཕུང་པོ་དྲུག་ཅུ་རེ་ལྔ།
Tibetan Alternate
Tibetan Definition 1.སེམས་ལས་བྱུང་བའི་འདུ་བྱེད་ཀྱི་ཕུང་པོ་ལྔ་བཅུ་ང་གཅིག་ལ་ཡང་།

(1)ཀུན་ཏུ་འགྲོ་བ་ལྔ་ནི། [1]རེག་པ། [2]ཡིད་ལ་བྱེད་པ། [3]ཚོར་བ། [4]འདུ་ཤེས་། [5]སེམས་པའོ། ། (2)ཡུལ་སོ་སོར་ངེས་པ་ལྔ་ནི། [1]འདུན་པ། [2]མོས་པ། [3]དྲན་པ། [4]ཏིང་ངེ་འཛིན། [5]ཤེས་རབ་བོ། ། (3)དགེ་བ་བཅུ་གཅིག་ནི། [1]དད་པ། [2]ངོ་ཚ་ཤེས་པ། [3]ཁྲེལ་ཡོད་པ། [4]མ་ཆགས་པའི་དགེ་བའི་རྩ་བ། [5]ཞེ་སྡང་མེད་པའི་དགེ་བའི་རྩ་བ། [6]གཏི་མུག་མེད་པའི་དགེ་བའི་རྩ་བ། [7]བརྩོན་འགྲུས། [8]ཤིན་ཏུ་སྦྱངས་པ། [9]བག་ཡོད་པ། [10]བཏང་སྙོམས། [11]རྣམ་པར་མི་འཚེ་བའོ། (4)ཉོན་མོངས་པ་དྲུག་ནི། [1]འདོད་ཆགས། [2]ཁོང་ཁྲོ་བ། [3]ང་རྒྱལ། [4]མ་རིག་པ། [5]ལྟ་བ། [6]ཐེ་ཚོམ་མོ། (5)ཉེ་བའི་ཉོན་མོངས་པ་ཉི་ཤུ་ནི། [1]ཁྲོ་བ། [2]འཁོན་དུ་འཛིན་པ། [3]འཆབ་པ། [4]འཚིག་པ། [5]ཕྲག་དོག [6]སེར་སྣ། [7]གཡོ། [8]སྒྱུ། [9]རྒྱགས་པ། [10]རྣམ་པར་འཚེ་བ། [11]ངོ་ཚ་མེད་པ། [12]ཁྲེལ་མེད་པ། [13]རྨུགས་པ། [14]རྒོད་པ། [15]མ་དད་པ། [16]ལེ་ལོ། [17]བག་མེད་པ། [18]བརྗེད་ངས་པ། [19]རྣམ་པར་གཡེང་བ། [20]ཤེས་བཞིན་མ་ཡིན་པའོ། ། (6)གཞན་དུ་འགྱུར་བ་བཞི་ནི། [1]འགྱོད་པ། [2]གཉིད། [3]རྟོག་པ། [4]དཔྱོད་པའོ། ། 2.སེམས་དང་མི་ལྡན་པ་བཅུ་བཞི་ནི། [1]ཐོབ་པ། [2]འདུ་ཤེས་མེད་པའི་སྙོམས་པར་འཇུག་པ། [3]འགོག་པའི་སྙོམས་པར་འཇུག་པ། [4]འདུ་ཤེས་མེད་པ། [5]སྲོག་གི་དབང་པོ། [6]རིས་མཐུན་པ་དང་སྐྱེ་བ། [7]རྒ་བ། [8]གནས་པ། [9]མི་རྟག་པ་ཉིད། [10]མིང་གི་ཚོགས། [11]ཚིག་གི་ཚོགས། [12]ཡི་གེའི་ཚོགས། [13]སོ་སོའི་སྐྱེ་བོ་ཉིད། [14]དེ་ལྟ་བུའི་ཆ་དང་མཐུན་པའོ། ། དེ་ཡང་འདུ་བྱེད་ཀྱི་ཕུང་པོ་ནི། ཚོར་བ་དང་། འདུ་ཤེས་ལས་གཞན་པ་སེམས་ལས་བྱུང་བའི་ཆོས་རྣམས་ཏེ། རྒྱུ་དང་། རྐྱེན་མང་པོ་ཚོགས་པ་ལས་བྱུང་བའི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོར་བསྡུས་པ་ཀུན་ལ་ཡང་འདུ་བྱེད་བྱ་མོད་ཀྱི། འདི་ནི་སེམས་ལས་བྱུང་བའི་འདུ་བྱེད་རྣམས་ལ་བྱ་སྟེ། ཚོར་བ་དང་། འདུ་ཤེས་གཉིས་གོང་དུ་ཕུང་པོའི་ནང་དུ་བསྟན་པས་དེ་བཀོལ་བའི་ཕྱིར་ཕྱི་མ་རེག་པ་ནས་དཔྱོད་པ་ལ་ཐུག་པའི་བར་དེ་དག་ལ་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱའོ། ། ཀུན་ཏུ་འགྲོ་བ་ཞེས་བྱ་བ་ནི། དགེ་བ་དང་། མི་དགེ་བ། ལུང་དུ་མ་བསྟན་པ་ཀུན་གྱི་ནང་དུ་སྣང་ཞིང་འཇུག་ཅེས་བྱ་བའི་དོན་ཡིན་པ་དེ་ལ་ནང་གསེས་དབྱེ་བ་ལྔ་ཡོད་པ་གང་ཞེ་ན། རེག་པ་ནི། ཡུལ་དང་། དབང་པོ། རྣམ་པར་ཤེས་པ་གསུམ་འདུས་པ་ལས། ཡུལ་བདེ་བ་ལ་སོགས་པ་ཇི་ལྟ་བ་དེ་ལྟར་དབང་པོ་ཡང་འགྱུར་བ་དེ་རྣམ་པར་ཤེས་པས་གཅོད་ཅིང་ཚོར་བ་སྐྱེད་པར་བྱེད་པས་ན་རེག་པ་ཞེས་བྱ་བའོ། ། ཡིད་ལ་བྱེད་པ་ནི། སེམས་ཀྱི་འཇུག་པའོ་ཞེས་བྱ་བ་ནི། དམིགས་པར་བྱ་བའི་ཡུལ་ལ་སེམས་གཏོད་ཅིང་མངོན་དུ་ཕྱོགས་པར་བྱེད་པས་ན་སེམས་ཀྱི་འཇུག་པའམ་ཡིད་ལ་བྱེད་པ་ཞེས་བྱ་བའོ། ། ཚོར་བ་ནི། དགེ་བ་དང་། མི་དགེ་བ། ལུང་དུ་མ་བསྟན་པ་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མྱོང་བར་བྱེད་པ་སྟེ། ལས་དགེ་བ་དང་། མི་དགེ་བ། ལུང་དུ་མ་བསྟན་པའི་འབྲས་བུ་བདེ་བ་དང། སྡུག་བསྔལ། གཉི་ག་མ་ཡིན་པ་གསུམ་ཉམས་སུ་མྱོང་བར་བྱེད་པའོ། ། འདུ་ཤེས་ནི། རྣམ་པར་ཤེས་པའི་དོན་རྣམས་ལ་བྱེ་བྲག་འབྱེད་པ་ཞེས་བྱ་བ་ནི། སྒོ་ལྔའི་རྣམ་པར་ཤེས་པའི་དམིགས་པ་ཐ་དད་པའི་བྱེ་བྲག་སོ་སོར་འབྱེད་ཅིང་གསལ་བར་བྱེད་ཅིང་གཅོད་པའོ། ། སེམས་པ་ནི། ཡོན་ཏན་དང་། ཉེས་པ། གཉི་ག་མ་ཡིན་པ་ལ་སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་སོ་ཞེས་བྱ་བ་དེ་ཡང་ལས་དགེ་བ་ནི་ཡོན་ཏན་དང་། ལས་མི་དགེ་བ་ནི་ཉེས་པ། ལས་ལུང་དུ་མ་བསྟན་པ་ནི་གཉི་ག་མ་ཡིན་པ་ཞེས་བྱ་སྟེ། ལས་དེ་གསུམ་ལ་སེམས་པས་སེམས་སློང་ཞིང་གཏོད་པ། དཔེར་ན་རྡོ་ཁབ་ལེན་གྱིས་ཁབ་གཡོ་བར་བྱེད་པ་བཞིན་དམིགས་པའི་ཡུལ་ལ་འཇུག་པར་བྱེད་པའི་ཕྱིར་རོ། ། ཡུལ་སོ་སོར་ངེས་པ་ལྔ་སྟེ། འདུན་པ་ནི། བསམ་པའི་དངོས་པོ་ལ་འདོད་པའོ་ཞེས་བྱ་བ་དེ་ཡང་ཀུན་ཏུ་འགྲོ་བ་ལྟར་དགེ་མི་དགེ་ལུང་དུ་མ་བསྟན་པའི་གནས་ཀུན་ལ་མི་འཇུག་གི་རང་གི་ཡུལ་གང་ཡིན་པ་དེ་ཉི་ཚེ་ལ་འཇུག་པས་ན་ཡུལ་སོ་སོར་ངེས་པ་ཞེས་བྱ་སྟེ། དབང་པོ་དང་རྣམ་པར་ཤེས་པའི་ཡུལ་དུ་གྱུར་པ་གང་ཡང་རུང་བ་དེ་དག་ནི་བསམ་པའི་དངོས་པོ་ཞེས་བྱ་སྟེ། དེ་ལ་མངོན་སུམ་དུ་བྱ་བའི་ཕྱིར་དོན་དུ་གཉེར་ཞིང་བསྒྲུབ་པ་ནི་འདོད་པ་ཞེས་བྱ་བ་དེ་ལ་འདུན་པའི་ཕྱིར་འདུན་པ་ཞེས་བྱའོ། ། མོས་པ་ནི། ངེས་པའི་དངོས་པོ་དེ་བཞིན་དུ་ངེས་པར་འཛིན་པའོ་ཞེས་བྱ་བ་དེ་ཡང་ངེས་པ་ནི་མོས་པའི་ཡུལ་ཉི་ཚེ་ལ་བྱ་སྟེ། མ་མོས་པའི་ཡུལ་གཞན་ལ་མི་བྱའོ། ། དེ་ཡང་མངོན་སུམ་དང་། རྗེས་སུ་དཔག་པའི་སྒོ་ནས་དཔྱད་དེ། མདོ་སྡེ་དང་། བསྟན་བཅོས་ཀྱི་ལུང་ལ་ཡིད་ཆེས་ཤིང་ཐེ་ཚོམ་མེད་པ་ནི་ངེས་པ་ཞེས་བྱའོ། ། ཡང་ན་ཆོས་རྣམས་ཀྱི་རང་དང་། སྤྱིའི་མཚན་ཉིད་རྟག་པ་དང་། བདེ་བ་མ་ཡིན་གྱི། མི་རྟག་པ་ལ་སོགས་པར་འཛིན་པ་ལ་ངེས་པའམ་མོས་པ་ཞེས་བྱའོ། ། དྲན་པ་ནི། འདྲིས་པའི་དངོས་པོ་ཉིད་མ་བརྗེད་པ་སྟེ་སེམས་ཀྱིས་མངོན་པར་བརྗོད་པ་ཉིད་དོ་ཞེས་བྱ་བ་ལ་སྔོན་འཕྲད་ཅིང་ཉམས་སུ་མྱོང་སྟེ་འགྲོགས་འགྲོགས་པ་ན་འདྲིས་པ་ཞེས་བྱ་སྟེ། འདྲིས་པ་དེ་ལྟ་བུའི་དངོས་པོ་མ་བརྗེད་པ་སྟེ། དཔེར་ན་ཚིག་ཏུ་སྨྲ་བ་ནང་འདྲ་བར་གསལ་བར་དྲན་ པ་ནི་སེམས་ཀྱིས་མངོན་པར་བརྗོད་པ་ཞེས་བྱའོ། ། ཏིང་ངེ་འཛིན་ནི། བརྟག་པའི་དངོས་པོ་ལ་སེམས་རྩེ་གཅིག་པ་ཉིད་དོ་ཞེས་བྱ་བ་ལ། བརྟག་པའི་དངོས་པོ་ནི་མ་བྱུང་མ་སྐྱེས་པའི་དོན་ཉིད་དམ་བདེན་པ་བཞི་ལ་གཅིག་ཅིང་ཡང་བཞི་ལྟར་ཤེས་པར་བྱའོ། ། སེམས་རྩེ་གཅིག་པ་ནི། དཔེར་ན་སྐུད་པའི་སྣེ་བསྒྲིམས་ཏེ་ཁབ་ཀྱི་མིག་ཏུ་གཞུག་པ་དང་འདྲ་བར་བསྒོམ་པའི་ཡུལ་ལ་སེམས་གཞན་དུ་མི་གཡེང་བར་གཏོད་པ་ནི་ཏིང་ངེ་འཛིན་རྩེ་གཅིག་པ་ཞེས་བྱའོ། ། ཤེས་རབ་ནི། དེ་དག་ཉིད་ལ་རབ་ཏུ་རྣམ་པར་འབྱེད་པ་སྟེ། རིགས་པ་དང་། རིགས་པ་མ་ཡིན་པས་བསྐྱེད་པ་དང་གཞན་པའོ་ཞེས་བྱ་བ་ལ། ཤེས་རབ་ནི་རྣམ་པ་གསུམ་སྟེ། མཉམ་པ་དང་། བསམས་པ། བསྒོམས་པའི་ཤེས་རབ་སྟེ། དེ་ཡང་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ནི་རིགས་པས་བསྐྱེད་པའོ། ། མུ་སྟེགས་ཀྱི་བསྟན་པ་ལ་ཞུགས་པ་ནི་རིགས་པ་མ་ཡིན་པས་བསྐྱེད་པ་ཞེས་བྱའོ། ། དེ་གཉིས་ཀས་མ་བསྟན་ཀྱང་རང་བཞིན་གྱིས་ཤེས་ཉེན་ཆེ་བ་ནི་གཞན་པ་ཞེས་བྱའོ། ། དེ་དག་ཉིད་ལ་རབ་ཏུ་རྣམ་པར་འབྱེད་ཅེས་བྱ་བ་ནི། གོང་དུ་སྨོས་པའི་ཏིང་ངེ་འཛིན་གྱི་ཡུལ་ཉིད་ལ་སྟེ། རིགས་པའི་ཤེས་པས་ནི། ཆོས་རྣམས་ཀྱི་རང་དང་། སྤྱིའི་མཚན་ཉིད་ཅེས་དོན་དམ་པར་སྐྱེ་འགག་མེད་པ་དང་། ཀུན་རྫོབ་ཏུ་ས་སྲ་བ་དང་། ཆུ་གཤེར་བ་ལ་སོགས་པའི་མཚན་ཉིད་མ་ནོར་བར་གཏན་ལ་འབེབས་པའོ། ། རིགས་པ་མ་ཡིན་པའི་ཤེས་པས་ནི། བདག་མེད་པ་ལ་བདག་ཡོད་པར་བརྟགས་ཤིང་བསྒོམས་སྟེ་རྭ་སྐྱེས་པར་མཐོང་བ་ལ་སོགས་པ་ལྟ་བུའོ། ། གཞན་པའི་ཤེས་རབ་ནི། སུས་ཀྱང་མ་བསླབས་པར་རང་བཞིན་གྱིས་བློ་རྣོ་ཞིང་ལས་སུ་བྱ་བ་དང་། ཚིག་ཏུ་སྨྲ་བ་ལ་སོགས་པ་བྱ་བ་ཐམས་ཅད་ལ་མཁས་པའི་ཕྱིར་རོ། ། དགེ་བ་བཅུ་གཅིག་གང་ཞེ་ན། དད་པ་ནི། ལས་དང་། འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་ལ་མངོན་པར་ཡིད་ཆེས་པ་དང་། སེམས་དང་བ་ཞེས་སྨོས་པ་དེ་ཡང་། ལས་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་གསུམ་མོ། ། འབྲས་བུ་ནི། ལས་དེ་དག་གིས་བསྐྱེད་པ་སྟེ། བདེ་བ་དང་། སྡུག་བསྔལ་དང་། གཉི་ག་མ་ཡིན་པ་གསུམ་མོ། ། བདེན་པ་ནི་བཞི་སྟེ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་གྱི་བདེན་པ་སྟེ། དེ་དག་ཡོད་པར་ཡིད་ཆེས་པའོ། ། དཀོན་མཆོག་ནི་གསུམ་སྟེ། སངས་རྒྱས་ནི་མཁྱེན་པ་སྤངས་པ་ཕུན་སུམ་ཚོགས་པ་ཡིན་ནོ། ། ཆོས་ནི་སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱེད་པའི་ལམ་ཡིན་ནོ། ། དགེ་འདུན་ནི་ཉོན་མོངས་པ་སྤོང་བ་ལ་ཞུགས་པ་བསོད་ནམས་ཀྱི་ཞིང་ཡིན་ནོ་ཞེས་དེ་དག་གི་ཡོན་ཏན་རིག་ནས་སེམས་དང་བ་ནི་དད་པ་ཞེས་བྱའོ། ། ངོ་ཚ་ཤེས་པ་ནི། བདག་གམ་ཆོས་ཀྱི་དབང་དུ་བྱས་ཏེ་ཁ་ན་མ་ཐོ་བས་འཛེམ་པ་ཞེས་སྨྱོས་ཏེ། བདག་ནི་དགེ་སྦྱོང་ངམ་བྲམ་ཟེ་ལྟ་བུ་རིགས་བཙུན་པའི་ཚུལ་འཛིན་པ་ཡིན་གྱི་ལས་ངན་པ་བྱ་བར་མི་འོས་པ་འདི་དག་ནི་བདག་གིས་བྱ་བའི་ཆ་མ་ཡིན་ནོ་སྙམ་ནས་མི་བྱེད་པ་ནི་བདག་གི་དབང་དུ་བྱས་པའོ། ། ཆོས་ཀྱི་དབང་དུ་བྱས་པ་ནི་ལས་ངན་པ་སྡིག་པ་མི་དགེ་བའི་ལས་བྱས་ན་དེའི་འབྲས་བུ་ངན་སོང་གསུམ་དུ་ལྟུང་ཞིང་སྡུག་བསྔལ་སྣ་ཚོགས་སུ་གྱུར་ན་མི་རུང་ངོ་སྙམ་ནས་མི་བྱེད་པའོ། ། ཁ་ན་མ་ཐོ་བ་ནི་ཚིག་ཏུ་གླེང་ཞིང་བརྗོད་དུ་མི་བཟོད་དེ་སྨྲ་བར་ཡང་མི་འོས་ཤིང་སྨད་པའི་གནས་ཏེ། དེ་ལྟ་བུས་འཇིགས་པ་ནི་འཛེམ་པ་ཞེས་བྱའོ། ། ཁྲེལ་ཡོད་པ་ནི། འཇིག་རྟེན་གྱི་དབང་དུ་བྱས་ཏེ་ཁ་ན་མ་ཐོ་བས་འཛེམ་པའོ་ཞེས་བྱ་བ་ནི། བདག་གིས་སྲོག་གཅོད་པ་ལ་སོགས་པའི་ལས་བྱ་བའི་ཆ་མ་ཡིན་པ་འདི་དག་བྱས་ན་གཞན་གྱིས་སྨད་ཅིང་དཔྱས་ཏེ་སྐྱོན་དུ་གྲགས་ན་མ་ལེགས་སོ་སྙམ་སྟེ་དེ་དག་ལ་འཇིགས་ཤིང་མི་བྱེད་པ་ནི་འཛེམ་པ་ཞེས་བྱའོ། ། མ་ཆགས་པ་ནི། ཆགས་པའི་གཉེན་པོ་སྟེ་ཡིད་འབྱུང་ཞིང་མི་ལེན་པའོ་ཞེས་བྱ་བ་ལ་ཆགས་པར་བྱ་བའི་ཡུལ་ནི་ལུས་དང་། ལོངས་སྤྱོད་དོ། ། དེ་དག་གི་གཉེན་པོ་ཡང་འདོད་ཆགས་ཀྱི་གཉེན་པོ་མི་གཙང་བ་དང་། ཞེ་སྡང་གི་གཉེན་པོ་བྱམས་པ་དང་། གཏི་མུག་གི་གཉེན་པོ་རྟེན་ཅིང་འབྲེལ་པར་འབྱུང་བའོ། ། ཡིད་འབྱུང་མི་ལེན་པ་ནི་ལུས་དང་ལོངས་སྤྱོད་དེ་དག་ལ་སྤྱོད་ཅིང་གནས་པའི་མཐའ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་འབྱུང་ཞིང་འཕེལ་བར་རིག་ནས་སྤོང་ཞིང་དེ་ལ་མི་འཇུག་པའོ། ། ཞེ་སྡང་མེད་པ་ནི། ཞེ་སྡང་གི་གཉེན་པོ་སྟེ། བྱམས་པའོ་ཞེས་སྨྲོས་ཏེ། ཞེ་སྡང་གི་ཡུལ་ནི་དགྲ་དང་། དུག་དང་། མཚོན་ཆ་དག་སྟེ། དེ་དག་གཞིག་པ་དང་། ཕུང་བ་དང་། བརླག་པར་བྱའོ་སྙམ་པ་ནི་ཞེ་སྡང་ཞེས་བྱ་སྟེ། དེ་ལྟ་བུའི་བསམ་པ་དང་། སྦྱོར་བ་མི་བྱེད་པ་ཉིད་ལ་ཡང་གཉེན་པོ་ཞེས་བྱའོ། ། འདིར་ནི་སེམས་ཅན་ཐམས་ཅད་ལ་བུ་གཅེས་པ་དང་འདྲ་བར་བྱམས་པའི་སེམས་ཡོད་པ་དེ་ལ་ཞེ་སྡང་མི་འབྱུང་བས་ན་གཉེན་པོ་སྟེ་བྱམས་པ་ལ་ཞེ་སྡང་མེད་པ་ཞེས་བྱའོ། ། གཏི་མུག་མེད་པ་ནི། གཏི་མུག་གི་གཉེན་པོ་སྟེ། ཡང་དག་པ་ལ་ཡང་དག་པར་རྟོག་པ་ཞེས་བྱའོ་ཞེས་སྨོས་ཏེ། ཆོས་རྣམས་ལ་ཆོས་དང་གང་ཟག་དངོས་པོ་ཡོད་པར་ལྟ་ཞིང་། རྟག་སྐྱིད་ང་གཙང་ཕྱིན་ཅི་ལོག་ཏུ་རྟོག་པ་ནི་རྟོག་པ་ཞེས་བྱ། དེའི་གཉེན་པོ་ནི་ཕྱིན་ཅི་མ་ལོག་པའི་ཤེས་རབ་བརྩོན་འགྲུས་དང་ཏིང་ངེ་འཛིན་དང་འགྲོགས་པ་དེས་ཆོས་དང་། གང་ཟག་ལ་སོགས་པ་ཡོད་པར་རྟོག་པའི་ཕྱིན་ཅི་ལོག་སྤངས་ཏེ། སྟོང་པ་དང་། བདག་མེད་པ་ལ་སོགས་པར་ཤེས་པ་ནི་ཡང་དག་པ་ལ་ཡང་དག་པར་རྟོག་པ་ཞེས་བྱའོ། ། བརྩོན་འགྲུས་ནི། ལེ་ལོའི་གཉེན་པོ་སྟེ། དགེ་བ་ལ་སེམས་མངོན་པར་སྤྲོ་བའོ་ཞེས་སྨྲོས་ཏེ། ། ལེ་ལོ་ནི་རྣམ་པ་གཉིས་ཏེ། དམན་པ་ལ་སྦྱོར་བ་དང་། སྙོམ་ལས་སོ། ། དེ་ལ་སྲོག་གཅོད་པ་ལ་སོགས་པ་དགེ་བའི་ལས་བྱེད་པ་དག་ནི་འབད་པ་ཆེན་པོས་བརྩོན་པར་བྱེད་ཀྱང་བརྩོན་འགྲུས་མ་ཡིན་གྱི་དམན་པ་ལ་སྦྱོར་བའི་ལེ་ལོ་ཞེས་བྱའོ། ། ཉལ་བ་དང་འཕྲེས་པ་ལ་སོགས་པ་ནི་སྙོམ་ལས་ཀྱི་ལེ་ལོ་ཞེས་བྱ་སྟེ། ཆོས་ཉན་པ་དང་། སེམས་ཤིང་བསྒོམ་པ་ལ་སོགས་པ་མི་བྱེད་པའི་མཚན་ཉིད་དོ། ། དེའི་གཉེན་པོ་ནི་ཉན་པ་དང་། སེམས་པ་ནས་ས་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་ཏེ། དགེ་བའི་ཕྱོགས་གང་ཅི་བསྒྲུབ་ཀྱང་སྲོག་དང་ལུས་ལ་མི་ལྟ་ཞིང་བར་ཆད་མེད་པར་འབད་པ་ནི་དགེ་བ་སྤྲོ་བའི་བརྩོན་འགྲུས་སོ། ། ཤིན་ཏུ་སྦྱངས་པ་ནི། གནས་ངན་ལེན་གྱི་གཉེན་པོ་སྟེ། ལུས་དང་སེམས་ལས་སུ་རུང་བའོ་ཞེས་སྨྲོས་ཏེ། ལུས་ཉལ་ཞིང་འབྲེས་པར་འདོད་དང་། ཚགས་ཚིགས་མི་བདེ་ཞིང་སྙོམ་པ་དང། སེམས་ཞུམ་ཞིང་བྱིང་རྨུགས་ཀྱི་དབང་དུ་སོང་སྟེ་ལས་སུ་མི་རུང་བ་ནི་གནས་ངན་ལེན་ཞེས་བྱ་སྟེ། དེས་འཁོར་བ་དང་། ངན་སོང་གི་གནས་སུ་འགྲོ་བའི་ཕྱིརརོ། ། དེའི་གཉེན་པོ་ནི་ལུས་དལ་ཞིང་སྙོམས་པ་དང་། སྐྱོ་དུབ་མེད་པར་ཡང་ཞིང་བདེ་བ་དང་། ཞུམ་རྒོད་དང་། བྱིང་རྒོད་མེད་དེ་གསལ་ཞིང་རྩེ་གཅིག་ཏུ་འདུག་པ་སྟེ། ལུས་དང་། སེམས་དེ་ལྟར་གྱུར་པ་ནི་ལས་སུ་རུང་བ་དང་ཤིན་ཏུ་སྦྱངས་པ་ཞེས་བྱའོ། ། བག་ཡོད་པ་ནི། བག་མེད་པའི་གཉེན་པོ་སྟེ། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དེ་དག་ལ་གནས་ནས་མི་དགེ་བའི་ཆོས་སྤོང་ཞིང་དེའི་གཉེན་པོ་དགེ་བའི་ཆོས་རྣམས་ཀྱང་བསྒོམ་པའོ་ཞེས་སྨྲོས་ཏེ། བག་ཡོད་པ་ནི་འདོད་མ་ཆགས་པ་དང་། ཞེ་མི་སྡང་བ་དང་། གཏི་མི་མུག་པ་གསུམ་གྱིས་རྒྱུ་བྱས་ཤིང་བརྩོན་འགྲུས་ལ་གནས་བཅས་ནས་མི་དགེ་བའི་ཆོས་རྣམས་ལ་སེམས་ཡན་དུ་མི་གཏོང་ཞིང་ཕྱིར་ཟློག་པ་ནི་མི་དགེ་བ་སྤོང་བའོ། ། དགེ་བའི་ཆོས་བསྒོམ་པ་ནི་མོས་པས་སྤྱོད་པ་དང་། ས་དང་པོ་ལ་སོགས་པ་འཇིག་རྟེན་གྱི་དགེ་བ་དང་། འཇིག་རྟེན་ལས་འདས་པའི་དགེ་བ་དེ་དག་ནི་གཉེན་པོ་སྟེ་དེ་ལ་སེམས་ཀྱིས་ཡང་དང་ཡང་དུ་འདྲིས་པར་བྱེད་པ་ནི་བསྒོམ་པ་ཞེས་བྱའོ། ། བཏང་སྙོམས་ནི། མ་ཆགས་པ་ནས་བརྩོན་འགྲུས་ཀྱི་བར་དེ་དག་ཉིད་ལ་གནས་ཤིང་སེམས་མཉམ་པ་ཉིད་དང་། སེམས་རྣལ་དུ་འདུག་པ་ཉིད་དང་། སེམས་ལྷུན་གྱིས་གྲུབ་པ་ཡང་ཐོབ་པ་སྟེ། གང་གི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་བསལ་ཞིང་ཉོན་མོངས་པ་ཅན་མེད་པར་གནས་པའོ་ཞེས་སྨྲོས་ཏེ། བཏང་སྙོམས་རྣམ་པ་གསུམ་ལས་འདིར་ནི་འདུ་བྱེད་ཀྱི་བཏང་སྙོམས་ཏེ། དེ་ཡང་གོང་མ་བཞིན་དུ་མ་ཚོགས་པ་ལ་སོགས་པ་གསུམ་ནི་བཏང་སྙོམས་ཀྱི་རྒྱུའོ། བརྩོན་འགྲུས་ནི་བཏང་སྙོམས་ཀྱི་གནས་ཏེ། དེ་ལ་གནས་ནས་བཏང་སྙོམས་ཀྱི་ཐོག་མ་དང་། བར་མ་དང་། ཐ་མ་གསུམ་འབྱུང་ངོ་། ། དེ་ལ་ཐོག་མར་ཞུམ་རྒོད་མེད་པ་རྙེད་མ་ཐག་པ་ནི་སེམས་མཉམ་པ་ཉིད་ཅེས་བྱའོ། ། དེ་ནས་ཞུམ་རྒོད་དེ་ཕྱིར་འབྱུང་དུ་དོགས་བཞིན་དུ་གནས་པ་ནི་སེམས་རྣལ་དུ་འདུག་པ་ཞེས་བྱའོ། ། དེ་ནས་ཡུན་རིང་དུ་བསྒོམས་ཏེ་གོམས་ནས་ཞུམ་རྒོད་མི་འབྱུང་ཞིང་དོགས་པ་མེད་པར་གནས་པ་ནི་ལྷུན་གྱིས་གྲུབ་པ་ཞེས་བྱ་སྟེ། བཏང་སྙོམས་ཀྱི་རང་བཞིན་དེ་ལྟ་བུ་ཐོབ་པའི་གང་ཟག་ནི་འདོད་ཆགས་ལ་སོགས་པའི་སེམས་སྐྱེ་མི་སྲིད་དེ། དེ་མི་འབྱུང་བ་ནི་ཉོན་མོངས་པ་བསལ་བ་ཞེས་བྱ་སྟེ། དེ་ལྟར་སེམས་དག་པར་བསམ་གཏན་ལ་གནས་ན་ཉོན་མོངས་པ་མེད་པར་གནས་པ་ཡང་དེ་ཉིད་ཡིན་ནོ། ། རྣམ་པར་མི་འཚེ་བ་ནི། རྣམ་པར་འཚེ་བའི་གཉེན་པོ་ཞེས་བྱ་སྟེ་སྙིང་རྗེ་བའོ་ཞེས་སྨོས་ཏེ། གསོད་ཕྱུགས་དང་། རྡེག་འཚོག་ལ་སོགས་པ་གནོད་པ་སྣ་ཚོགས་བྱེད་པ་རྣམ་པར་འཚེ་བའོ། ། དེའི་གཉེན་པོ་ནི་སྙིང་རྗེ་སྟེ། དེ་ཡོད་ན་བདག་གི་སྲོག་ལུས་ཀྱང་ཕངས་པ་མེད་པར་སེམས་ཅན་གྱི་ཕྱིར་གཏོང་ན། གནོད་པ་མི་བྱ་བ་ལྟ་ཅི་སྨོས་ཏེ་སེམས་ཅན་ལ་ཐོ་མི་འཚམས་པའི་ཕྱིར་རོ། །

Tibetan Source 《དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་》ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number